《བརླན་ས་སྲུང་སྐྱོང་འཆར་འགོད(2024ལོ་ནས2030ལོ་བར)》པར་འགྲེམས་བྱས།

文摘   2024-11-19 17:29   青海  

  ཟླ11ཚེས18ཉིན་གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་སྲིད་གཞུང་གི་མོས་མཐུན་བརྒྱུད་ཉེ་ཆར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་འཆར་འགོད(2024ལོ་ནས་2030ལོ་བར)》པར་འགྲེམས་བྱས་པ་རེད། 《འཆར་འགོད》དེར་ཁྱོན་ལེའུ་ལྔ་དང་ས་བཅད་ཉི་ཤུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་ཐོན་ཁུངས་ཁྱབ་ཚུལ་དང་དེ་བཞིན་ཁྱད་ཆོས་ལ་གཞིར་བཟུང་སྟེ། མིག་སྔར་གནས་པའི་གནད་དོན་དང་། གོ་སྐབས། འགྲན་སློང་བཅས་ལ་དབྱེ་ཞིབ་དང་བརྡར་གཅོད་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུད། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འཐབ་ཇུས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་ས་ཁོངས་གལ་ཆེན་གྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་མངོན་གསལ་ཡོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོ་ལ་ཕྱོགས་སྟོན་གལ་ཆེན་ཞིག་མཁོ་འདོན་བྱ་རྒྱུ་རེད།
  ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་བརྟག་དཔྱད་ཐེངས་གསུམ་པ་དང2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ས་ཞིང་འགྱུར་ལྡོག་བརྟག་དཔྱད་བྱས་འབྲས་ལས། མཚོ་སྔོན་ཞིང་ཆེན་གྱི་བརླན་ས་མུའུ་དུང་ཕྱུར1.07ཟིན་པ་དེས་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ལ། དེའི་ནང་སྐམ་སའི་དབུས་ཁུལ་གྱི་གྲམ་ཐང་དང་། བརླན་ས། ནགས་ཚལ་ན་འདམ་བཅས་ཚུད་ཡོད་པ་རེད། དེ་བཞིན་གཙང་པོའི་ཆུ་ངོས་དང་། མཚེའུའི་ཆུ་ངོས། ཆུ་མཛོད་ཀྱི་ཆུ་ངོས། དོང་རྫིང་གི་ཆུ་ངོས(གསོ་སྤེལ་གྱི་ཆུ་ངོས་ཚུད་མེད)ཆུ་ཡུར་བཅས་རིགས9ཚུད་ཡོད་པ་བཀོད་འདུག །《འཆར་འགོད》ནང་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ། ཚྭ་འདམ་གཤོངས་ས། རྨ་ཆུ་དང་ཙོང་ཁའི་རོང་ས་བཅས་བར་མཐོངས་ཀྱི་བཀོད་སྒྲིག་རྨང་གཞིར་བྱས་ཤིང་། སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་ཆུ་འགོར་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་དམིགས་ཚད་དུ་བཟུང་སྟེ། སླད་ཕྱིན་དུས་སྐབས་ཤིག་རིང་ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོང་གི་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད་པ་རེད། 2030ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་རྒྱལ་སྤྱིའི་བརླན་ས་གལ་ཆེན5དང་། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན6། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན35བཅས་ལ་བསླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་བརླན་སའི་ཐོན་ཁུངས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཐུབ་པ། བརླན་ས་ཉམས་ཞན་ལ་ཚན་རིག་དང་མཐུན་པའི་མ་ལག་སླར་གསོ་ཐུབ་པ། བརླན་སའི་སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་འཚོ་ཁུལ་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། ཕན་ནུས་ཆེ་བའི་ཉམས་གསོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན།《འཆར་འགོད》ནང་བརླན་ས་དོ་དམ་ནན་པོ་དང་། བརླན་ས་སྲུང་སྐྱོང་ལ་ཤུགས་སྣོན། བརླན་ས་ཉམས་གསོ་ལ་སྐུལ་འདེད། བརླན་སར་ལྟ་ཞིབ་ཚད་ལེན། བེད་སྤྱོད་ལུགས་མཐུན། ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བརླན་ས་སྲུང་སྐྱོང་དང་ཉམས་གསོའི་ལས་འགན་གཙོ་བོ་ཁག6བཏོན་པ་དང་། བརླན་སའི་རྒྱ་ཁྱོན་གྱི་སྤྱི་འབོར་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ཏེ། བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་ཚང་དང་། ཁུལ་དབྱེ་ཇུས་བསྟར་གྱིས་ས་ཁོངས་ཀྱི་བརླན་སའི་སྣོད་བཅུད་སླར་གསོར་སྐུལ་འདེད། བརླན་སའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་གྱི་དྲ་བ་གསར་འཛུགས། མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་ལ་བཟོ་བཅོས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོང་སླར་གསོར་ཁྱོན་ཡོངས་ནས་སྐུལ་འདེད་དང་། བརླན་སའི་སྣོད་བཅུད་ནུས་པ་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་སྐོར་ཡང་བཏོན་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཁོན་ཐར་འཚོ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章