གྲིབ་མ། དུང་བུ་ཆོས་འབུམ་རྒྱལ།

文摘   2024-11-23 14:30   青海  












གྲིབ་མ།
དུང་བུ་ཆོས་འབུམ་རྒྱལ། རྨ་ལྷོ།

ཞིབ་ཏུ་བསམས་ན། ངས་རང་གི་གྲིབ་མ་མ་མཐོང་བར་ལོ་མང་འགོར་ཡང་སྲིད། གློ་བུར་དེ་ལྟར་འདོད་དུས་ཀྱི་ནང་དུ་ཡོད་པའི་མི་དེ་ལ་གྲིབ་མ་ཞིག་ག་ལ་ཡོད། ཁེར་རྐྱང་གི་སྒོ་མོ་མུན་ནག་གི་མཐའ་ལ་འདྲེས་པའི་གྲིབ་མ་རིང་བོ་ཞིག་གིས་ཕྱེ་ནས་ཚུར་ལ་ཅེར་བས། གློག་འོད་ཀྱིས་བསྲིངས་པའི་རྒྱང་རིང་དེ་ནི་ཕ་ཡུལ་ཡིན་སྣང་གིས། དོན་ངོ་མར། ང་ནི་རང་གི་གྲིབ་མ་ལའང་སྐྲག་གི་འདུག ས་རུབ་ལ་ཉེ་བས་ཡིན་ནམ།ངས་སུ་ལ་འདྲི་དགོས།

ཡང་གཅིག་བཤད་ན། ངའི་མཐོང་སྣང་གི་གཟུགས་བརྙན་འདི་ནི་ང་རང་གི་གྲིབ་མ་ཡིན་ཡང་སྲིད་པས། ཡང་བསྐྱར་མེ་ལོང་གི་ཁ་གཏད་དུ་ལངས་པའི་དུ་བ་གྱ་གྱུ་མཁའ་ལ་འཐེན་པ་ལས། རྒྱུས་མེད་པའི་ངོ་གདོང་རྒྱུས་ཡོད་ལྟར་མཐོང་བ་ནི། གཟབ་ནན་རིགས་ཤིག་གིས་སམ།རང་གིས་རང་གི་མིང་ནས་བོས་པའི་སྐད་ཅིག་དེའི་རིང་། ཇེ་ཆེར་རྒྱས་པའི་བར་སྟོང་དེ་རང་ཅི་འདྲ་ཆེ་ནའང་། འདུག་བཟོད་མེད་པའི་ངོ་གདོང་དེ་ཕར་ལ་གཡོལ་ཙམ་བྱས། ཚུར་ལ་མངོན་ཙམ་བྱུང་།

གྲིབ་མར་ལྟ་རྒྱུ་མང་དྲགས་ན་གཉིད་སྒང་ལ་སྔངས་ལོག་བྱས་ནས་སད་ཡོང་བ་ཞིག་དྲན་ཐུབ་པ་འདི། བྱིས་དུས་ཀྱི་སྣང་བ་ཞིག་མིན་འགྲོ དེ་ག་ཙམ་ལ་མུན་པར་ཞེད་པའི་སྣང་བ་ཞིག་རང་ཤུགས་ཀྱིས་རྒྱུད་ལ་འགོས་ཡོད་པ། ཕ་མའི་རུམ་ཁོང་ནས་ཉལ་བའི་ལོ་ཟླ་རིང་མོ་དེས་རྒྱང་ལ་འཚར་དུ་བཅུག་པ་ནས་བཟུང་། ཡོད་ཚད་རླུང་ལྟར་ཡལ་ནས་ཞི་ཞིང་འཇགས་པ་ཞིག་ཏུ་ཚོར་ནའང་། ཉི་འོད་དང་མུན་པ་ཡི་རེས་སུ་འཁོར་བའི་འཇིག་རྟེན་འདི་རུ་དངངས་སྐྲག་རིགས་ཤིག་ཉིན་མཚན་ལ་ལྟོས་པ་མེད་པར་སྐབས་དང་སྐབས་ཀྱིས་གློ་བུར་དུ་སེམས་ལ་འཇབས་ནས་ཐོལ་གྱིས་སྣང་དུས་ལ། ངས་ཨ་ཕའི་བྲང་གཞུང་གི་བུས་པ་རློན་པ་དེ་དྲན་ཞོར། ཆུང་མའི་རུམ་གྱི་མིག་མདངས་དྭངས་མོ་དེའི་ཐད་ལ་སེམས་ཁུར་ཙམ་བྱ་ཨེ་ཤེས་སུ་འབད་པ་ལྟར། ཡང་བསྐྱར་གྲིབ་མ་དང་འདྲེས་པའི་མུན་ནག་གི་དཀྱིལ་ལ་ཆས་ཏེ། སྒྱུ་འཕྲུལ་ལ་འབར་བའི་མཚན་མོ་རེ་རེ་གང་དུ་བསྐྱལ་ལམ། ཇི་ལྟར་བསྐྱལ་ལམ། ཞེས་ཡང་དང་ཡང་དུ་མཁའ་ལ་འབོད་པ་ལས་བྱ་ཐབས་ཅི་ཨང་།

སྟབས་ལེགས་ཀྱིས་རང་གིས་བཏབ་པའི་འདྲ་པར་ཞིག་ཏུ་ལུས་པའི་གྲིབ་མ་དེ་ནི་ལོ་གསུམ་ཙམ་གྱི་སྔོན་རེད། ཡང་ན་ལོ་ལྔ་ལྷག་གི་གོང་རེད། གང་ལྟར། གྲིབ་མ་དེ་རང་གི་ཡིན་འདོད་ལ་ཉར་ནས་ཡུན་རིང་འགོར་བས་ན། ང་ལ་དེ་ལས་ལྷག་པའི་སྣང་བ་ཅི་ཡང་མེད་པར་གྲིབ་མ་མ་མཐོང་བར་ལོ་མང་འདས་སོང་བསམས། ཡོད་ཚད་གོམས་ལོབས་སུ་གྱུར་ནས་འཇིག་རྟེན་འདི་རང་གཏན་བརྗེད་དུ་འགྱུར་བ་མིན་ན། རང་གི་གྲིབ་མ་མི་ཚོར་བ་ཞིག་ག་ལ་དཔེ། འགྲོ་ཞོར་གོམ་པའི་སྣེ་ལ་ནག་ཡོར་ཡོར་ཐོགས་ཏེ་གང་ནས་གང་ཏུ་ཟགས་ཚར་རམ། ལུས་ལ་སིམ་པའི་བརླན་གཤེར་ཅི་རིགས་སམ། ཁ་ཆར་གྲངས་མེད་ལྟར། ཉི་མ་དཀར་ངོགས་རེ་རེ་ལ་ང་རང་གྲིབ་མས་མ་འགྲོགས་པ་ཞིག་ཡོད་མི་སྲིད། ཡིན་ཡང་། ངས་དངོས་གནས་ཅི་ཡང་མ་ཚོར་བ་འདྲ། དོན་ངོ་མ། ང་ཚོ་ལ་གྲིབ་མ་ཞིག་ཡོད་དམ།

གཉིད་དུ་ཡུར་བའི་དུས། རང་གི་ལུས་པོ་འདིའི་རྣམ་པ་ལ་སྣང་བ་ཅི་ཡང་མི་ཤོར་བ་ལྟར། ངས་རང་གི་གྲིབ་མའི་ཐད་ལ་དོ་སྣང་ཆེན་པོ་མ་བྱས་པ་འདྲ། དགའ་ནས་ལག་པ་གཡུག་དུས་རེ་རེ་ལ་གྲིབ་མའི་བྲོ་གར་ལ་མཉམ་མ་བཞག་ཅིང་། སྡུག་ནས་མགོ་བོ་སྨད་དུས་གང་མང་ལ་གྲིབ་མའི་སོ་སྲུང་ལ་སེམས་མ་ཤོར། མི་དང་བྱ་དངོས་རེ་རེའི་རྣམ་པ་འགྱུར་ནས་ངའི་དྲན་པའི་ནང་གི་པར་རིས་མག་མོག་གི་ཚོན་མདོག་ལ་ལུད་ཡོད་པ་ཚང་མ་གྲིབ་མ་ཡིན་པས་སམ། ཉི་མ་ཕར་ཕར་འགྲོ་དུས་ཀྱི་ཚུར་ཚུར་བཅར་ཡོང་བའི་རི་བོ་ཆེན་པོ་ཞིག་གི་གྲིབ་སོ་རིང་མོ་དེ་ཀུག་ནས་དྲན་པའི་གཞུ་རྒྱུད་རྒྱང་ལ་འཐེན་ཐེངས་རེར། རྒྱང་རིང་གི་བྱིས་པའི་དུས་ཀྱི་ངོ་གདོང་མང་པོ་བྱུང་རིམ་མེད་པའི་དུས་ཚོད་ཅིག་ལ་བབས་ནས་མཛེས་སྡུག་གི་ཕྱིར་དྲན་ཞིག་འཆར་བར་བྱེད་པ་ནི་ཅི་ཞིག་ཡིན་ནམ། གྲིབ་མའི་ཁ་དོག་ཚོན་མདོག་སྣ་མང་དུ་འགྱུར་ནས་པར་རིས་མང་པོའི་ཟློས་གར་ལ་རྩེན་པ་ནས་བཟུང་། ཡོད་ཚད་གྲིབ་མ་ལན་པ་ཡིན་ཡང་སྲིད། ནར་སོན་པ་དང་ལྷན་དུ་ཐང་ལ་ལྷུང་བའི་གྲིབ་མ་རྒྱུད་ལ་འཕོས་པ་ཇི་ལྟར་དཔོག་ཨང་།

མུན་པ་ལ་གོམས་དྲགས་པས་ཡིན་སྲིད། གྲིབ་མ་ནི་རང་ལ་འབྲེལ་བ་མེད་པ་ལྟར་བརྗེད་ཟིན་ནམ། ཤེས་མེད་ཚོར་མེད་དུ་གྱུར་ནས་དུས་སྐབས་ཇི་འདྲ་ཞིག་རྒྱང་ལ་བདས་ཟིན། བརྗེད་ལ་ཉེ་བའི་མི་དག་ཀྱང་དྲན་པའི་ནང་གི་རུས་མིང་གི་བྲག་ཅ་དེ་ཁོ་ནར་ཐོགས་པ་ལས་གཟུགས་སུ་སྣང་བ་ཞིག་ཡེ་ནས་མིན་པ། གྲིབ་མ་ཞེས་པའི་ཐ་སྙད་འདིའི་བག་ཆགས་དང་འདྲ་ཨང་། རེ་ཞིག ཡོད་ཚད་གྲིབ་མའི་བློས་བསླངས་ཤིག་ཏུ་ལྷོད་ཀྱིས་ཆགས་ཡོད་པར་བསམས་ན། འཚོ་གཞིས་ཀྱི་གཏན་འཇགས་འདིའི་ཐམ་ག་རུ་ལས་དབང་ཞེས་པ་ཞིག་གིས་འདི་ལྟར་འཚོ་རུ་བཅུག་པ་ལྟར། མི་དག་གིས་མི་དེའི་ལས་ངོ་མ་བཙོག་གི་ཞེས་བཤད་དུས། ངས་ལས་དབང་ནི་རང་གི་ལུས་ལ་གཟུགས་ཅན་གཟུགས་མེད་ཀྱི་སྤྲུལ་བསྒྱུར་དང་ལྷན་དུ་འདྲེས་པའི་གྲིབ་མ་དེ་དང་མཚུངས་པར། ཆ་བྱད་རེ་རེའི་གསེང་ལ་ཐིམ་ཡོད་སྣང་གིས། རྣམ་འགྱུར་དང་ལྟ་སྟངས་ཅི་ཡང་མེད་པར་མགོ་བོ་སྒུར་དགོས་བྱུང་། ཕྲག་པ་ལྷོད་དགོས་བྱུང་།

དེ་ཡང་མིན་པར། ང་གྲིབ་མ་ཡི་གཟུགས་བརྙན་སྨིན་ཐག་ཆོད་པ་ཙམ་གྱིས་ཁྱོད་ཀྱི་མིག་ལ་མངོན་པ་ནས་བཟུང་། ང་ལ་ངོས་འཛིན་གསལ་བོ་ཞིག་ཡོད་ཀྱང་ཆོག་ལ་མེད་ཀྱང་འོས་མོད། དུས་ཚོད་ལྟར་གཉིད་ལས་སད་ཡོང་བ་དང་། གོམས་གཤིས་ལྟར་མལ་ལས་ལངས་ཡོང་བའི་གཏམ་རྒྱུད་འདི་རུ། ང་ནི་གནས་གཅིག་ཏུ་བསྡད་ནས་མཇུག་འབྲས་ཡོད་ཚད་ཀྱི་ཀི་ཏོ་ལ་བརྩི་སྲུང་བྱེད་པ་ལྟར། སུ་ཞིག་ལ་སྒུག་ཡོད་པ་ནི། ཉིན་རྗེས་ལ་མཚན་དང་མཚན་རྗེས་ལ་ཉིན་མཐུད་པའི་བསྐྱར་ཟློས་འདི་ཡིན་ན། གྲིབ་མར་ཐིམ་ཚར་བའི་འཇིགས་སྐྲག་རིགས་ཤིག་སེམས་ལ་མཆེད་ནས། དྲན་པར་བངས་པའི་མེ་ཏོག་དཀར་དམར་ལ་ཁྱད་པར་ཅི་ཡང་མེད་སྙམ། རྣམ་ཤེས་ལ་འཕྱོ་བའི་དབྱར་གཞུང་དྲོན་མོ་དང་དགུན་ཟླ་འཁྱག་པོ་དེ་གཉིས་ཀྱང་ཁ་རླངས་གཅིག་གི་གཟུགས་སུ་ལྡང་ནས་མི་ལོ་སུམ་ཅུ་ཙམ་རེད། མི་ལོ་སུམ་ཅུའི་རིང་ལ་བདག་འཛིན་དུ་རུང་མིན་མི་ཤེས་པའི་གྲིབ་མ་རིགས་ཤིག་གཞི་ནས་གྲུབ་ཚར། ངས་རང་གི་གྲིབ་མ་མི་མཐོང་བར་རྒྱུ་མཚན་ལོས་ཡོད།

ཡུན་གྱིས། འོད་སྣང་ལ་གོམས་པ་ལྟར། མེ་ལོང་ལ་གཡེང་བའི་བརྙན་དུམ་དེ་རང་ཁྱོད་ཀྱི་མིག་ཟུང་གི་མཚེའུ་ལ་བབས་པའི་ཟླ་གཟུགས་ཀྱི་ཚུལ་གྱིས་ཧ་ཅང་བག་ཡངས་ལྷོད་ཤིག་གི་སྐད་ཅིག་རེ་རེ་གང་ལ་ཡལ། ངོ་མ་བཤད་ན། ཁྱོད་རང་མཐོང་སྣང་ལས་ནུབ་པའི་མཚན་མོ་རེ་རེར་ཡང་། ཡང་ཡང་ཞེ་ལ་བསམ་པའི་རི་མོ་མག་མོག་སྣང་བར་འཁྱུག་པའི་དུས་ཚོད་དེ་ལ་ཁྱོད་ཀྱི་གྲིབ་མ་ཚུར་ལ་ཕེབས་བྱུང་། དེ་འདྲའི་མུན་ནག་སྟུག་པོ་ཞིག་ལས་ཀྱང་ངས་ཁྱོད་གསལ་བོར་མཐོང་ཡོང་། ཁྱོད་ཀྱི་རུས་མིང་སེམས་ལ་བཟློས་ཙམ་གྱིས་འོད་སྣང་གིས་བསྩལ་བའི་ལོངས་སྤྱོད་ཅིག་རྒྱུད་ལ་འཕོས་ཡོང་བས། ངས་ཐོག་མར་རིག་པའི་བག་ཆགས་དེའི་གྲིབ་མ་གློ་བུར་གློ་བུར་དུ་ཚོར་ཡོང་། བར་ཐག་མེད་པའི་འགྱུ་ཤུགས་རྒོད་པོ་སྲོག་ལ་ཞུགས་པའི་གྲིབ་མ་ལེབ་མོ་ཨང་། མུན་པ་འཇམ་པོ་ཨང་། ང་ལ་དངོས་གནས་འབྲལ་ཐབས་ཅི་ཡོད།

ཚ་གདུག་གིས་གཙེ་བའི་ཉིན་གུང་ཞིག་ལ་གྲིབ་ནག་བསིལ་པོ་ནག་སྒོར་རེར་ཡོད་པ་ཞིག་ལས་ངལ་གསོས་ཚུལ་བསམས་ན། སྐྱིད་སྡུག་གི་རི་མོ་གཅིག་ཏུ་བབས་པའི་མི་མང་པོ་ཞིག་གི་ངོ་གདོང་ལས་ཐོབ་པའི་དབུགས་དབྱུང་ལྷོད་པོ་རེ་རེས་འཚོ་གནས་ཀྱི་སྙིང་པོ་གཅིག་ཏུ་བསྡུས་པས་ན། ང་ཚོའི་རྒྱུད་གཅིག་ཏུ་འགོས་པའི་གྲིབ་མ་ནག་པོ་དེ་དངོས་འབྲེལ་རྒྱ་ཆེན་པོ་འདུག ངས་རང་གི་གྲིབ་རིས་བོར་བའི་གཟུགས་བརྙན་དེའི་མངའ་ཐང་དེ་ལྟར་མི་མང་པོ་ཞིག་གི་ལོངས་སྤྱོད་དུ་ཚུད་པ་ཤེས་ཡོད། སྲིབ་ལ་ཆགས་པའི་ཁ་བ་ཞུ་ནས་དབྱར་གཞུང་གི་ལྗང་མདོག་རྣམ་པར་བཀྲ་དུས་སུ། ཧ་ཅང་སྐྱིད་པའི་མེ་ཏོག་གི་བཀྲག་མདངས་དེ་རུ་ཁྱོད་ཀྱི་དགོད་སྒྲ་དང་ཁོ་ཡི་འཛུམ་ཟེར་མཆིས་པས། རྫུབས་སྟུག་པའི་ཡུལ་ལྗོངས་འདིར་ཕྱེ་ལེབ་ཁྲ་ཁྲ་ཁྲ་ལམ་མེར་གང་ལ་འཕུར། ངས་རང་གི་གྲིབ་མ་འདིའི་འཁྲུལ་སྣང་ཆེན་པོ་རུ་གཞན་གྱི་གྲིབ་མའང་བཞིབས་ནས་མཚན་སྨག་གི་དུམ་བུ་སེམས་ལ་བསྲེས་པས། འོད་སྣང་ལ་གོམས་པ་ནས་བརྩམས་ཏེ། ཐམས་ཅད་མུན་ནག་གཞན་ཞིག་གི་འཇིག་རྟེན་ལ་རྒྱས་ཤིང་། ཤ་ཁྲག་གི་གདོས་བཅས་རེ་རེ་བབས་པའི་གྲིབ་མ་འདི་མཐོང་རེག་ཏུ་མེད་པ་མ་གཏོགས་ཧ་ཅང་ཇེ་གསལ་ཡིན་པ་མེ་ལོང་དུ་བཤད་དགོས་སམ།

མ་གཞི་འཇིག་རྟེན་ཧྲིལ་པོ་གྲིབ་མའི་རང་བཞིན་དུ་ཆགས་ནས། ང་ཚོ་གནས་ལུགས་མང་པོ་ཞིག་གི་གཟུགས་བརྙན་དུ་འཚོ་བ་མ་གཏོགས། ཡོད་ཚད་རི་མོར་སྣང་བ་དང་པར་རིས་སུ་འབབ་པ་ཙམ་ལ་འབྲེལ་བ་མེད་པ་འདྲ། ངའི་སྙིང་ཉེ་བའི་བྱིས་དུས་ཀྱི་ངོ་ཚུགས་ཟབ་མོའང་རྒས་དུས་ཀྱི་གོམ་འགྲོས་འཁྱར་འཁྱོར་དེའི་ཤུགས་ལ་ཡུན་གྱིས་འདྲེས་ཀྱིན་མེད་པར་སུ་ཡིས་ཁ་ཚོན་གཅོད་ནུས། གྲིབ་མའི་ཐད་ཀྱི་བསམ་གཞིག་དག་གིས་ང་ནི་རང་ཉིད་ཀྱི་མིག་ལའང་ཡིད་མི་ཆེས་པ་ཞིག་བཟོས་པས། ང་འདི་ལྟར་མགོ་འཁོར་བའི་དུས་ཚོད་དེའི་མཐའ་རུ་ཅི་ཞིག་ཡོད་དམ། ཁ་ཕྱོགས་གཞན་ཞིག་གི་མཐོང་སྣང་དུ་སླར་ཡང་ཕྱིར་ཆགས་ཚུལ་གྱི་བློས་བསླངས་ཤིག་སྒྲུང་དུ་ཕབ་ན། གྲིབ་མ་འཁོར་བའི་རི་རྒན་ཞིག་གིས་སྔར་བཞིན་ངའི་ཚེ་སྲོག་གི་ཆུ་ཕྲན་ཤག་ཤག་བཞུར་བ་ཐོས་སྲིད།

གྲིབ་མ་ནི་མི་གཞན་གྱི་ཡིན་པའི་སྣང་བ་ཞིག་གིས་དེ་ལ་བལྟས་པའི་ཐེངས་གྲངས་རེ་རེ་དཔག་པར་དཀའ་ཡང་། ཡིད་ལ་འོང་བའི་སྣང་བརྙན་དག་གི་མཁའ་དབུགས་སུ་ཁ་དོག་ཅི་ཡང་མེད་པའི་ངོ་གདོང་དག་ཤར་ཚེ། མིག་ཤེས་ཀྱིས་བྲིད་པའི་གོ་དོན་ཞིག་བསྐྱར་དུ་ཆགས་ཡོང་།སྐབས་འདིར། ཁྱོད་གཞན་གྱི་གྲིབ་མ་ཡིན་ནི་མིན་ནམ་ཞེས་སྐད་ཆེན་པོས་བསྡིགས་ཀྱང་ཆོག རང་ཉིད་མི་གཞན་གྱི་གྲིབ་མ་ཡིན་སྣང་གིས་ཡོད་ཚད་འཁྲུལ་ཏེ་རབ་རིབ་མག་མོག་ཏུ་གྱུར་སོང་།

ཁྱོད་ཀྱིས་ངའི་གྲིབ་མ་མཐོང་མྱོང་ངམ། ངས་ཀྱང་དེ་ལྟ་བུའི་སྣང་ཚུལ་ཞིག་ལ་ཚོད་དཔག་བྱེད་ཐུབ་ཀྱིན་འདུག །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། གཡང་འབུམ་ཚེ་རིང་།
སྒྲིག་སྦྱོར་པ། གཡང་འབུམ་ཚེ་རིང་།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章