དཀར་འཇམ་གྱི་ཤོག་བུའི་ངོས་སུ་མནའ་མ་བསོད་སྒྲོལ་སྐོར་གྱི་བྱུང་བ་ཞིག་བྲི་རྒྱུ་ནི་ང་ལ་མཚོན་ན་དགའ་བ་སྐྱེད་བྱེད་ཅིག་ཁྱོན་ནས་མིན་ཏེ། ནམ་རྒྱུན་ཨ་ནེ་མཁར་མོས་མནའ་མ་བསོད་སྒྲོལ་གྱི་བླ་བཙག་ཐེངས་རེར། ང་རང་ཡུད་ཙམ་ལའང་ཉན་བཟོད་མེད་པར་ཨ་ནེ་མཁར་མོ་དང་ཁ་རྩོད་ཤོར་འགྲོ། སྐབས་དེ་འདྲར་ཨ་ཕ་ངའི་གམ་དུ་ཡོང་ནས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་རྗེས། “ད་ནས་བཟུང་། ཁྱོད་ཀྱིས་ཆེ་རྒན་བསམ་ཤེས་ཤིག་ལ་ཁ་ལན་སློགས་དང་། ངས་ཁྱོད་མ་བསད་ན........”ཞེས་ང་ལ་བཙན་དྲག་གི་ཉམས་བསྟན་ཡོང་བ་ན། ཨ་ནེ་མཁར་མོ་ཡང་ཧ་ཅང་མགུ་གང་བའི་ཉམས་ཀྱིས་མུ་མཐུད་དུ་མནའ་མ་བསོད་སྒྲོལ་ཞེས་བླ་བཙག་རྫོགས་མེད་པ་ཞིག་བྱས་འགྲོ་བས། ང་ནི་ཐབས་ཟད་དེ་སྒོ་ཁའམ་ལྷིང་འཇགས་ཀྱི་ཁང་མིག་སྟོང་པ་ཞིག་ཏུ་འཛུལ་ནས་སྡོད་དགོས།
ངས་ནམ་རྒྱུན་རང་གི་བསམ་ཕྱོགས་ཐམས་ཅད་ཨ་ནེ་མཁར་མོ་ལ་བཤད་དུས། མོ་ནི་འཐད་པ་ལྟ་ཞོག་གདོང་ལ་འཛུམ་ཙམ་ཡང་མི་སྟོན་པའི་ཁར། ཐད་ཀར་ངའི་ཨ་ཕ་ལ་གཅིག་གི་ཁར་གཉིས་བཏགས་ནས་ཕྲ་མ་བརྒྱབ་འགྲོ་བས། སྐབས་དེར་ངས་རིན་མེད་ངང་ཨ་ཕའི་ལག་ནས་འབྲེང་ལྕག་གི་གཟིགས་བཟོས་མང་དུ་ཉོས་འགྲོ་བའི་སྟབས་ཀྱིས། དུས་དེ་ཤེད་ནས་བཟུང་། ང་རང་ཨ་ནེ་མཁར་མོ་དང་ཁ་སྲེ་ཆད་སོང་།
ཉེ་སྔོན། ཕུ་བོའི་ཁ་ནས་རང་ཁྱིམ་གྱི་གནས་ཚུལ་ཞིག་རྒྱུས་ལོན་པ་ལྟར་ན། ཨ་ནེ་མཁར་མོས་མནའ་མ་བསོད་སྒྲོལ་ཕྱིར་རང་ཡུལ་ལ་བདའ་འདུག་ཟེར། མོ་ཡུལ་ལ་བདའ་བའི་རྒྱུ་མཚན་ནི་མནའ་མ་བསོད་སྒྲོལ་གྱི་གཞུག་ཁྲིད་ཚེ་བརྟན་གྱིས་རང་གི་ཕ་ཡར་ལ་ལག་འགུལ་བས་རེད་ཟེར་བ་ཙམ་ལས། གནས་ཚུལ་ཞིབ་ཅིང་རྒྱས་པ་ཞིག་ཁོ་ལའང་འཆད་རྒྱུ་མི་འདུག
མནའ་མ་བསོད་སྒྲོལ་ནི་ངེད་ཀྱི་སྦྲ་རྒན་ཚང་གི་མི་ལོ་ཉི་ཤུ་ལྷག་རིང་གི་མནའ་མ་སྟེ། ཨ་ནེ་མཁར་མོའི་ཕ་དྲིན་ཆེན་པོ་ཤི་ས་གསོན་སར་བསྐྱལ་མཁན་གྱི་དྲིན་ཆེན་དེ་ཡིན་ལ། མི་ལོ་ཉི་ཤུ་ལྷག་ལ་ངེད་ཀྱི་སྦྲ་རྒན་ཚང་ནས་ལག་པ་མེ་ཐུར་དང་སོག་པ་ཐལ་ཕྱགས་བྱས་ནས་མི་གཡོག་ཁོ་ན་ལ་འབད་དེ་ཡོང་། འདི་འདྲའི་དྲིན་ཆེན་ཞིག་ལ་བླ་བཙག་འཐེན་ན། ཆེ་ས་ནས་རྒྱུ་འབྲས་ལ་མི་གནས་པ་ཕར་ཞོག ཐ་ན་ཨ་ནེ་མཁར་མོ་ཆེ་རྒན་བསམ་ཤེས་ཤིག་ཡིན་པའི་དོན་སྙིང་ཡང་སྟོངས་འདུག་སྙམ།
ནུབ་མོ་ཞིག་ལ། ཚེ་བརྟན་གྱི་ཕ་ཡར་དབང་ཕྱུག་ཆང་གིས་ར་རོ་བར་གྱུར་ནས། གོམ་ཁ་འཁྱར་འཁྱོར་གྱིས་ཁྱིམ་ལ་སླེབས་རྗེས། སྐད་འགྲགས་ཆེན་པོས་མནའ་མ་བསོད་སྒྲོལ་ལ“ཁྱི་མོ། ཚེ་བརྟན་འདི་ཅིའི་ཕྱིར་ངའི་བུ་མིན། འདྲེ་མོ་མ། ཁྱོས་ཤོད། ཞི་ལུ་གན་གི་ཨ་ཕ་དོན་ངོ་མར་སུ་ཡིན། ཨ། གདོན་མོ། ཁྱོས་ད་རག་བར་དུ་ངེད་ཚང་ལ་གནོད་ཏག་ཏག་བསྐྱལ་ནས......”ཞེས་སྡིགས་ཞོར་མོ་ལ་གཅར་རྡུང་དྲག་པོ་བྱས་ཤིང་། མོའི་ཨོལ་མ་ནས་བསྒགས་ཏེ་གསོད་ཅི་ཐུབ་བྱས། སྐབས་དེར་མནའ་མ་བསོད་སྒྲོལ་གྱི་ཡིད་ལ་མོ་རང་ཆུང་དུས་སུ་རང་གི་ཕ་ཡར་གྱིས་ཀྱང་འདི་ལྟར་གཅར་རྡུང་བྱས་པ་དེ་དྲན་ཞིང་། ཡ་ང་བའི་ཁྱིམ་གྱི་རྣམ་པ་འདི་ཡང་ཆུང་དུས་ཕ་ཡར་གྱིས་བཅོམ་ཆག་སྐྱ་ཉིལ་དུ་བཏང་བའི་ཁྱིམ་གྱི་རྣམ་པ་དེ་དང་ཨ་ན་མ་ན་ལྟར་མངོན།
མནའ་མ་བསོད་སྒྲོལ་མནོལ་འོག་ནས་བླངས་ཏེ་ཅུང་མ་འགོར་བའི་ཚོད་ཅིག་ལ། མོའི་ཨ་མ་དྲིན་ཆེན་མ་ཁྲག་ཤེད་ཀྱི་དབང་གིས་གློ་བུར་དུ་མོ་དང་དུས་གཏན་དུ་བྲལ། མོའི་ཨ་ཕ་སུ་ཞིག་ཡིན་པའི་སྐོར་ནི་མོས་ཀྱང་མི་ཤེས་པས། མོ་རང་ཆུང་དུས་ནས་ཕ་ཡར་དང་ལྷན་དུ་འཚོ་བ་རོལ་ཐབས་མི་བྱེད་ཐུ་མེད་དུ་གྱུར་ཅིང་། མོའི་ཕ་ཡར་ནི་ཆང་འཐུང་སྨྱོན་པ་ཞིག་ཡིན་ལ། ནམ་རྒྱུན་གྲོང་རྡལ་དང་རུ་ཁ་ཁྱིམ་ཁ་ཉུལ་ནས་བདུན་ཕྲག་གཅིག་རེ་གཉིས་རེ་དང་། ཐ་ན་ཟླ་གཅིག་ཟླ་ཕྱེད་ཙམ་ལའང་ཕྱིར་ཁྱིམ་དུ་མི་ལོག ཕ་ཡར་ནམ་རྒྱུན་ཁྱིམ་ལ་ལོག་ཐེངས་རེར་ཐོག་མར་རྒྱུ་རྐྱེན་གང་ཡང་མེད་པར་མོ་ལ་འགྲམ་ལྕག་དང་ཁུ་ཚུར་གྲངས་མེད་གཞུས་ཏེ་ཁ་ཁྲག་སྣ་ཁྲག་སྐོལ་བར་བྱེད་ཅིང་། དེ་ནས་ཁྱིམ་གྱི་སྣོད་ཅ་ལག་གི་སྟེང་དུ་ཞེ་སྡང་བཀོལ་ནས་བཅོམ་ཆག་སྐྱ་ཉིལ་དུ་གཏོང་ཞོར“གདོན་རྫས། ཁྱི་རྫས། འགོང་རྫས”ཞེས་དམོད་མོ་དྲག་ཏུ་བཏང་ཡོང་། དེ་དུས་མོ་ནི་སྐྲག་ཐག་ཆོད་པས་སྒོར་འབྲོ་ཐབས་བྱས་ཏེ།ནམ་རྒྱུན་རུ་སྐོར་གྱི་བྱིས་པ་ཚོ་དང་རྩེད་མོ་རྩེ་སའི་གད་སྐྱིབས་ཤིག་ཡོད་པའི་འོག་ཏུ་ཞེད་སྣང་དང་བཅས་རྒྱང་མིག་ཆད་རག་བར་སྦས་ནས་སྡོད་དགོས་ལ། རྒྱུན་པར་མོ་ལེན་དུ་ཡོང་མཁན་ནི་རུ་སྐོར་གྱི་རྒན་རྒོན་བསམ་དཀར་དེ་ཚོ་ལས་ཡོད་མི་སྲིད། མོ་རང་དེ་ལྟར་རུ་སྐོར་ཁྱིམ་མཚེས་ཀྱི་དྲིན་ལ་ལྟོགས་ཤིར་འགྲོ་རུ་མ་བཅུག་པར་བསྐྱངས་ནས་ནར་སོན་པ་དང་། ད་ལྟ་མོས་ཕ་ཡར་གྱི་མནར་གཅོད་དང་གདུག་རྩུབ། རང་ཉིད་ཀྱི་འཇིགས་སྐྲག་དང་ཁེར་རྐྱང་། རུ་ཁ་ཁྱིམ་མཚེས་ཀྱི་བྱམས་སྐྱོང་དང་སྙིང་རྗེའི་ཁྲོད་ཡ་ང་ཐབས་སྡུག་པའི་ཆུང་དུས་ཀྱི་ལོ་ཟླ་རིང་མོ་དེ་ཕར་ལ་བསྐྱལ་ཚར་ཏེ། ཁྱིམ་ཚང་འདི་རུ་གནས་ལ་ཡོང་བས་ད་ནི་བདེ་སྐྱིད་ཀྱི་འཚོ་བ་གཞན་ཞིག་གི་འགོ་བརྩམ་ཐུབ་པར་ཡིད་ཆེས་སྐྱེས་མོད། ད་ཡང་ཆུང་དུས་ཀྱི་ཟློས་གར་དེ་བསྐྱར་དུ་འཁྲབ་དགོས་བྱུང་བ་ནི་ཅི་ཡིས་ལན་ཨང་།
དེ་ལྟར། མོའི་སེམས་སུ“ང་ནི་ཇི་འདྲའི་བུད་མེད་ལས་ངན་ཞིག་རེད་ཨང”སྙམ་ཞིང་། དེ་རིང་རང་གི་ཕོ་སྐྱེས་ཀྱི་ལག་ནས་མ་ཤི་ཐུ་མེད་རེད་སྙམ་པའི་མོད་ལ། ཏག་ཏག་ཁྱིམ་ནས་མཆེད་འོང་བའི་ཁྱོ་གའི་གཅར་རྡུང་གི་ཁྲོག་དིར་སྤད་དིར་གྱི་སྒྲ་ཡིས་ཁང་མིག་ཅིག་ཤོས་ན་ཉལ་ཡོད་པའི་བུ་ཚེ་བརྟན་གྱི་གཉིད་ཀྱང་དཀྲོགས་སོང་བར། ཁོ་ཡར་ལངས་ཤིང་རྐང་འཇབ་ལག་འཇབ་ཀྱིས་སྒོ་སྲུབས་བརྒྱུད་དེ་ཁང་པའི་ནང་དུ་མིག་ཉུལ་ཙམ་བྱས་པ་ན། ཁོས་རང་གི་ཨ་མ་ཕ་ཡར་གྱི་ལག་ཏུ་ཤོར་ནས་ཨོལ་མ་བསྒགས་ཏེ་གསོད་ལ་ཁད་བྱེད་པ་མཐོང་མ་ཐག འདང་རྒྱག་སྤུ་ཙམ་ཡང་མེད་པར་ལག་ལ་གང་ཐོགས་ཀྱིས་ལག་སྙོབ་ཅིག་བྱས་ཏེ་ཐང་ནས་གྱོ་མོག་འདྲ་བ་ཞིག་བླངས་ཤིང་ཤུགས་ཡོད་རྒུ་བཏོན་ནས་ཕ་ཡར་གྱི་ལྟག་ཀོར་ལ་ཐེངས་འགའ་གཞུས་པས། ཕ་གཡར་ཁ་ཕྱིར་འཁོར་དབང་ཡང་མེད་པར་ཐང་ལ་ཅལ་སེར་འགྱེལ། ཨ་མ་ནི་ཨོལ་མ་བསྒགས་དྲགས་པས་དབང་པོ་ཤོར་འདུག ཚེ་བརྟན་གྱིས་རང་གི་ཨ་མ་ཡར་སློང་ཅི་ཐུབ་བྱས་ཀྱང་སློང་མ་ཐུབ་པས། མིག་ཆུ་ཕྲུམ་ཕྲུམ་ཉིལ་བཞིན་ཨ་མའི་མགོ་བོ་རང་གི་པང་ལ་བཞག མནའ་མ་བསོད་སྒྲོལ་ནི་དེ་ལྟར་བུ་ཆུང་ཚེ་བརྟན་གྱི་པང་ན་གཉིད་དུ་ཡུར་བ་བཞིན་འགུལ་མེད་དུ་གནས་ཤིང་། ཚེ་བརྟན་ཡང་འབག་སྐུ་ཞིག་དང་འདྲ་བར་འགུལ་མེད་ངང་དེ་ལྟར་ཙོག་པུར་ལུས་འདུག ཁོར་ཡུག་ཧྲིལ་པོ་སྟོང་འཇགས་སེར། ཁུ་སིམ་མེར་འདུག་པས། ཚེ་བརྟན་གྱི་ལྟིག་ལྟིག་ཏུ་ལྡིང་བའི་སྙིང་གི་འཕར་ལྡིང་ཡང་གསལ་པོར་གོ་ཐུབ། ད་ལྟ་ཁོ་ལ་སེམས་ཁྲལ་ཆེས་ཆེ་བ་ནི་ཕ་ཡར་གྱིས་ཕྱིར་ཁོ་ལ་གཅར་རྡུང་བྱེད་ཡོང་བ་དེ་མིན་པར། ཁོའི་ཨ་མ་ལགས་ཀྱི་ཤི་གསོན་རེད། རྒྱུ་མཚན་འཇིག་རྟེན་འདིའི་སྟེང་དུ་ཁོ་ལ་ཨ་མ་གཅིག་པུ་ལས་ཅི་ཡང་མེད་ལ། ཨ་མ་བསོད་སྒྲོལ་ལའང་ཁོ་མ་གཏོགས་ཅི་ཡང་ལྷག་མེད་པས། ཨ་མ་ནི་ཁོའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ཏེ། ཁོས་མཚན་གཞུང་ཧྲིལ་པོར་གཉིད་ཅོག་ཐེངས་གཅིག་རྒྱག་པའི་བདེ་བའང་རྨང་ནས་གཡུགས།
ཕྱི་ཉིན་སྡེ་དཔོན་གྱི་མངག་བཅོལ་ལྟར། སྡེ་བའི་ནང་གི་གསར་བུ་འགས་དབང་ཕྱུག་ཁྱེར་ནས་ཞིང་ཆེན་སྨན་ཁང་དུ་བསྐྱལ། མནའ་མ་བསོད་སྒྲོལ་མ་བུ་གཉིས་ཀའི་མགོ་ལ་སྡེ་བའི་མཐུན་སྒྲིལ་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་གཏོར་བརླག་བྱས་པའི་ཉེས་མིང་ཞིག་བབས་པར་མ་ཟད། རྗེས་མར་དོན་དག་འདི་འདྲ་བྱུང་ཚེ་སྡེ་གྲལ་ནས་འཕུད་རྒྱུ་ཡིན་པའི་ཐ་ཚིག་ཅིག་བསྒྲགས་རྗེས་བསྐྱུར་མོད། ཁ་ལག་པ་གཉིས་ཀ་རང་དགར་མི་སྡོད་པའི་ཨ་ནེ་མཁར་མོ་གཙོས་པའི་མི་འགས“སྣ་ནག་མ། ཐང་ཕྲུག བདག་མེད་མ་བུ་གཉིས་ཀ མུག་ཕྲུག”སོགས་མི་འོས་པའི་ཚིག་མཚོན་དང་དམོད་མོ་སེར་བ་ཕབ་ཕབ་ཀྱིས་མནའ་མ་བསོད་སྒྲོལ་མ་བུ་གཉིས་ཕྱིར་ཡུལ་ལ་བདས་སོང་།
ཉིན་མོ་དེར། ཁ་བའི་འདབ་མས་ས་གཞི་གཡོགས་ཤིང་། གྲང་རླུང་བཙན་པོས་རུས་རྐང་གཟེར་འོང་། དཀར་བོང་བོང་གི་ས་གཞི་རུ་ཁོ་མ་བུ་གཉིས་ཀྱིས་གོམ་པ་རེ་རེ་སྤོ་ཞོར། ཐེངས་འདིའི་འོས་མིན་གྱི་མནར་གཅོད་ལ་མཆི་མ་དཀུ་བཞིན་ཡོད། བསོད་སྒྲོལ་གྱིས་མིག་ཟུང་མཁའ་ལ་གཏད་ནས་ཡུད་ཙམ་བསྡད་དེ། ཁ་བ་འདིས་མོ་རང་རྣམ་དག་དང་དྲང་བདེན་གྱི་ཕྱོགས་ན་ཡོད་པ་མཚོན་ཡོད་སྙམ་པའི་དགའ་བ་ཞིག་དབང་མེད་དུ་སྐྱེས་ལ། ཡང་ཁ་བ་འདི་ནི་མོ་དང་མོ་ལྟ་བུ་དག་གི་འབྱུང་འགྱུར་དེ་ནམ་ཡང་གྲང་ལྷགས་ཀྱི་དགུན་ཟླ་ཁོ་ནས་ཁེངས་པའི་འཇིག་རྟེན་ཞིག་ཡིན་པའང་མཚོན་ཡོད་སྙམ་པའི་སེམས་ཁུར་ཞིག་ཀྱང་འགོག་མེད་དུ་སྐྱེས་པས། མོས་བུ་ཚེ་བརྟན་ལ་ལན་ཅིག་བལྟས་པར། ཚེ་བརྟན་ནི་ཁོང་འདར་རྒྱག་བཞིན་མདུན་དུ་བསྐྱོད་བཞིན་ཡོད་མོད། ཁ་བའི་འདབ་མ་རྒྱུན་མི་ཆད་པར་འབབ་པས་མིག་ཟུང་འབྱེད་ཙམ་ཡང་ཐུབ་ཀྱིན་མི་འདུག་པར་རྡོ་ཐོག་གི་བྱེའུ་ལྟར་གྱུར་འདུག
“ཨ་མའི་གཅེས་ཕྲུག ཕ་གིའི་ཉག་ཁིས་གན་ད་འུ་གཉིས་ཀྱི་ཡུལ་རེད། ཤུ་རེ་བྱོས་ཨ། ད་བསླེབ་ལ་ཉེ།”
ཚེ་བརྟན་གྱིས་མགོ་བོ་ལྕོག་ལྕོག་ལྡེམ་བཞིན་འཁྱགས་ནས་རེངས་པོར་ཆགས་པའི་ལག་པ་དེ་ཨ་མའི་འཁྱགས་ཐག་ཆོད་པའི་ལག་པར་འཇུ་ཙམ་བྱས། དྲང་མོར་བཤད་ན། མོས་ཀྱང་ཕ་གིའི་ཉག་ཁིས་དེ་ནི་རང་གི་ཡུལ་ཡིན་མིན་གསལ་པོར་རྟོགས་དཀའ་ཞིང་། ད་ལྟ་མོ་ལ་འགྲོ་སའི་ཡུལ་ཞིག་དང་འདུག་སའི་ཁྱིམ་ཞིག་ཡོད་མེད་ཀྱང་བཤད་དཀའ་ཚོད་ཡིན་མོད། བུ་ཆུང་མུ་མཐུད་དུ་མདུན་ལ་བསྐྱོད་པར་སྐུལ་ཆེད། མོས་དེ་ལྟར་མི་བཤད་ཐབས་མེད་བྱུང་།
ཁོ་མ་བུ་གཉིས་ཀ་དེ་ལྟར་ཁ་བ་དང་ཙག་རླུང་ཁྲོད་དུ་ཁྲུང་ཁྲུང་འགོ་འཁོར་བཞིན་མདུན་དུ་སྐྱོད། ཁ་བའི་འདབ་མས་སྔར་ལས་ཀྱང་ཁོ་མ་བུ་གཉིས་ཀྱི་མིག་མདུན་ཡོངས་སུ་དཀར་པོར་བསྒྱུར་བས། ཁོ་མ་བུ་གཉིས་ཀ་ཁོ་ན་ཁ་བའི་ཀློང་ན་ནག་ཡོར་ཡོར་དུ་བསྐྱོད་པ་ལས།མིག་ལམ་གྱི་བྱ་དངོས་དང་སེམས་ནང་གིརེ་བ་ཡོད་ཚད་དཀར་བོང་བོང་དང་སྐྱ་རབ་རིབ་བྱེད། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།