ཟླ10པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན། ན་ནིང་ནས་བཟུང་། མཚོ་སྔོན་ཞིང་ཆེན་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ཀྱི་ཞིང་ཁུལ་དུ་ཁྱབ་གདལ་གཏོང་བར་འཚམ་པའི་ནོར་ནག་གི“དཔྱིད་འདེབས་དགུན་གསོའི”རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། རྨོ་ཞིང་ཁག་ཅིག་དགུན་དུས་སུ“སོག་ཤུལ་དང་གཟན་རྩྭ་ཟུང་དུ་འབྲེལ་ནས“ནོར་ནག་གསོ་སྤེལ་བྱས་ཤིང་། དཔྱིད་དུས་སུ་ཞིང་ནང་གི་སྐྱེ་དངོས་སླར་གསོ་བྱས་ཏེ་གསོ་ཚགས་དང་འདེབས་འཛུགས་ཀྱི་དུས་ཚོད་དང་བར་མཐོངས་ཐད་ཕན་ཚུན་གསབ་རེས་བྱས།“ས་གཅིག་ཉིས་སྤྱོད”ལེགས་འགྲུབ་བྱུང་བ་དང་། འདེབས་གསོ་ཕན་ཚུན་སྐུལ་རེས་དང་ཐོན་འཕར་འབབ་འཕར་བཅས་ཀྱི་ཕན་འབྲས་བཟང་པོ་མངོན་འགྱུར་བྱུང་ཡོད།
2023ལོའི་ལོ་མཇུག་ཏུ། ཞིང་ཆེན་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་རྫོང5ཡི་ནོར་ནག་གསོ་སྤེལ་དཔེ་སྟོན་དུད་ཚང19བདམས་ཏེ། མ་དངུལ་སྒོར་ཁྲི250བཏང་ནས་ནོར་ནག་གི་དགུན་དུས་རྒྱགས་གསོའི་ཚད་ལྡན་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་རེད། རྣམ་གྲངས་ལག་བསྟར་བརྒྱུད། ནོར་ནག་གསོ་སྤེལ་མཁན་དུད་ཚང19ཡིས་མུའུ47.69(མུའུ1≈སྤྱི་ཆིང0.0667ཡོད་པ)སྤྱད་དེ་དགུན་ཁའི་སོག་ཤུལ་དུ་ཟོག་ར་བསྐོར་ནས་གནས་སྐབས་གསོ་ཚགས་བྱ་ཡུལ་དུ་བྱས་པ་དང་། དགུན་དུས་ནོར་ནག3231ལ་རྒྱགས་གསོ་བྱས་པར་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི211.1ཡོད་པ་རེད།
ད་ལོའི་དཔྱིད་དུས་སུ། གནས་སྐབས་གསོ་ཚགས་ས་ཆར་བརྟེན་ནས་མ་རྨོས་ལོ་ཏོག་དང་། ཡུག་པོ། གྲོ་སོགས་སྐྱེ་དངོས་འདེབས་འཛུགས་བྱས་པས་འདེབས་འཛུགས་ཐོན་འབབ་དེ་སྔར་ལས13.8%འཕར་བ་མ་ཟད། གསོ་ཚགས་ཐད“ས་ཆ་སྤྱོད་དཀའ་བའི”གནད་དོན་ཡང་ཐག་གཅོད་ནུས་ལྡན་ཐུབ་པ་རེད། དེ་དང་ཆབས་ཅིག་ཏུ། ཕྱོགས་བསྡུས་ཕན་འབྲས་སྔར་ལས་ཆེ་རུ་གཏོང་ཆེད། ནོར་ནག་གསོ་སྤེལ་དུད་ཚང19ཡིས་ནོར་ནག་གི་གཅིན་སྐྱག་དེ་རང་བྱུང་སྐྱེ་ལྡན་ལུད་དུ་བྱས་ནས་ཡུག་པོ་དང་། མ་རྨོས་ལོ་ཏོག ནས། གྲོ པད་ཁ་སོགས་ཞིང་ལས་སྐྱེ་དངོས་མུའུ809.6འདེབས་འཛུགས་བྱས་པས་རྫས་ལུད་སྤྱོད་ཚད་ལོ་གོང་མ་ལས50%ཇེ་ཉུང་དུ་ཕྱིན་པ་དང་། ཐོན་ཚད17%ལྷག་འཕར་བ་རེད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།