ཟླ11པའི་ཚེས1ཉིན་ནས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་འགོ་ཚུགས།

文摘   2024-10-24 17:33   青海  

  ཟླ10པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། 2025ལོའི་རང་ཞིང་གི་མཐོ་རྒྱུགས་སློབ་མའི་མིང་ཐོ་འགོད་པའི་ལས་དོན་དེ2024ལོའི་ཟླ11པའི་ཚེས1ཉིན་ནས་འགོ་འཛུགས་རྒྱུ་དང་། ཟླ11པའི་ཚེས15ཉིན་མཇུག་འགྲིལ་རྒྱུ(ཞིང་ཆེན་གཞན་དུ་སློབ་གྲྭར་སྐྱོད་པའི་རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་པ་ཚུད)རེད། 2025ལོའི་མཐོ་སློབ་ཀྱི་རྒྱུགས་སྤྲོད་སློབ་བསྡུའི་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མ་དང་། དེའི་ནང་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན(སྤྱིར་བཏང་རིགས་དང་། སྒྱུ་རྩལ་རིགས། ལུས་རྩལ་རིགས་བཅས་ཚུད)དང་། ཞིང་ཆེན་ཕྱི་ནང་གི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་རིགས་དབྱེའི་རྒྱུགས་ལེན། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་ཆེད་སྦྱོང་དངོས་འཕར་རྒྱུགས་ལེན། རྨང་བརྟན་འཆར་གཞི། འོས་སྐྱེལ་སློབ་མ། ལོ་ཆུང་འཛིན་གྲྭ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་སློབ་བསྡུ། ལུས་རྩལ་སྦྱོང་བརྡར། དྲག་རྩལ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ཆེད་ལས་སློབ་བསྡུ། ཞིང་ཆེན་ཕྱིའི་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ལོགས་སུ་བསྡུ་བ། དེ་བཞིན“3+2”མཚམས་བསྒྱུར་སོགས་ཀྱི་རྒྱུགས་སྤྲོད་སློབ་མ་ཚང་མ་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པ་དང་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་བྱེད་དགོས།
  2025ལོའི་མཚོ་སྔོན་གྱི་མཐོ་རྒྱུགས་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མ་ཚང་མས2024ལོའི་ཟླ11པའི་ཚེས1ཉིན་ནས་ཟླ11པའི་ཚེས15ཉིན་བར་ཆ་འཕྲིན་འཚོལ་བསྡུ་དང་། དྲ་ཐོག་ནས་གྲོན་དངུལ་སྤྲོད་པ། སྐར་མ་སྣོན་པའི་རེ་ཞུ། སྐར་གྲངས་གཏན་འཁེལ། མིང་ཐོ་འགོད་པའི་ཞིབ་དཔྱད་གཏན་འཁེལ་སོགས་ཀྱི་མིང་ཐོ་འགོད་པའི་ལས་རིམ་ལེགས་སྒྲུབ་བྱེད་དགོས་པ་དང་དུས་ལས་ཡོལ་ན་རྩིས་ལེན་མི་བྱེད། དྲ་ཐོག་ནས་མིང་ཐོ་འགོད་པའི་དྲ་ཚིགས་ནི“མཚོ་སྔོན་ཞིང་ཆེན་སློབ་གསོའི་རྒྱུགས་ལེན་དྲ་བའི(https://www.qhjyks.com)གཞི་གྲངས་སློབ་བསྡུའི་ཡིག་རྒྱུགས་ཞབས་ཞུའི་ཚོམས་ཆེན-མཐོ་རྒྱུགས་ཀྱི་ཐོ་འགོད”ཡིན་པ་རེད།  
  ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སློབ་མར་དམིགས་བསལ་དྲན་སྐུལ་བྱས་དོན། སློབ་གསོ་པུའུ་ཡི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཁག་ལྔ་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཐད་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ལ2025ལོའི་ཟླ1ཚེས3ནས་ཚེས6ཉིན་བར་མཐོ་རྒྱུགས་འཚམ་མིན་གྱི་ཚོད་ལྟ་བྱ་རྒྱུ་དང་། སྤྱིར་བཏང་རིགས་ཀྱི་རྒྱུགས་སྤྲོད་སློབ་མས་ངེས་པར་དུ་མིང་ཐོ་འགོད་སྐབས་འཚམ་མིན་གྱི་ཚོད་རྒྱུགས་ནང་ཞུགས་མིན་གདམ་ག་བྱེད་དགོས། གལ་སྲིད་རྒྱུགས་སྤྲོད་སློབ་མ་རྒྱུགས་སྤྲོད་ནང་ཞུགས་རྒྱུ་གདམ་མེད་ཚེ། རྒྱུགས་སྤྲོད་འཚམ་མིན་གྱི་ཚད་ལེན་ཚོད་ལྟའི་དུས་མཚམས་སུ་རྒྱུགས་རའི་རྒྱུགས་གནས་བཀོད་སྒྲིག་བྱ་རྒྱུ་མིན། 
  རྒྱུགས་སྤྲོད་སློབ་མས་དྲ་ཐོག་ནས་མིང་ཐོ་འགོད་སྐབས། མིང་ཐོ་འགོད་པའི་མ་ལག་བརྒྱུད་ཐོ་འགོད་བྱེད་སྐབས་མིང་ཐོ་འགོད་པའི་རིག་ཚན་དང་ལག་ཁྱེར་ཁ་པར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་རེའུ་མིག་ཏུ་འབྲི་དགོས་པ་དང་། ལག་ཁྱེར་ཁ་པར་ཨང་གྲངས་དེ་རང་འགུལ་ངང་རྒྱུགས་སྤྲོད་སློབ་མའི་འབྲེལ་གཏུག་ཁ་པར་དུ་འགྱུར་བ་མ་ཟད། རྒྱུགས་སྤྲོད་སློབ་མའི་མི་སྒེར་གྱི་ཆ་འཕྲིན་དང་ཡང་སྦྲེལ་དགོས་པས། ཁ་པར་ཨང་གྲངས་གཅིག་གིས་རྒྱུགས་སྤྲོད་སློབ་མ་གཅིག་ལས་སྦྲེལ་མི་ཐུབ། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་ཁ་པར་ཨང་གྲངས་ཡང་དག་པའི་སྒོ་ནས་འབྲི་དགོས་པ་མ་ཟད། མིང་ཐོ་བཀོད་པ་ནས་མཐོ་རིམ་སློབ་གྲྭར་སློབ་ཞུགས་ཀྱི་འབྱོར་ཐོ་མ་བཀོད་པའི་བར་དུ་ཨང་གྲངས་དེ་ཤར་གཏོང་ཐུབ་པ་བྱས་ནས། རྒྱུགས་སྤྲོད་སློབ་བསྡུའི་གལ་ཆེའི་བརྡ་ཐོ་དང་ཆ་འཕྲིན་བསྡུ་ལེན་བྱེད་ཐུབ་དགོས། ཐོ་འགོད་བྱས་རྗེས། རྒྱུགས་སྤྲོད་སློབ་མས་ཐོ་འགོད་མ་ལག་ནང་མིང་ཐོ་འགོད་པའི་ཆ་འཕྲིན་འགོད་ཆོག་ཅིང་། དེའི་ནང་རྒྱུགས་སྤྲོད་སློབ་མའི་གཞི་རྩའི་ཆ་འཕྲིན་དང་། སློབ་ཁོངས་རྒྱུགས་ཁོངས་ཀྱི་ཆ་འཕྲིན། ཁྱིམ་ཐོའི་ཆ་འཕྲིན་སོགས་ཚུད་ཡོད།
  ཞིང་ཆེན་སློབ་གསོའི་སློབ་སྡུད་རྒྱུགས་ལེན་ཁང་གིས་རྒྱུགས་སྤྲོད་སློབ་མར་ཆ་འཕྲིན་ཆད་ལྷག་བྱུང་ཚེ་རྒྱུགས་སྤྲོད་ནང་ཞུགས་མི་ཐུབ་པ་དང་། འདོད་མོས་རེའུ་མིག་འབྲི་བ། སློབ་ཞུགས་འབྱོར་ཐོ་འགོད་པ། གློག་རྡུལ་ཐོ་འགོད། སློབ་གསོ་པུའུ་རུ་ཐོ་འགོད་བྱེད་མི་ཐུབ་པ། སློབ་མཐར་ཕྱིན་རྗེས་འཛིན་ཡིག་རག་ཐབས་བྲལ་བ་སོགས་ཀྱི་གནད་དོན་སྣ་ཚོགས་འབྱུང་སྲིད་པས་དམིགས་སུ་གསལ་འདེབས་བྱས་པ་རེད།
  “3+1+2”ཀྱི་ཡིག་རྒྱུགས་སློབ་ཚན་གཟབ་ནན་ངང་འདེམས་དགོས། 2025ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་སྤྲོད(གཤམ་དུ“སྤྱིར་བཏང་རིགས”ཞེས་བསྡུ་རྒྱུ)ནང་ཞུགས་མཁན་རྒྱུགས་སྤྲོད་སློབ་མས་སྐད་ཡིག་དང་། རྩིས་རིག ཕྱི་སྐད་བཅས་གསུམ་གྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་སྤྲོད་སློབ་ཚན་དང་རང་ཞིང་གི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྦྱངས་འབྲས་ཆུ་ཚད་ཀྱི་གདམ་ག་ཡོད་པའི་རྒྱུགས་སྤྲོད་སློབ་ཚན(གཤམ་དུ་གདམ་ག་ཡོད་པའི་རྒྱུགས་སྤྲོད་སློབ་ཚན་ཞེས་བསྡུ་རྒྱུ)ནང་ཞུགས་དགོས། འདེམས་སྒྲུག་རང་བཞིན་གྱི་ཡིག་རྒྱུགས་ནང་ལོ་རྒྱུས་དང་། བསམ་བློ་ཆབ་སྲིད། ས་ཁམས། དངོས་ལུགས། རྫས་འགྱུར། སྐྱེ་དངོས་རིག་པ་སོགས་སློབ་ཚན6ཡོད་པ་རེད། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་ལོ་རྒྱུས་དང་དངོས་ལུགས་གཉིས་ནང་ནས་གཅིག་བདམས་ཏེ་རྒྱུགས་ལེན་སློབ་ཚན་དང་པོར་བརྩི་དགོས་པ་དང་། དེ་རྗེས་བསམ་བློ་ཆབ་སྲིད་དང་། ས་ཁམས། རྫས་འགྱུར། སྐྱེ་དངོས་རིག་པ་བཅས་སློབ་ཚན་བཞིའི་ནང་ནས་གཉིས་བདམས་ཏེ་བསྐྱར་དུ་རྒྱུགས་ལེན་སློབ་ཚན་ལ་བརྩི་དགོས། ཐོག་མའི་རྒྱུགས་ལེན་གྱི་བསླབ་ཚན་ནི་ལོ་རྒྱུས་ཀྱི་བསླབ་ཚན་ཡིན་པ་དེར“ལོ་རྒྱུས་རིགས”ཞེས་པ་དང་། ཐོག་མའི་རྒྱུགས་ལེན་གྱི་བསླབ་ཚན་ནི་དངོས་ལུགས་ཀྱི་བསླབ་ཚན་ཡིན་པར“དངོས་ལུགས་རིགས”ཞེས་ཟེར། རྒྱུགས་ལེན་སློབ་ཚན་དང་བསྐྱར་དུ་འདེམས་པའི་རྒྱུགས་ལེན་སློབ་ཚན་དེ་མཐོ་རྒྱུགས་ཀྱི་མིང་ཐོ་བཀོད་ནས་གཏན་འཁེལ་བྱས་རྗེས་བཟོ་བཅོས་རྒྱག་མི་ཆོག་པ་རེད། སྒྱུ་རྩལ་རིགས་སམ་ཡང་ན་ལུས་རྩལ་རིགས་ལ་མིང་འགོད་པའི་རྒྱུགས་སྤྲོད་སློབ་མས་སྤྱིར་བཏང་རིགས་འདེམས་པ་དང་ཆབས་ཅིག་ངེས་པར་དུ་སྒྱུ་རྩལ་རིགས་སམ་ཡང་ན་ལུས་རྩལ་རིགས་གཉིས་ཀ་འགོད་དགོས། སྒྱུ་རྩལ་རིགས་ཀྱི་རྒྱུགས་སྤྲོད་སློབ་མས་ངེས་པར་དུ་དེ་མཚུངས་ཀྱི་སྒྱུ་རྩལ་ཆེད་ལས་ཀྱི་ཡིག་རྒྱུགས་རིགས་དང་ཆེད་ལས་ཀྱི་ཁ་ཕྱོགས་འདེམས་དགོས། སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་ཀྱི་ཆེད་ལས་ཞིང་ཆེན་རིམ་པའི་གཅིག་གྱུར་རྒྱུགས་ལེན་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་སྔོན་ལ་ལེགས་འགྲུབ་བྱ་རྒྱུ་དང་། རྒྱུགས་ལེན་དུས་ཚོད་ཟུར་དུ་བརྡ་ཐོ་གཏོང་རྒྱུ་རེད།
  ཕྱི་སྐད་སོགས་དབྱིན་ཡིག་གི་ཁ་རྒྱུགས་ཀྱི་རྒྱུགས་སྐར་གྱི་རེ་བ་ཡོད་པའི་སློབ་གླིང་ངམ་ཡང་ན་ཆེད་ལས་ཀྱི་འདོད་མོས་ཡོད་པའི་རྒྱུགས་སྤྲོད་སློབ་མས། མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སྐབས་དབྱིན་ཡིག་གི་ཁ་རྒྱུགས་ནང་ཞུགས་མིན་འདེམས་དགོས(2025ལོ་ནས་བཟུང་དབྱིན་ཡིག་གི་ཁ་རྒྱུགས་དེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་མཇུག་མ་འགྲིལ་བར་མཐོ་རྒྱུགས་ཀྱི་རྒྱུགས་སྐར་ཁྱབ་སྒྲོག་མ་བྱས་གོང་བཀོད་སྒྲིག་བྱ་རྒྱུ་དང་ཞིབ་ཕྲའི་བཀོད་སྒྲིག་ཟུར་དུ་བརྡ་ཐོ་གཏོང་རྒྱུ)ཞེས་འཁོད་ཡོད་པ་རེད།རིམ་པ་སོ་སོའི་སློབ་སྡུད་ཨུ་ལྷན་གྱིས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལ་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས། རང་ཞིང་གི་མཐོ་རྒྱུགས་སློབ་མའི་སློབ་བསྡུའི་ལས་དོན་གྱི་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ཞིབ་བཤེར་ལས་དོན་དེ་རྒྱུགས་སྤྲོད་སློབ་བསྡུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་མི་སྒེར་གྱི་ཆ་འཕྲིན་རྫུས་མ་མཁོ་འདོན་བྱེད་པ་དང་། མིང་ཐོ་འགོད་པའི་དཔྱད་གཞིའི་ཡིག་རིགས་རྫུས་མ་སྤྱད་དེ་མིང་ཐོ་འགོད་པའི་ཐོབ་ཐང་ཐོབ་པ། མིང་ཐོ་འགོད་པའི་ཆ་རྐྱེན་དང་མི་མཐུན་པ་བཅས་ཀྱི་རྒྱུགས་སྤྲོད་སློབ་མ་ཡོད་པའི་རིགས་ལ། མཐོ་རྒྱུགས་གོང་རྩད་ཆོད་པའི་རིགས་ལ་ཐོ་འགོད་ཐོབ་ཐང་དང་རྒྱུགས་ལེན་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། མཐོ་རྒྱུགས་རྗེས་རྩད་ཆོད་པའི་རིགས་ལ་མཐོ་རྒྱུགས་ཀྱི་རྒྱུགས་སྐར་དང་སློབ་བསྡུའི་ཐོབ་ཐང་མེད་པར་བཟོ་རྒྱུ། སློབ་བསྡུ་བྱས་རྗེས་རྩད་ཆོད་པའི་རིགས་ལ་མཐོ་རིམ་སློབ་གྲྭའི་སློབ་ཞུགས་ཐོབ་ཐང་དང་མཐོ་རིམ་སློབ་གྲྭའི་སློབ་ཁོངས་མེད་པར་བཟོ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།

大美安多
青海省人民政府藏文网(www.qhtibetan.com)由中共青海省委宣传部主管,青海省互联网新闻中心主办。
 最新文章