ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལྟར་ན། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་མུ་མཐུད་རྒྱུན་བསྐྱངས་ནས་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་གྱི་ལས་གནས་རྒྱ་ཆེར་གཏོང་བའི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། ད་ལོའི་མཐར་ཕྱིན་སློབ་མ་དང་མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། ལོ16ནས24བར་གྱི་ལས་ཤོར་ཐོ་འགོད་བྱས་པའི་གཞོན་ནུ་བཅས་ཀྱིས་ཁེ་ལས་བར་ངལ་རྩོལ་གན་རྒྱ་བཞག་པ་མ་ཟད་གཏན་འབེབས་ལྟར་ལས་ཤོར་དང་། ལས་རྨས། ལས་བཟོ་བཅས་ཀྱི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་ཟླ3ཡན་སྤྲད་རྒྱུ་རེད། དེ་ཡང་མི་རེ་བསྡུས་ན་དེ་ལ་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་རོགས་དངུལ་སྒོར1500རེ་སྤྲད་རྒྱུ་ཡིན་ལ། སྲིད་ཇུས་དེ2025ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ད་ལོའི་སྲིད་ཇུས་དེ་ན་ནིང་དང་བསྡུར་ན“འགྱུར་ལྡོག་མེད་པ་གཉིས”དང“འགྱུར་ལྡོག་ཡོད་པ་གཉིས”ཡོད་དེ། དེ་ལས“འགྱུར་བ་མེད་པ་གཉིས”ནི་དང་པོ་མ་དངུལ་སྤྲོད་ཡུལ་ལ་འགྱུར་བ་མི་གཏོང་བ་སྟེ་ཁེ་ལས་ཡིན། གཉིས་རྒྱབ་སྐྱོར་བྱ་ཡུལ་ལས་ཞུགས་ཚོགས་སྤྱི་ལ་འགྱུར་བ་མེད་པ། དེ་ནི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། མཐར་ཕྱིན་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་སློབ་མ། ལོ16ནས24བར་གྱི་ལས་ཤོར་ཐོ་འགོད་བྱས་པའི་གཞོན་ནུ་བཅས་རེད། “འགྱུར་ལྡོག་གཉིས”ནི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་ཆ་རྐྱེན་དེ་སྔོན་གྱི་ཟླ་བ་གཅིག་ཡན་ནས་ཟླ་བ་གསུམ་ཡན་བར་ཇེ་མང་དུ་ཕྱིན་པ་དང་། སྲིད་ཇུས་ལག་བསྟར་བྱེད་ཡུན་ལོ་གཅིག་ནས་ལོ་གཉིས་བར་ཇེ་མང་དུ་ཕྱིན་པ་དེ་རེད། ལས་ཤོར་འགན་བཅོལ་གྱི་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་མ་དངུལ་དེ“གཞི་གྲངས་འོས་སྦྱོར+ཁེ་ལས་ཀྱི་རེ་ཞུ+ཁས་ལེན་ལམ་ལུགས”བཅས་ཀྱི་ལམ་ནས་སྤྲད་རྒྱུ་དང་། ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གཞི་གྲངས་བསྡུར་ཚད་ལ་བརྟེན་ནས་གཏོང་སྤྲོད་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་དང་མིའི་ཆ་འཕྲིན་གདམ་གསེས་བྱས་ཏེ། གཞི་གྲངས་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་སུ་འོས་སྦྱོར་བྱ་དགོས་པ་རེད། རིམ་པ་སོ་སོའི་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་བར་རང་འགུལ་ངང་འབྲེལ་བ་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་བརྒྱུད་དེ་འབྲེལ་ཡོད་རེ་ཞུའི་དཔྱད་གཞི་གོང་འབུལ་བྱས་ནས། ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་རེ་ཞུ་བྱེད་དགོས་པ་རེད།