“སྨན་པས་དམན་ས་བཟུང་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།”

文摘   2024-11-30 14:30   青海  

“སྨན་པས་དམན་ས་བཟུང་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།”

—རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་འབྲུག་ལྷ་ཐར་གྱི་གནས་ཚུལ་བཀོད་པ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་བོད་སྨན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་འབྲུག་ལྷ་ཐར་གྱི་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་ཐལ་རྡུལ་གྱིས་ཁེངས་འདུག་པ་དང་། དེ་ནི་དུས་ཡུན་རིང་པོར་གཞུང་ལས་ཁང་དུ་མ་ཡོང་བ་དང་འདྲ་ལ། དོན་དུ་ཡང་དེ་ནང་བཞིན་རེད། ལོ་མང་པོའི་རིང་ཁོང་ལ་གཞུང་དོན་སྒྲུབ་ས་གཉིས་ཡོད་དེ། རྩྭ་ཐང་ངམ་རི་ཁུག་དང་སྨན་ཁང་གི་ཚན་ཁག་དག་རེད།

“ཨ་མྱེ། ཁྱེད་རང་དེར་བཞུགས་དང་། ངས་ཁྱེད་ཀྱི་རྐང་པའི་རྨ་ལ་བརྟག་དཔྱད་ཅིག་བྱ།”

“ཡོན་ཀྲང་སླར་ཡང་སྐུ་དངོས་སུ་ནད་གཞིར་བརྟག་དཔྱད་བྱེད་དུ་སླེབས་སོང་།” འབྲུག་ལྷ་ཐར་ཞོགས་པ་ནས་བཟུང་ཚན་ཁག་དག་ཏུ་སོང་ནས་ནད་པའི་གཟུགས་གཞིའི་གནས་ཚུལ་ནུས་ཤུགས་ཡོད་རྒུས་ལྟ་ཞིབ་དང་ནད་པར་སེམས་ཁུར་གྱི་ཁ་བརྡ་བཤད་རོགས་བྱས་ནས་ནད་པར་དྲོ་སྐྱིད་སྦྱིན་བཞིན་ཡོད། སྨན་ཁང་དུ་སྡོད་པའི་ནད་པ་ཚང་མས་ཡོན་ཀྲང་དང་ཁོ་ཚོ་ནི་མར་དང་རྩམ་པ་ལྟར་ཁ་འབྲལ་ཐབས་མེད་ཅེས་ཤོད་ཀྱིན་འདུག

ཞིན་ཧེ་རྫོང་གི་མཚོ་འཕགས་ལ་སྨི4200ཡོད་པ་དང་། དབྱང་རླུང་གིས་མི་འདང་བ་དང་གྲང་ངར་ཤིན་ཏུ་ཆེ། འབྲུག་ལྷ་ཐར་གྱིས་སྨན་ཕྲུག་བཅུ་ལྷག་ཁྲིད་དེ་ཁ་བ་བུ་ཡུག་ལ་མི་འཛེམས་པར་ཨུཏྤལ་དང་། མེ་ཏོག་གངས་ལྷ། སྲོ་ལོ་དཀར་པོ་སོགས་ཀྲུང་ལུགས་དང་བོད་སྨན་གྱི་སྨན་སྣ་འཚོལ་བ་དང་། སྨན་ཕྲུག་ཚོར་སྨན་སྣ་ངོས་འཛིན་ཚུལ་དང་ས་བོན་འཚོལ་སྡུད་བྱེད་ཚུལ་ཁྲིད།
སྨན་བཅོས་ཀྱི་ལམ་བུ་འདིའི་སྟེང་དུ། འབྲུག་ལྷ་ཐར་གྱིས་ཏན་ཏིག་ངང་ཞིབ་འཇུག་བྱས་ཏེ་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད་ཅིང་། རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ནད་པའི་ནད་གཞི་བཅོས་ཤིང་། སེམས་བསམ་པའི་གཏིང་གི་སྤྲོ་དད་ལ་བརྟེན་ནས་བོད་སྨན་རྒྱུ་ཆ་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་ཀྱི་ས་བོན་མཛོད་བསྐྲུན་པར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཡོད། ས་མཐོའི་ཡུལ་གྲུ་འདིར་ཁོང་གིས་དད་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་རེ་འདོད་བསྐངས་པ་དང་རང་གི་ལྷག་བསམ་ཟོལ་མེད་ཀྱི་གསོལ་འབུལ་ལ་བརྟེན་ནས་མཐོ་སྒང་གི་སྨན་བཅོས་རྣམ་པར་འགྱུར་ལྡོག་བཏང་།
སྨན་བཅོས་ཞབས་ཞུ་བཟང་པོ་མང་ཚོགས་ཀྱི་གམ་དུ་བསྐྱལ་བ།
“ང་ཚོ་བོད་སྨན་ཁང་གི་ནད་པ་ཚང་མས་ང་རང་ངོ་ཤེས་ཀྱི་ཡོད། སྨན་པས་དམན་ས་བཟུང་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱ་རྒྱུ་ནི་རང་ཉིད་ཀྱིས་བསྒྲུབ་དགོས་པའི་འགན་འཁྲི་ཡིན”ཞེས་འབྲུག་ལྷ་ཐར་གྱིས་དེ་ལྟར་བཤད། 2008ལོར་ཁོ་རང་ཞིན་ཧེ་རྫོང་བོད་སྨན་ཁང་གི་ཡོན་ཀྲང་དུ་འདེམས་བསྐོ་བྱས། ཁོ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཐད་བློ་གཅིག་སེམས་གཅིག་གིས་གཞོལ་བ་དང་། ལོ་ངོ14ཡི་རིང་ལ་ཁོས་བོད་སྨན་ཁང་དེ་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། འཕྲོད་བསྟེན་བདེ་ཐང་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཏུ་བསྐྲུན་ཡོད།
འབྲུག་ལྷ་ཐར་གྱིས“སྐབས་དེ་དུས་བོད་སྨན་ཁང་དུ་ཐོག་ཁང་གཅིག་ཁོ་ན་ལས་མེད་པས། སྨན་བཅོས་སྤུས་ཚད་མཐོ་རུ་འདེགས་ཆེད། ང་ཚོས་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་མ་དངུལ་སྒོར་ཁྲི2400སྤྱད་དེ། ཞག་སྡོད་སྨན་བཅོས་ལག་རྩལ་ཕྱོགས་བསྡུས་ཐོག་ཁང་དང་། སྲོལ་རྒྱུན་གྱི་ནད་མེད་སྔོན་འགོག་ཕྱོགས་བསྡུས་ཐོག་ཁང་སོགས་བསྐྲུན”ཞེས་བཤད་ཅིང་། སྨན་ཁང་འཛུགས་སྐྲུན་ལས་གཞི་ལ་སྐུལ་འདེད་བཏང་བ་དེས་སྨན་ཁང་གི་སྨན་བཅོས་དང་ཞག་སྡོད་ཀྱི་ཁོར་ཡུག་ཆེས་ཆེར་ཇེ་ལེགས་སུ་ཕྱིན་ཡོད།
2019ལོ་ནི་སྨན་ཁང་འཕེལ་རྒྱས་རིགས་སྒྱུར་གྱི་འགག་རྩའི་ལོ་ཞིག་ཡིན་ཞིང་། ཞིན་ཧེ་རྫོང་བོད་སྨན་ཁང་གིས་དམ་ཟབ་རྣམ་པའི་སྨན་བཅོས་ཐུན་མོང་སྒྲིག་གཞི་བཙུགས། སྨན་ཁང་གིས་གོ་སྐབས་དེ་དམ་འཛིན་བྱས་ནས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང4དང་སྡེ་བའི་འཕྲོད་བསྟེན་ཁང32བསྡུ་སྒྲིལ་བྱས་ཏེ། རྫོང་དང་། ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་དམ་ཟབ་རྣམ་པའི་མཉམ་འགུལ་ཞབས་ཞུ་དང་ལས་སྒོ་མཉམ་སྒྲུབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གསར་པ་ཞིག་ཆགས་པར་བྱས།
བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་གཞི་ཚུགས་པར་འགན་ལེན་ཆེད། འབྲུག་ལྷ་ཐར་གྱིས་སྨན་བཅོས་ཐུན་མོང་སྒྲིག་གཞིའི“ཚན་ཁག་འགན་ལེན་ཁང”གི་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་རྫོང་དང་། ཞང་། སྡེ་བ་བཅས་ཀྱི་དྲ་མིག་རིམ་པ3གྱི་གཞི་རིམ་གྱི་སྨན་པ56བེད་སྤྱོད་བྱས་ནས། སྤྱིར་བཏང་གི་རྒྱུན་མཐོང་ནད་གཞི་ཞང་དང་གྲོང་རྡལ་དུ་བཅོས་ཐུབ་པ་དང་ནད་ལྗིད་མོ་རྫོང་དུ་བཅོས་ཐུབ་པ་མངོན་འགྱུར་བྱས་ཤིང་། རྫོང་མངའ་ཁོངས་སུ་སྨན་བཅོས་བྱེད་ཚད90%ཡན་ཟིན་པ་དང་། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང3ལ“སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་སྐྱོད་པ”ཡི་བྱ་འགུལ་ཁྲོད་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བརྡ་ཁྱབ་གཟེངས་བསྟོད་ཐོབ། ལོ་ངོ10ཡི་རིང་འབད་བརྩོན་བྱས་པ་བརྒྱུད་ནས། ཞིན་ཧེ་རྫོང་བོད་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ་སྨན་པར་བསྟེན་ཚད2009ལོའི་མི་ཐེངས་སྟོང3ནས་ད་ལྟའི་མི་ཐེངས་ཁྲི8བར་འཕར་བ་དང་། ནད་བརྟག་སྨན་བཅོས་བྱེད་དུ་ཡོང་བའི་ནད་པ་ནི་ཞིང་ཆེན་ཕྱི་ནང་ཀུན་དུ་ཁྱབ་ཡོད།
བོད་སྨན་གྱི་སྨན་སྣ་རིགས430ནད་ཐོག་སྨན་བཅོས་སུ་སྤྱོད་འགོ་ཚུགས་པ།
འབྲུག་ལྷ་ཐར་གྱིས“ཁྱེད་ཀྱིས་རྩི་ཤིང་འདི་དག་ལ་ལྟོས་དང་། འདི་དག་ཚང་མ་ངའི་གྲོགས་པོ་བཟང་པོ་ཡིན”ཞེས་འགྲེམས་སྒམ་ནང་གི་རྩ་ཆེ་བའི་སྔོ་སྨན་དག་བསྟན་ནས་བཤད།
འབྲུག་ལྷ་ཐར་གྱིས་ཕུན་སུམ་ཚོགས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཤེས་བྱར་བརྟེན་ནས་སྒ་ཚ་དང་། བརྒྱ་བྱིན་དཀར་པོ། བྱ་རྒོད་སུག་པ། ག་བུར་ཏིས་ལོ་སོགས་རྩི་ཤིང་རེ་རེར་ངོ་མཚར་གྱི་ནུས་པ་སྦྱིན་ཞིང་། ཐོས་མ་མྱོང་བ་དང་མཐོང་མྱོང་མེད་པའི་རྩྭ་ལྡུམ་སྣ་ཚོགས་དེ་གར་ཡོད་པས“མེ་ཏོག་རེ་ལ་འཇིག་རྟེན་རེའི”ཉམས་འགྱུར་མངོན་ཡོད།
འབྲུག་ལྷ་ཐར་གྱིས་ཞིན་ཧེ་ཡི་ཐུན་མོང་མ་ཡིན་པའི་ཀྲུང་ལུགས་དང་བོད་སྨན་གྱི་སྨན་སྣའི་ཐོན་ཁུངས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། ཚན་ཞིབ་དཔུང་ཁག་གི་སྣེ་ཁྲིད་ནས་ཨུཏྤལ་དང་སྲོ་ལོ་དཀར་པོ་སོགས་བོད་སྨན་གྱི་སྨན་སྣ430ལྷག་སྤྱད་དེ། ཤིན་ཏུ་དཀོན་པའི་བོད་སྨན་སྣ་ཁ17འཚོལ་ཞིབ་གསར་གཏོད་བྱས་པ་དང་། ཁྱོན་སྡོམ་རང་བཟོས་ཀྲུང་ལུགས་དང་བོད་ལུགས་སྨན་སྣ123མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་ཞིབ་དཔྱད་ཐོ་འགོད་བྱས་པ་དང་འབྲེལ་ཚང་མ་ནད་ཐོག་སྨན་བཅོས་ལ་སྤྱོད་བཞིན་ཡོད།
འབྲུག་ལྷ་ཐར་ནི་བོད་སྨན“བདུད་རྩི་སྲེག་སྨན”གྱི་མི་རབས་གསུམ་པའི་རྒྱུན་འཛིན་པ་ཡིན་ཞིང་། ཁོས་བློ་སེམས་རྩེ་གཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད“བདུད་རྩི་སྲེག་སྨན”གྱི་སྔར་ཡོད་སྨན་ནུས་སྟེང་དུ་སྨན་བཅོས་ནུས་པ་གསར་པ་ཐོན་པར་བྱས་ཏེ། པགས་ནད་དང་བཅོ་དཀའ་བའི་ནད་རིགས་སྣ་ཚོགས་དྲག་སྐྱེད་བྱུང་བ་དང་སྲ་བརྟན་དུ་བཏང་། “བདུད་རྩི་སྲེག་སྨན”དེ་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད། ཁོས་སྨན་ཐོ་དང་ཆེད་ཁེའི་བདག་ཐོབ་རིན་མེད་ངང་ཞིན་ཧེ་རྫོང་བོད་སྨན་ཁང་ལ་ཞལ་འདེབས་སུ་ཕུལ་ཞིང་།  སྨན་དཔྱད་དང་སྨན་ཐོ་གྲགས་ཅན་ཁག་ཅིག་སླར་གསོ་བྱས།
ཁོས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་བོའི་ཚད་ལྡན་ཡིག་ཆ350ལྷག་དང་། ས་གནས་དེ་གའི་བོད་ལུགས་གསོ་རིག་མཁས་ཅན་གྱི་ནད་ཐོག་སྨན་བཅོས་ལག་བྲིས་དང་གསང་བའི་སྨན་ཐོ་སོགས་རིག་དངོས70། སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་མ་དཔེ900། གནའ་བོའི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་ཡོ་བྱད243བཅས་བཟོ་བ་དང་འཚོལ་སྡུད་བྱས་པ་དང་། བོད་ལུགས་གསོ་རིག་གི་རྒྱུད་བཞིའི་ཞིབ་བྲིས་རི་མོ80བྲིས་ཡོད། བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་པ་དང་ཐོན་རྫས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་མཐོ་རུ་གཏོང་ཆེད། འབྲུག་ལྷ་ཐར་གྱིས་རི་སྐྱེས་བོད་སྨན་སྨན་རྩྭའི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ལས་དོན་སྤེལ་བར་གཞོལ་ཏེ། འཁོར་སྐར་གྱི་ངེས་གནས་སོགས་ཚན་མཐོའི་བྱ་ཐབས་སྤྱད་དེ་ས་མཐོའི་བོད་སྨན་གྱི་སྨན་སྣ་རྩ་ཆེན157བསྡུ་རུབ་བྱས་ནས། སྨན་སྤྱོད་རྩི་ཤིང་གླིང་སྤྱི་ཆིང0.6ཅན་དང་། ཚོད་ལྟའི་ཞིང་ཁ7། ས་བོན་མཛོད་ཁང1བཅས་བསྐྲུན་ནས། བོད་སྨན་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས། སྨན་ཁང་གིས་ད་དུང་རུས་ནད་ཚན་ཁག་དང་མོ་ནད་ཚན་ཁག་སོགས་སྨན་བཅོས་ལས་སྒོ་མང་པོའི་ཐད“ཞིན་ཧེའི་མ་དཔེ”གྲུབ་པར་བྱས་ལ། དེའི་ནང་གི་བོད་ལུགས་གསོ་རིག་གི་སྨན་ལུམས་དང་བོད་ལུགས་གསོ་རིག་གི་རུས་ནད་ཚན་ཁག་སོགས་ལ་རྒྱལ་ཁབ་ཀྱི་ཆེད་ཁེའི་བདག་ཐོབ་ལག་ཁྱེར་སྣ4ཐོབ་ཡོད།
ནམ་ཡང་མང་ཚོགས་དང་མཉམ་དུ་གནས་པ།
“ཁོ་རང་ཡུལ་གྲུ་འདི་དང་ཡུལ་འདིའི་རོང་འབྲོག་མང་ཚོགས་ལ་ཤིན་ཏུ་དགའ་ཞིང་། རོང་འབྲོག་མང་ཚོགས་ཀྱང་ཁོ་དང་ཁ་འབྲལ་ཐབས་མེད”ཅེས་ས་གནས་དེ་གའི་མང་ཚོགས་ཀྱིས་འབྲུག་ལྷ་ཐར་ལ་གདེང་འཇོག་དེ་ལྟར་བྱེད་ཀྱིན་འདུག
དེ་སྔ་ཞིང་ཆེན་བོད་སྨན་ཁང་དུ་ལས་གནས་བརྗེ་བའི་གོ་སྐབས་ཐེངས་མང་བྱུང་ཡང་ཁོས་དེ་དག་ཚང་མ་བློས་བཏང་བ་དང་། ཁོས་རྩྭ་ཐང་དང་འབྲོག་ཁུལ་དུ་གཞི་ཚུགས་ནས་རོང་འབྲོག་པའི་བདེ་ཐང་སྲུང་བའི་གདམ་ག་བྱས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཞིན་ཧེ་རྫོང་གི་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་འགྲེམ་སྟོན་བྱ་ཆེད། 2018ལོར་ཞིན་ཧེ་རྫོང་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་འགྲེམ་སྟོན་ཁང་གསར་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀྲུང་ལུགས་གསོ་རིག་དང་བོད་སྨན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས། འབྲུག་ལྷ་ཐར་གྱིས་ཕུན་སུམ་ཚོགས་པའི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། སྔར་ལས་མང་བའི་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཕན་བདེ་མྱོང་དུ་བཅུག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མང་ཚོགས་ཀྱི་ངོས་ཟིན་དང་དང་བ་བསྐྱེད་པས། སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་ཁས་ལེན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

2022ལོར། འབྲུག་ལྷ་ཐརཀྲུང་གོའི་འཕྲོད་བསྟེནདུས་དེབ་ཀྱིས2021ལོ་འཁོར་གྱི“སྨན་བཅོས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བ”ཡི་གསར་འགྱུར་མི་སྣ་ཆེན་པོ་བཅུའི་ཁྲོད་དུ་བདམས་པ་དང་། 2023ལོར“མཚོ་སྔོན་གྱི་ས་མཐོའི་བཟོ་བོ”ཡི་གཟི་བརྗིད་མཚན་སྙན་ཐོབ་ལ། ད་ལོར་ཁོ་རང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ལ་བདམས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་དེ་དག་ནི་ཁོས་བརྩེ་སེམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི“སེམས་སྦྲེལ་ཟམ་པ”འཕངས་པ་ལས་བྱུང་བ་ཞིག་དང་། ཁོས་གཞི་རིམ་ལས་དོན་དཔུང་ཁག་ཁྲོད་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་བསྣན་ནས་མི་རིགས་ཁག་གི་མཐུན་སྒྲིལ་མཛའ་བརྩེར་སྐུལ་འདེད་གཏོང་བ་ནི་རང་ཉིད་ཀྱི་འགན་འཁྲི་ཡིན་ཟེར། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章