སངས་རྒྱས་རྒྱལ་གྱི་ཐང་ག་འབྲི་བཞེངས་ཀྱི་ལམ་བུ།
ཟླ10པའི་ཚེས24ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་རེབ་གོང་སངས་རྒྱས་ཐང་ག་རིག་གནས་སྒྱུ་རྩལ་བརྒྱུད་སྒྲོག་ལྟེ་གནས་སུ་ཐོན་པ་ན། ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་དང་གཙག་དྲུབ། འབག་སྐུའི་བརྩམས་ཆོས་དག་གྲལ་ཕྲེང་འགྲིག་མོས་གཤམས་ཁང་ནང་དུ་བཤམས་ཡོད་ལ།ནང་དུ་སྒྱུ་རྩལ་གྱི་རྔམ་ཁ་མཐུག
སངས་རྒྱས་རྒྱལ་ནི་བརྒྱུད་སྒྲོག་ལྟེ་གནས་ཀྱི་སྒོ་འབྱེད་པ་ཡིན་ལ། ཁོའི་མེས་པོའི་རིང་ནས་ཐང་ག་སྒྱུ་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག རྒྱུན་འཛིན་བྱས་པ་ནས་ད་ལྟའི་བར་དུ། སངས་རྒྱས་རྒྱལ་ནི་ཐང་ག་སྒྱུ་རྩལ་གྱི་རྒྱུན་འཛིན་པ་རབས་བརྒྱད་པ་རེད།
“ཆུང་དུས་ཁྱིམ་ཚང་དབུལ་བས། ཨ་ཕས་སྡེ་བའི་ནང་དུ་ཐང་ག་ཉོས་རྗེས། ཐང་ག་དག་ཁུར་ཏེ་འཚོང་དུ་སོང་བ་རེད”ཅེས་སངས་རྒྱས་རྒྱལ་གྱིས་ལོ་ཆུང་སྐབས་སུ་ཨ་ཕས་ཁྱིམ་ཚང་གི་ཆེད་དུ་བརྩོན་པ་བསྐྱེད་པའི་གནས་ཚུལ་ཕྱིར་དྲན་བྱས་ནས་བཤད། སྐབས་དེ་ནས་བཟུང་། སངས་རྒྱས་རྒྱལ་ཐང་གར་སྤྲོ་བ་སྐྱེས་ཤིང་སློབ་སྦྱོང་བྱེད་འགོ་ཚུགས།
ལོ8ཀྱི་སྟེང་། སངས་རྒྱས་རྒྱལ་གྱིས་རང་གི་མི་ཚེའི་སྟེང་གི་ཐང་ག་ཐོག་མ་སྟེ་སྟོན་པ་སངས་རྒྱས་བཞེངས། དེར་ཨ་ཕའི་བསྟོད་བསྔགས་ཐོབ། དེ་ནས་བཟུང་སངས་རྒྱས་རྒྱལ་གྱིས་ཐང་ག་འབྲི་བཞེངས་ཐད་དུ་བརྩོན་པ་ལྷུར་ལེན་བྱས།
2008ལོར། པེ་ཅིན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྔོན་ཏག་ཏག་ཏུ། གྲོགས་པོས་གདན་ཞུ་ལྟར། སངས་རྒྱས་རྒྱལ་གྱིས་སྒོར5000གྲ་སྒྲིག་བྱས་ཤིང་སློབ་མ5ཁྲིད་དེ་པེ་ཅིན་དུ་སོང་སྟེ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་བཤམས་སྟོན་བྱ་འགུལ་དུ་ཞུགས། སྐབས་དེར་དགེ་སློབ6པོས་ཐང་ག་གཅིག་བཙོངས་པར་ཡོང་སྒོ་སྒོར1000བླངས། སངས་རྒྱས་རྒྱལ་སེམས་ཕངས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ། ཁོས་སྒོར་ཁྲི40བསྐྱིས་ཏེ་པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་ཉེ་འགྲམ་དུ་སྨི་གྲུ་བཞི་མ7ཅན་གྱི་ལས་སྒྲུབ་ཁང་ཞིག་གླ་བའི་སེམས་ཐག་བཅད་དེ། མིང་ལ“རེབ་གོང་སངས་རྒྱས་ཐང་ག་ཚང”ཞེས་པ་བཏགས་ནས་ཐང་ག་བཞེངས་ཞོར་དུ་འཚོང་ས་བཙལ།
བརྩོན་འགྲུས་ཅན་ལ་གྲུབ་འབྲས་འབྱུང་ཞེས་པ་ལྟར། མཐའ་མར་པེ་ཅིན་དུ་བོད་སྨན་སྒོ་བསྟེན་ཁང་ཕྱེ་བའི་སྐུ་མགྲོན་ཞིག་གིས་སངས་རྒྱས་རྒྱལ་དགེ་སློབ་ཀྱིས་ཐང་ག་བཞེངས་པའི་གོ་རིམ་མཐོང་རྗེས། བོད་སྨན་རྒྱུན་འཛིན་གྱི་ནང་དོན་མཚོན་པའི་ཐང་ག་འབྲི་རུ་བཅུག་པ་དང་། དེར་སྒོར་ཁྲི40གཏམ་ནས་ཉོ་འཚོང་གྲོས་འཆམ་བཞག ཐང་ག་བཞེངས་ནས་གྲུབ་རྗེས་སྐུ་མགྲོན་དེ་ཡིད་ཚིམས་ཤིང་། སངས་རྒྱས་རྒྱལ་ལའང་པེ་ཅིན་དུ་ལས་སྐྲུན་བྱས་པའི་ཡོང་སྒོ་ཐོག་དང་པོ་ཐོབ། དེའི་རྗེས་ཁོ་ཚོས་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱངས་ནས་རྩལ་ནུས་ཇེ་མཐོར་བཏང་བས། སྙན་གྲགས་ཐོས་ནས་ཡོང་མཁན་གྱི་མགྲོན་པོ་ཇེ་མང་ནས་ཇེ་མང་དུ་གྱུར།
2015ལོར། སངས་རྒྱས་རྒྱལ་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་ཏེ་ཡུལ་མི་སྤུན་ཟླ་རྣམས་ཕྱུག་པོར་བསྒྱུར་པའི་ཐོག་མའི་བསམ་འདུན་སྐྱེས་ནས། ཁོའི་ཕ་ཡུལ་ཏེ་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་ལོག 2016ལོ་ནས་བཟུང་། སངས་རྒྱས་རྒྱལ་གྱིས་སྔ་གཞུག་ཏུ་སྒོར་ཁྲི1500བཏང་སྟེ་བརྒྱུད་སྒྲོག་ལྟེ་གནས་དང་ཐང་ག་འབྲི་བཞེངས་ལས་ཤག་བཙུགས། ཐུན་རིན་གྲོང་ཁྱེར་སྲིད་གཞུང་གི་ཆེད་དམིགས་མ་དངུལ་གྱིས་རོགས་སྐྱོར་བྱས་པས་སྒྲིག་ཆས་དག་བསྟུད་མར་འགྲུབ་ནས་བཀོལ་སྤྱོད་བྱས།
ད་ལྟ། བརྒྱུད་སྒྲོག་ལྟེ་གནས་སུ་ལྷ་བཟོ100ལྷག་ཡོད་ལ། དཔུང་ཁག་གི་སྟོབས་ཤུགས་ཇེ་ཆེར་གྱུར་པ་དང་བསྟུན་ནས་ཐང་ག་གླིང་གི་ཁེ་སྤོགས་ཀྱང་ཇེ་མང་དུ་སོང་།
ཐང་ག་འབྲི་བཞེངས་སློབ་འདོད་ཡོད་པ་དང་གསར་སྐྲུན་ལས་སྐྲུན་གྱི་ཕུགས་འདུན་ཡོད་པའི་ཡུལ་མི་སྤུན་ཟླ་སྔར་བས་མང་པོ་ཞིག་ལ་རོགས་རམ་བྱེད་ཆེད། སངས་རྒྱས་རྒྱལ་གྱིས་ཆེད་དུ་འཇིམ་བཟོ་དང་གཙག་དྲུབ། ཐང་ག་འབྲི་བཞེངས་སོགས་ཀྱི་དགེ་རྒན་གདན་དྲངས་ནས་རིན་མེད་སྒོས་གསོ་སྦྱོང་དང་མཛུབ་ཁྲིད་མཁོ་འདོན་བྱས། སྔ་གཞུག་ཏུ་སློབ་མ300གསོ་སྦྱོང་བྱས། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མར་དམིགས་ཏེ་ཐང་ག་ཉོ་སྡུད་ཀྱི་གྲོས་འཆམ་བཞག་སྟེ། ཁོ་ཚོའི་ཐང་ག་འཚོང་ས་མེད་པ་སོགས་ཀྱི་གནད་དོན་ཐག་གིས་བཅད།
2021ལོའི་ཟླ10པར། ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་ཆེད་དམིགས་མ་དངུལ་སྒོར་ཁྲི50བཏང་སྟེ། བརྒྱུད་སྒྲོག་ལྟེ་གནས་ཀྱིས“རིག་གནས་ཐོན་ལས+མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན+དབུལ་སྐྱོར” གྱི་བྱེད་སྟངས་ལ་བརྟེན་ནས། ཐར་ཐོར་གྱི་རིག་གནས་ཁེ་ལས་དང་གསོ་སྦྱོང་ཐོན་ཁུངས་གོ་ཆོད་སྒོས་ཧྲག་སྡེབ་བྱས་པ་དང་། ཤུགས་ཡོད་རྒུས་རིག་གནས་དབུལ་སྐྱོར་ཐོན་ལས་རྟེན་གཞི་བསྐྲུན་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཁག་བསལ་ཞིང་མི་རིགས་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྱི་རྒྱུན་འཛིན་དང་གྲོང་གསེབ་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་ཁྱིམ་ཚང་སྒོ་ཁ་རུ་ལས་ཀར་ཞུགས་པ་མངོན་འགྱུར་དང་། མང་ཚོགས་ཀྱི་ཡོང་འཕར་ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱས།
ད་ལྟ། སངས་རྒྱས་རྒྱལ་གྱིས་པེ་ཅིན་དང་ཀོང་ཀྲོའུ། ཧྲེན་ཀྲེན། ཐའེ་ཡོན་སོགས་ས་ཆའི་རིག་གནས་ཁེ་ལས་དང་ལོ་ངོ་མང་པོའི་ཐང་ག་ཉོ་འཚོང་གི་གན་རྒྱ་བཞག་ཡོད།
སངས་རྒྱས་རྒྱལ་གྱིས་སློབ་མ་སྐྱོང་བའི་ལྟ་ཚུལ་གླེང་དུས། ཁོས་རྩལ་ནུས་ཤིག་བྱང་ཆུབ་པར་ཤེས་ན་ཕྱུག་པོའི་འཚོ་བ་རོལ་ཐུབ་པར་མ་ཟད་ད་རུང་མི་ཞིག་གི་ལས་དབང་ཡང་བསྒྱུར་ཐུབ་པར་སྙམ་ཡོད། སངས་རྒྱས་རྒྱལ་གྱི་སྣེ་ཁྲིད་འོག་ཏུ་སློབ་མ་མང་པོ་ཞིག་གི་རང་ཉིད་ལ་གཏོགས་པའི་ཕྱུག་འགྱུར་ལམ་བུ་རྙེད་ཡོད།
དཔལ་ལྡན་ནི་སངས་རྒྱས་རྒྱལ་གྱི་སློབ་མ་ཞིག་ཡིན། ཁོའི་དྲུང་ནས་ཐང་ག་འབྲི་བཞེངས་ལག་རྩལ་ལོ་ངོ16ལ་སྦྱངས། ད་ལྟ། དཔལ་ལྡན་ཞིང་ཆེན་རིམ་པའི་བཟོ་བཀོད་མཛེས་རྩལ་གྱི་སློབ་དཔོན་ཆེན་མོར་གྱུར་ཡོད་ལ། ད་རུང་རང་ཉིད་ཀྱི་ལས་ཤག་ཅིག་ཀྱང་བཙུགས་ཡོད། “དགེ་རྒན་གྱི་དྲུང་ནས་ཐང་ག་འབྲི་བཞེངས་སྦྱངས་པས་ངའི་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་སློབ་མ་སྟག་ལྷ་ཐར་དང་ཁོའི་ཁྱིམ་མིར་སྐྱིད་སྣང་གིས་ཁེངས་ཡོད།
སངས་རྒྱས་རྒྱལ་ཕྱུག་པོར་གྱུར་རྗེས་ཡུལ་མི་རྣམས་བརྗེད་མེད། ཐེངས་མང་པོར་ཞིང་སྡེ་དང་རྒན་གསོ་ཁང་། སློབ་གྲྭར་ཕྱིན་ནས་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ། 2000ལོ་ནས་ད་ལྟའི་བར། སངས་རྒྱས་རྒྱལ་གྱིས་རིམ་བསགས་ཀྱིས་སྒོར་ཁྲི80ཞལ་འདེབས་སུ་ཕུལ་བར་མ་ཟད། སེང་གེ་གཤོང་ཡ་མགོ་སྡེ་བའི་ཐུན་མོང་ལ་གཏའ་མ་མེད་པར་སྒོར་ཁྲི30བསྐྱིས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས།
སངས་རྒྱས་རྒྱལ་གྱི་ལས་སྐྲུན་གྱི་འདུན་མ་མངོན་འགྱུར་བྱུང་ཡོད། “རྗེས་ཕྱོགས། ཡུལ་སྐོར་པ་དང་ཚོང་རའི་དགོས་མཁོ་ལྟར་མེ་ཏོག་དང་རྩྭ་རྩི་ཤིང་། མི་སྣ། གཡང་རྟེན་སོགས་ནང་དོན་ཡིན་པའི་རིག་གནས་གསར་སྐྲུན་གྱི་ཐོན་རྫས་ཞིབ་འཇུག་དང་གསར་སྐྲུན་བྱས་ཏེ། ཐང་གར་རིག་གནས་ཀྱི་ནང་དོན་སྔར་བས་མང་པོ་སྩོལ་རྒྱུ་དང་། ཡུལ་སྐོར་པ་དགའ་བའི་བརྩམས་ཆོས་མང་པོ་གསར་སྐྲུན་བྱ་རྒྱུ་ཡིན”ཞེས་སངས་རྒྱས་རྒྱལ་མ་འོངས་པར་ཡིད་ཆེས་ཀྱིས་བརྟས་ནས་དེ་ལྟར་བཤད། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།