བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།

文摘   2024-10-29 17:08   青海  

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་པོར་འཐུས་ཚང་དུ་བཏང་ནས་མཛའ་མཐུན་རྣམ་པའི་བུ་བཙའི་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》པར་འགྲེམས་བྱས། 
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་མགྱོགས་པོར་འཐུས་ཚང་དུ་བཏང་ནས་མཛའ་མཐུན་རྣམ་པའི་བུ་བཙའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པའི་སྐོར་གྱི་བྱེད་ཐབས་འགའ》(གཤམ་དུ《བྱེད་ཐབས་འགའ》ཅེས་བསྡུ་རྒྱུ)པར་འགྲེམས་བྱས། 
《བྱེད་ཐབས་འགའ》ཡི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས།  མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་། འཕྲོད་བསྟེན། སྣེ་ཁྲིད་བཅས་བྱས་ཏེ།  བུ་བཙའ་རྒྱབ་སྐྱོར་གྱི་སྲིད་ཇུས་མ་ལག་དང་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དང་།  མི་ཚོགས་ཡོངས་དང་ཚེ་ཚད་ཧྲིལ་པོར་ཁྱབ་པའི་མི་འབོར་གྱི་ཞབས་ཞུ་མ་ལག་འཐུས་ཚང་།  བུ་བཙའ་དང་།   གཉོར་སྐྱོང་།  སློབ་གསོ་བཅས་ཀྱི་མ་གནས་ཇེ་དམའ་རུ་གཏང་བ།  སྤྱི་ཚོགས་ཡོངས་ཀྱིས་བུ་བཙའི་ཆུ་ཚད་ལ་བརྩི་འཇོག་དང་བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་པ། བུ་བཙའི་ཆུ་ཚད་འོས་འཚམ་མངོན་འགྱུར་ཡོང་བར་སྐུལ་འདེད་དང་མི་འབོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བསྟན།     
《བྱེད་ཐབས་འགའ》ཡིས་ཕྱོགས་བཞི་ནས་བུ་བཙའ་ལ་རྒྱབ་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ།     
གཅིག་ནས་བུ་བཙའི་ཞབས་ཞུར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།  བུ་བཙའི་འགན་སྲུང་འགན་སྲུང་བྱེད་ནུས་ཇེ་ཆེར་བཏང་སྟེ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་སྟབས་བསྟུན་ལས་ཞུགས་མི་སྣ་དང་།  ཞིང་པ་ལས་མི།    ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་བུ་བཙའི་འགན་སྲུང་ནང་འཇུག་པར་ཁྲིད་སྟོན་བྱེད་དགོས།  བུ་བཙའི་ངལ་གསོ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།    བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བུ་བཙའི་ངལ་གསོ་དང་།  བུ་བཙའི་བྱ་དགའ་ངལ་གསོ།  བཙའ་རྗེས་གཉོར་སྐྱོང་ངལ་གསོ། བྱིས་པ་གཉོར་སྐྱོང་ངལ་གསོ་སོགས་བུ་བཙའི་ངལ་གསོ་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱ་དགོས། བུ་བཙའི་ཁ་གསབ་ལམ་ལུགས་བཙུགས་ཏེ། ས་གནས་ཀྱིས་སྲིད་ཇུས་འབྲེལ་མཐུད་ཡག་པོར་ཁྲིད་སྟོན་བྱས་ནས་ལག་བསྟར་ཧུར་ཐག་དང་བརྟན་པོའི་ཡོང་བར་་དམ་འཛིན་ལེགས་པོ་བྱ་དགོས།  སྐྱེ་འཕེལ་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཏེ། ཕྲུ་གུ་སྐྱེ་བའི་ཟུག་གཅོག་དང་དེ་བཞིན་སྐྱེ་འཕེལ་རམ་འདེགས་ཀྱི་ལག་རྩལ་རྣམ་གྲངས་བཅས་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་དགོས།
གཉིས་ནས་བྱིས་གཉོར་ཞབས་ཞུའི་མ་ལག་འཛུགས་པར་ཤུགས་སྣོན་བྱེད་དགོས། བྱིས་པའི་སྨན་བཅོས་ཞབས་ཞུ་ཆུ་ཚད་ཇེ་མཐོར་བཏང་སྟེ། དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་བྱིས་པའི་སྨན་སྤྱོད་སྐབས་གོ་རིམ་ལྟར་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་དགོས།   ཀུན་ཕན་དང་བྱིས་གཉོར་ཞབས་ཞུ་མཁོ་སྤྲོད་ཇེ་མང་དུ་བཏང་སྟེ། སྔོན་ལ་བྱིས་གཉོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་དགོས།  སྡེ་ཁུལ་གྱི་སྐོང་འགུག་ཅན་གྱི་བྱིས་གཉོར་འཕེལ་རྒྱས་ལ་ཤུགས་བསྣན་ཏེ།  མི་སྤྱོད་ལས་ཁུངས་ཀྱི་བྱིས་གཉོར་ཁང་འཛུགས་པ་དང་ཁྱིམ་ཚང་གི་བྱིས་གཉོར་ཁང་སོགས་ཀྱི་རྣམ་པ་སྣ་མང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་དང་།  བྱིས་གཉོར་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་ཤུགས་འདོན་དགོས། ཀུན་ཕན་དང་བུ་བཅོལ་ཁང་གི་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀུན་ཕན་དང་བུ་བཅོལ་ཁང་གི་གཉོར་སྐྱོང་སྒྲིག་གཞིར་ལས་གཉེར་གྱི་ཁ་གསབ་འོས་འཚམ་སྤྲོད་པར་སྐུལ་མ་བཏང་ནས་བྱིས་པ་འཕེལ་རྒྱས་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས།    
གསུམ་ནས་སློབ་གསོ་དང་། སྡོད་ཁང་།  ལས་ཞུགས་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས།  སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ། སློབ་གྲྭ་འབྲིང་ཆུང་གིས་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུ་དང་སྤྱི་ཚོགས་ལག་ལེན་རྣམ་གྲངས་ཧུར་ཐག་སྤེལ་བར་རྒྱབ་སྐྱོར་བྱ་བ་དང་། ས་གནས་ཁག་གིས་ཕྲུ་གུ་མང་པོ་ཅན་གྱི་ཕྲུ་གུ་རྣམས་སློབ་གྲྭ་གཅིག་ནང་སློབ་སྦྱོང་བྱེད་པའི་ལག་བསྟར་བྱ་ཐབས་ཞིབ་ཕྲ་འདོན་པར་སྐུལ་མ་གཏོང་དགོས།   སྡོད་ཁང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་ཤུགས་བསྣན་ཏེ་།    ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཕྲུ་གུ་མང་བའི་ཁྱིམ་ཚང་གི་ཁང་པ་ཉོ་སྒྲུབ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པར་བསྔགས་སྐུལ་བྱ་དགོས།     ལས་བཟོ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ།  མི་སྤྱོད་ལས་ཁུངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྟབས་བསྟུན་གྱིས་ལས་ཚོགས་སུ་ཞུགས་པ་དང་ལས་ཚོགས་གྲོལ་པ་དང་།    ཁྱིམ་ནས་བྱ་བ་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱོད་པར་བསྔགས་སྐུལ་བྱས་ཏེ་ཁྱིམ་ཚང་མཛའ་མཐུན་ཡོང་བར་ཁོར་ཡུག་བསྐྲུན་དགོས།  
བཞི་ནས་བུ་བཙའི་མཛའ་མཐུན་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས།  གཉེན་སྒྲིག་དང་བུ་བཙའི་རིག་གནས་གསར་པ་ཧུར་ཐག་སྐྲུན་ཏེ། ཡང་དག་པའི་གཉེན་སྒྲིག་གི་ལྟ་བ་དང་། བུ་བཙའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས།  སྤྱི་ཚོགས་ཀྱི་དྲིལ་སྒྲོག་དང་དར་སྤེལ་ལ་ཤུགས་བསྣན་ཏེ། མི་འབོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དྲིལ་སྒྲོག་སློབ་གསོའི་ཆེད་དོན་བྱེད་སྒོ་སྤེལ་དགོས།  མི་འབོར་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཇུས་སློབ་གསོར་ཤུགས་སྣོན་བརྒྱབ་ཏེ། འབྲེལ་ཡོད་ནང་དོན་སློབ་གྲྭ་ཆུང་འབྲིང་དང་།  དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གསོར་འཇུག་དགོས།    
《བྱེད་ཐབས་འགའ》ཡི་ནང་ས་ཁུལ་ཁག་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ཆབ་སྲིད་ཀྱི་གནས་བབ་ཇེ་མཐོར་ཏན་ཏིག་བཏང་སྟེ།  དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་དང་། བྱེད་ཐབས་དངོས་ལག་བསྟར་དང་ལེགས་སྒྱུར། ཞིབ་ཕྲ་བཅས་སུ་བཏང་ནས་སྲིད་གཞུང་དང་། མི་སྤྱོད་ལས་ཁུངས། མི་སྒེར་སོགས་ཕྱོགས་མང་གི་འགན་འཁྲི་ལག་བསྟར་བྱས་པ་ལ་བརྟེན་ནས་་བུ་བཙའ་རྒྱབ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་དོ། །    

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། གཡང་སྐྱིད།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章