རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཐད་སྒོར་དུང་ཕྱུར9.94སྤྲད།

文摘   2024-11-06 17:26   青海  

ད་ལོར་མཚོ་སྔོན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཐད་ཆེད་དོན་མ་དངུལ་ཁྱོན་སྒོར་དུང་ཕྱུར9.94སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་རླུང་ཁམས་ཆེན་མོའི་ཁོར་ཡུག་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་ཅན་ཀྲང་གིས་ངོ་སྤྲོད་བྱེད་དོན། “ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ་གཤམ་སྤྲོད་བྱས་པའི2024ལོ་འཁོར་གྱི་ཁག་གསུམ་པའི་ཆེད་དོན་མ་དངུལ་སྒོར་ཁྲི5608.64དོན་འཁྱོལ་བྱུང་བ་དང་སྦྲགས། ད་ལོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་ཁྱོན་སྒོར་དུང་ཕྱུར9.94གཤམ་སྤྲོད་བྱས་ཤིང་། རང་ཞིང་གི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་སྲིད་ཇུས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ བཟོ་ལས་ཁེ་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཕན་བཏགས་ཞེས་ཟེར།
ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ཏེ། སྲིད་ཇུས་རྣམ་གྲངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་བསྐྱེད་དང་། བཟོ་ལས་ཁེ་ལས་ཀྱིས་སྒྲིག་ཆས་གསར་བརྗེ། ལག་རྩལ་སྒྱུར་བཀོད། བཅོས་སྒྲིག་རིམ་སྤོར་བཅས་བྱས་ཏེ་རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱིར་འབུད་ཉུང་གཏོང་དང་མཁའ་དབུགས་སྲུང་སྐྱོང་གི་དམག་འཐབ་མུ་མཐུད་དུ་རྒྱག་པར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་གཤམ་སྤྲོད་བྱས་པའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར9.94ཡིས་བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་སུ་དྭངས་གཙང་དྲོད་ལེན་དང་། བཟོ་ལས་དང་ཁེ་ལས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྒྲིག་གཏིང་ཟབ། རྡོ་སོལ་ཁྲོ་ཐབ་ཀྱི་དྭངས་གཙང་ནུས་རྒྱུའི་ཚབ་བྱེད་དང་ཏན་ཉུང་སྒྱུར་བཀོད་སོགས་རྣམ་གྲངས23ལག་ལེན་བསྟར་ཏེ། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་གཙོ་གནད་བཟོ་ལས་དང་ཁེ་ལས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྒྲིག་ཆས་རིམ་འཇུག་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ས་ཁོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་། 
དེ་དང་ཆབས་ཅིག་ཏུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྲིད་ཇུས་དང་བྱེད་ཐབས་ཀྱི་འགན་ལེན་ལ་སྔར་ལས་ཤུགས་བསྣན་ཏེ།  ཁོར་ཡུག་དཔྱད་དཔོག་དང་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་སོགས་བརྒྱུད།  ཁེ་ལས་ཀྱིས་ལྗང་མདོག་ཐཱན་ཉུང་ཐོན་ལས་དང་ལྗང་མདོག་མཁོ་སྤྲོད་འབྲེལ་ཐག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ངར་ལྕགས་དང་འཛུགས་སྐྲུན་རྒྱུ་ཆ་སོགས་གཙོ་གནད་ལས་རིགས་ལ་བཙོག་འབུད་ཉུང་གཏོང་གི་སྒྱུར་བཀོད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད། རོགས་སྐྱོར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་རྣམ་གྲངས་རེ་ཞུའི་ཕྱོགས་སྟོན་དང་མཛོད་འཇུག་བརྒྱུད་རིམ་སོགས་གསལ་འགྲེལ་བྱེད་པ། ལས་རིགས་ཀྱི་ཆེད་མཁས་པ་གདན་དྲངས་ཏེ་ཁེ་ལས་ལ་གནས་པའི་ཁོར་ཡུག་གི་གནད་དོན་དང་སྦགས་བཙོག་འགོག་བཅོས་ཀྱི་ཞན་ཆ་གསེད་བཀྲོལ་བྱེད་རོགས་དང་རེ་ཞུའི་རྣམ་གྲངས་ཇུས་འགོད་བྱ་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། རྣམ་གྲངས་འདུན་ཞུའི་ཞིབ་བཤེར་ཁྲིད་སྟོན་ལ་ཤུགས་བསྣན་ནས་འདུན་ཞུའི་རྣམ་གྲངས་ཀྱི་གྲངས་འབོར་དང་སྤུས་ཚད་མཐོ་རུ་བཏང་བ་རེད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁ་གསབ་ཀྱི་རྣམ་པའི་ཐོག་ནས་བཟོ་ལས་དང་ཁེ་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་སྒྲིག་ཆས་རིགས་ཀྱི་རྣམ་གྲངས་ཁྱོན13རིམ་སྤོར་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར7.7བཏང་བ་དང་། སྤྱི་ཚོགས་ཀྱི་མ་འཇོག་སྒོར་དུང་ཕྱུར5.6ཟིན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་ཚུན་སྐུལ་འདེད་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་། རྣམ་གྲངས་ལག་ལེན་བསྟར་རྗེས་སྔོན་དཔག་བྱས་ན། ལོ་ལྟར་ཏན་དབྱང་འགྱུར་རྫས་ཏུན3244དང་། དབྱང་གཉིས་མུ་ཟི་འགྱུར་རྫས་ཏུན6378། རིལ་བུ་ཏུན1948བཅས་ཇེ་ཉུང་དུ་བཏང་བ་དང་། ས་ཁོངས་ཀྱི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་སྤྱི་འབོར་ནུས་ལྡན་ངང་ཇེ་ཉུང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགན་ལེན་ལ་ཁོར་ཡུག་གི་འདེགས་སྐྱོར་མཁོ་འདོན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། གཡང་སྐྱིད།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章