གཏམ་བཟང་། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་རོགས་དངུལ་ཡར་གཏད་འདུག

文摘   2024-10-30 17:41   青海  

  ཚེས29ཉིན། ནོར་སྲིད་པུའུ་དང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་བརྡ་ཐོ་བཏང་ནས། མཐོ་རིམ་སློབ་གསོའི་དུས་རིམ་དང་མཐོ་འབྲིང་དུས་རིམ་ནང་དུ་རྒྱལ་ཁབ་ཀྱིས་སྦྱངས་འབྲས་ལེགས་ཐོན་ལ་གནང་བའི་བྱ་དགའ་འམ་སློབ་གཉེར་རོགས་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ཡོད་ལ། དེར་བྱེ་བྲག་གི་སྲིད་ཇུས་གང་དག་ཡོད་ཅེ་ན། 
  མཐོ་རིམ་སློབ་གསོའི་དུས་རིམ་དུ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གནང་བྱའི་མི་གྲངས་ཇེ་མང་དུ་བཏང་ཡོད་པ་མ་ཟད། སྦྱངས་འབྲས་ལེགས་ཐོན་དང་སློབ་གཉེར་རོགས་དངུལ་གྱི་ཚད་གཞི་ཡང་ཇེ་མཐོར་བཏང་འདུག 
  གཅིག དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་ཕྱོགས་ནས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་གནང་བྱའི་མི་གྲངས་ཇེ་མང་དུ་བཏང་བར་མ་ཟད་བྱ་དགའི་ཚད་གཞི་ཡང་ཇེ་མཐོར་བཏང་ཡོད་པ་ནི། 2024ལོ་ནས་བཟུང་། བྱ་དགའ་དེ་གནང་བྱའི་དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་མི་གྲངས་ལོ་རེར་སློབ་མ་ཁྲི6རེ་ནས་ཁྲི12རུ་བཏང་བ་དང་། བྱ་དགའི་ཚད་གཞི་ཡང་དེ་སྔའི་སློབ་མ་རེར་ལོ་རེར་སྒོར8000རེ་ནས་སྒོར10000རེ་ལ་བསྒྱུར་འདུག
  གཉིས། ཞིབ་འཇུག་སློབ་མའི་ཕྱོགས་ནས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་གནང་བྱའི་མི་གྲངས་ཇེ་མང་དུ་བཏང་བ་ནི། 2024ལོ་ནས་བཟུང་། ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་གནང་བྱའི་མི་གྲངས་དེ་སྔ་ལོ་རེར་ཁྲི4.5ཡོད་པ་ཁྲི9རུ་བཏང་། དེའི་ལས་རབ་འབྱམས་པ་ཁྲི3.5ནས་ཁྲི7རུ་བཏང་བ་དང་། འབུམ་རམས་པའི་སློབ་མ་ཁྲི1ནས་ཁྲི2རུ་བསྒྱུར་ཡོད་པ་རེད། 
  གསུམ། དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་ཕྱོགས་ནས་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་མཐོ་རུ་བཏང་ཡོད་དེ། 2024ལོ་ནས་བཟུང་། དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་གནང་བའི་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་དེ་དེ་སྔ་སློབ་མ་རེར་ལོ་རེར་སྒོར5000རེ་ཡོད་པ་ཇེ་མང་དུ་བཏང་ནས་སྒོར6000ལ་བསྒྱུར།
  བཞི། དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་ཕྱོགས་ནས་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་གྱི་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་བཏང་བ་ནི། 2024ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་། དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར(དེའི་ནང་གྲ་སྒྲིག་འཛིན་གྲྭའི་སློབ་མ་འདུ་བ་ལས། རུ་འཁྱེར་དམག་མིའི་སློབ་མ་མི་འདུའོ། །)གནང་བྱའི་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་གྱི་ཆ་སྙོམས་རོགས་སྐྱོར་ཚད་གཞི་དེ་སྔ་སློབ་མ་རེར་ལོ་རེར་སྒོར3300རེ་ཡོད་པ་ཇེ་མང་དུ་བཏང་ནས་སྒོར3700ཡོད་པ་རེད། ཞིབ་ཕྲའི་ཚད་གཞི་དེ་མཐོ་རིམ་སློབ་གྲྭས་སློབ་མ་རེར་ལོ་རེར་སྒོར2500ནས5000ཡི་ཁྱབ་ཁོངས་ནང་རང་བདག་གིས་གཏན་འཁེལ་བྱས་ཆོག་ལ། དེ་རིམ་པ་གཉིས་ནས་གསུམ་བར་ཕྱེས་ཆོག ། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་རུ་འཁྱེར་དམག་མིའི་སློབ་མ་ཚང་མས་དངོས་གཞི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མར་ཡོད་པའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་དེ་ལོངས་སུ་སྤྱད་ཆོག་པ་དང་། རོགས་དངུལ་སྤྲོད་པའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར3300ཡོད་པ་ཇེ་མང་དུ་བཏང་ནས་སློབ་མ་རེར་སྒོར3700རེ་གནང་རྒྱུ་རེད།
  ལྔ། ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྒྱབ་སྐྱོར་ཚད་གཞི་མཐོ་རུ་བཏང་བ་ནི། 2025ལོ་ནས་བཟུང་། ཀྲུང་དབྱང་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དེའི་ནང་རབ་འབྱམས་སློབ་མ་རེར་ལོ་རེར་སྒོར8000རེ་ཡོད་པ་ཡང་སྒོར10000རེ་ལ་བསྒྱུར་བ་དང་། འབུམ་རམས་སློབ་མ་རེར་ལོ་རེར་སྒོར10000རེ་ཡོད་པ་དེ་ཡང་ཇེ་མང་དུ་བཏང་ནས་སྒོར12000རུ་བསྒྱུར་ཡོད་པ་རེད། ཀྲུང་དབྱང་མཐོ་རིམ་སློབ་གྲྭས་ཞིབ་འཇུག་སློབ་མའི་སྦྱངས་འབྲས་དང་། ཚན་ཞིབ་ཀྱི་གྲུབ་འབྲས། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་ཁྱབ་རྒྱ་དང་། རིམ་པ། བྱ་དགའི་ཚད་གཞི(རིམ་པ་དབྱེ་ནས་བྱ་དགའི་ཚད་གཞི་བཟོ་ཆོག)བཅས་གཏན་འཁེལ་བྱ་རྒྱུ་མ་ཟད། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱས་ཏེ་རབ་འབྱམས་པ་རེར་ལོ་རེར་སྒོར20000དང་། འབུམ་རམས་སློབ་མ་རེར་ལོ་རེར་སྒོར30000ལས་མི་བརྒལ་བ་གནང་རྒྱུ་རེད། དེ་ཡང་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་བགོ་བཤའ་རྒྱག་སྐབས་གཙོ་བོ་རྨང་གཞིའི་རིག་ཚན་དང་རྒྱལ་ཁབ་ལ་ཉེ་བར་མཁོ་བའི་རིག་ཚན(ཆེད་ལས་དང་ཁ་ཕྱོགས)དང་། རྩེར་སོན་གསར་གཏོད་པ་དང་ཉེ་བར་མཁོ་ལ་ཤིན་ཏུ་དཀོན་པའི་ཤེས་ལྡན་པ། རིག་གཞུང་རྣམ་པའི་ཞིབ་འཇུག་སློབ་མ་བཅས་ལ་ཕྱོགས་དགོས། ས་གནས་སོ་སོས་ཐེངས་འདིའི་ལེགས་སྒྲིག་དགོངས་དོན་ལ་གཞིགས་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་ནོར་སྲིད་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།
  མཐོ་འབྲིང་དུས་རིམ་གྱི་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་སྤྲོད་པའི་ཚད་གཞི་ཇེ་མཐོར་གཏང་བ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་གྱི་ཁེབས་རྒྱ་ཇེ་ཆེར་གཏང་རྒྱུ་སྟེ། 
  གཅིག མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏང་རྒྱུ། དེ་ཡང་2025ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པ་ནས་བཟུང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་གྱི་ཆ་སྙོམས་ཚད་གཞི་དེ་སྔ་སློབ་མ་རེར་ལོ་རེར་སྒོར2000རེ་ཡོད་པ་སྒོར2300རུ་བསྒྱུར་རྒྱུ་ཡིན་ཞིང་། ཞིབ་ཕྲའི་ཚད་གཞི་དེ་ས་གནས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒོར1200ནས3500ཡི་ཁྱབ་ཁོངས་ནང་གཏན་འཁེལ་བྱ་དགོས་ལ། རིམ་པ་གཉིས་ནས་གསུམ་བར་ཕྱེས་ནས་གནང་འཁེལ་བྱ་ཆོག
  གཉིས། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་གཉེར་རོགས་དངུལ་གྱི་ཁེབས་རྒྱ་ཇེ་ཆེར་གཏང་རྒྱུ་མ་ཟད། རོགས་དངུལ་སྤྲོད་པའི་ཚད་གཞི་ཡང་ཇེ་མཐོར་གཏང་རྒྱུ་སྟེ། 2025ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པ་ནས་བཟུང་། འབྲིང་རིམ་ལས་རིགས་སློབ་གྲྭའི(ལག་རྩལ་སློབ་གླིང་ཚུད་པ)ཉིན་གང་ལམ་ལུགས་ཀྱི་སློབ་རྒྱུས་སློབ་གསོའི་དངོས་གཞིའི་སློབ་ཁོངས་ཀྱི་ལོ་རིམ་གསུམ་པའི་ཞིང་འབྲེལ་ཆེད་ལས་ཀྱི་སློབ་མ་དང་ཞིང་འབྲེལ་མིན་པའི་ཆེད་ལས་ཀྱི་སློབ་མ་གང་དེའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་དག་རྒྱལ་ཁབ་ཀྱི་སློབ་རོགས་མ་དངུལ་གྱི་རོགས་སྐྱོར་ཁྱབ་ཁོངས་ནང་འཇུག་རྒྱུ། ལིའུ་ཕན་ཧྲན་རི་ཁུལ་སོགས་དེ་སྔའི་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ11དང་། བོད་ལྗོངས། ཞིང་ཆེན་བཞིའི་བོད་རིགས་དང་འབྲེལ་བ་ཡོད་པའི་ཁུལ་དང་རྫོང་། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཁུལ་བཞི་བཅས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་ལོ་རིམ་གསུམ་པའི་གྲོང་གསེབ་སློབ་མ(རྫོང་གྲོང་ཚུད་མེད་པ)ཡོངས་རྒྱལ་ཁབ་ཀྱི་རོགས་སྐྱོར་ཁྱབ་ཁོངས་ནང་འཇུག་རྒྱུ། ཆ་སྙོམས་ཀྱི་རོགས་དངུལ་ཚད་གཞི་དེ་སྔ་སློབ་མ་རེར་ལོ་རེར་སྒོར2000རེ་ཡོད་པ་སྒོར2300རུ་བསྒྱུར། ཞིབ་ཕྲའི་ཚད་གཞི་དེ་ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྒོར1200ནས3500ཡི་ཁྱབ་ཁོངས་ནང་གཏན་འཁེལ་བྱ་རྒྱུ་དང་། རིམ་པ་གཉིས་ནས་གསུམ་བར་ཕྱེ་ནས་གཏན་འཁེལ་བྱས་ཆོག །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章