དྲི་མས་མ་གོས་པའི་ལྗང་མདོག་གི་པདྨ།

文摘   2024-11-22 10:00   青海  

དྲི་མས་མ་གོས་པའི་ལྗང་མདོག་གི་པདྨ།

ཟླ10པའི་ཟླ་མཇུག་ལ་སླེབས་དུས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ལྕགས་རི་ཐང་ཞང་རྡོ་རུ་མ་སྡེ་བའི་ག་ས་གང་དུ་སྟོན་ཉམས་ཤིག་ཤར་འདུག་ལ། སྡེ་བའི་ལྟག་རྒྱབ་ཀྱི་རི་མགོའི་སྡོང་ཕྲན་དག་གི་ལྗང་མདོག་ཡལ་ཟིན་ནའང་ཉེ་བའི་ལོ་ཤས་རིང་བཙུགས་པའི་གསོམ་ཤིང་ནི་སྔར་བཞིན་ལྗང་ཐིང་ཐིང་དུ་གནས།
“ཨ་ཁུ། རི་མགོའི་ལྗོན་ཤིང་གི་ཁྲོད་ན་ངས་བཙུགས་པའི་ལྗོན་ཤིང་ཡོད།”ད་ལོར་མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པར་སླེབས་པའི་ལྷ་མོ་སྐྱིད་འོས་འགན་སྡོང་འཛུགས་ནང་ཞུགས་ནས་ལོ6ལྷག་ཕྱིན་ཡོད། ལོ་འགོར་པདྨ་རྫོང་གི་འོས་འགན་སྡོང་འཛུགས་ནང་ཞུགས་མཁན་གྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ས་རྒོད་དང་རི་རྒོད་སྤྱི་ཆིང7ལྷག་ལ་སྡོང་པོ་བཙུགས་པ་དང་། ལྗོན་ཤིང་སྣ་ཚོགས་ཁྲི3.5ལྷག་ལས“ནགས་ཚལ་ཐར་ཐོར”དང་།“རི་མགོ་སྐྱ་བོ”“རི་ལྡེབས་སྐྱ་བོ”བཅས་སླར་ཡང་ལྗང་མདོག་ཏུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག
རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ནི་པདྨ་རྫོང་གི་ལོ་རེའི“གཏན་འཁེལ་བྱ་སྤྱོད”ཅིག་ཡིན་ལ་ལོ་མང་རིང་ཚང་མ་གོམས་ལོབས་སུ་གྱུར་པའི་བྱ་སྤྱོད་ཅིག་ཀྱང་རེད། མི་འབོར་ཁྲི3ལྷག་ལས་མེད་པའི་རྫོང་དེར་འོས་འགན་སྡོང་འཛུགས་ནང་ཞུགས་མྱོང་ཡོད་པའི་མི་གྲངས་རགས་རྩིས་བྱས་ན་ཕྱེད་ཀ་ཟིན་ཡོད། ལོ་ནས་ལོ་རུ་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གྱི་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། ས་གནས་དེ་གས་མིས་ཐབས་ལ་བརྟེན་ནས་ནགས་ཚལ་སྤྱི་ཆིང800ལྷག་བསྐྲུན་པ་དང་། ཞན་འགྱུར་རྩྭ་ས་དང་ས་ནག་རི་ལྡེབས་སྤྱི་ཆིང3600ལྷག་ཡོད་པར་ཡང་བསྐྱར“གོས་ལྭ་ལྗང་གུ”བཀླུབས་བྱུང་།
སྨར་ཁོག་ཆུ་བོའི་ཆུ་ལག་གཙོ་བོ་སྟེ་ཁེ་ཁོག་ཆུ་བོ་ནི་པདྨ་རྫོང་ཡར་ཐང་ཞང་གི་ཁོངས་སུ་བཞུར་གྱིན་ཡོད་ལ།དེའི་རྒྱུད་དུ་གླ་བ་དང་སྲམ་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་ཏུ་གཏོགས་པའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་པ་དང་། གངས་ལྷ་མེ་ཏོག་དང་། སྙི་བ། དབྱར་རྩྭ་དགུན་འབུ་སོགས་ཀྲུང་ལུགས་དང་བོད་ལུགས་སྨན་སྣ་རྩ་ཆེན་བརྒྱ་ལྷག་ཡོད།
“ང་རང་གཞོན་པའི་དུས་སུ། གནས་དེར་ཡོང་ནས་རི་སྐྱེས་སྲོག་ཆགས་འཛིན་པ་དང་། སྨན་རྩྭ་འཐུ་རུ་ཡོང་མཁན་མང་པོ་ཡོད། ད་སྐབས་སྐྱེ་ཁམས་སྲུང་སྐྱོབ་སྔར་བས་ཇེ་དམ་དུ་ཕྱིན་པ་དང་། ང་ཚོ་སྐྱེ་ཁམས་བདག་སྐྱོང་པར་གྱུར་པས་ཉིན་ལྟར་སེམས་ལ་དྲན་པ་ནི་བྱ་བ་ཧུར་ཐག་གིས་བསྒྲུབས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཕ་ཡུལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་ད་ལོར་ལོ་ན55ལ་སླེབས་པའི་སྐྱེ་ཁམས་བདག་སྐྱོང་པ་ཚེ་རྣམ་གྱིས་སྔོན་ཆད་དང་ད་ལྟའི་ཁེ་ཁོག་ཆུ་བོའི་སྐོར་གླེང་སྐབས་སྤོབས་པ་དང་བཅས་བཤད། ཁོས་ད་དུང་བཤད་རྒྱུར། ད་སྐབས་མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་ཕྱིན་ཡོད་པས་ཅི་ཞིག་བསྒྲུབས་ཀྱང་གཟབ་གཟབ་བྱས་ཏེ། ས་ངོས་ལ་གཏོར་བརླག་ཐེབས་ན་ལྗང་མདོག་གི་རི་བོ་ཡོད་མི་སྲིད་པའི་དོན་ལ་སེམས་ཁྲལ་བྱེད་བཞིན་པར་མ་ཟད། ལྐོག་རྔོན་རྒྱག་མཁན་གྱིས་བཞག་པའི་རྙི་ཡང་ཧ་ལམ་མཐོང་རྒྱུ་མི་འདུག
པདྨ་རྫོང་དུ་ཚེ་རྣམ་དང་འདྲ་བའི་སྐྱེ་ཁམས་བདག་སྐྱོང་པའི་ནང་ཞུགས་མཁན་གྱི་མི700ཙམ་ཡོད་པ་དང་། ཁོ་ཚོས་སྐོར་སྲུང་ཚོགས་ཆུང་དང་མི་གཅིག་གིས་འགན་འཁུར་བའི་རྣམ་པའི་ཐོག་ནས་དྲ་མིག་རྣམ་པའི་འགན་འཁྲིའི་ཁུལ་དུ་རང་འགན་རང་སྒྲུབ་བྱེད་ཀྱིན་ཡོད། ཚེ་རྣམ་གྱིས་གསར་འགོད་པར་བཤད་རྒྱུར། རང་ཉིད་ཀྱིས་སྣེ་ཁྲིད་པའི་སྐོར་སྲུང་ཚོགས་ཆུང་གིས་ལོ་གཅིག་གི་ནང་ཉིན40ནས50བར་ངལ་གསོ་བྱས་པ་ཕུད། དུས་ཚོད་ཕལ་ཆེ་བ་སྐོར་སྲུང་གི་ལམ་དུ་ཡོད།
“ང་ཚོ་ཙམ་མིན་པར་སྡེ་བའི་ནང་གི་མི་ཚང་མ་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་ཡོད།”ཚེ་རྣམ་གྱིས་བཤད་རྒྱུར། ལོ་འདི་འགའི་རིང་དྲིལ་སྒྲོག་དང་ཁྲིད་སྟོན་རྒྱ་ཁྱབ་བྱས་པ་དང་བསྟུན་ནས། ས་གནས་དེ་གའི་འབྲོག་པ་ཚོ་སྐྱེ་ཁམས་སྲུང་སྐྱོབ་ནང་ཧུར་ཐག་གིས་ཞུགས་བཞིན་ཡོད་པ་དང་སྐབས་འགར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་གནས་ཚུལ་ཤེས་པ་ན། འཕྲལ་དུ་རང་འགུལ་ངང་ཐེར་འདོན་བྱེད་ཀྱིན་ཡོད། གད་སྙིགས་བཏུ་བ་སོགས་བྱ་བ་ཕྲན་ཚེགས་དག་མི་རྣམས་ཀྱི་གོམས་གཤིས་སུ་གྱུར་ཏེ། རང་འགུལ་ངང་རི་སྐྱེས་སྲོག་ཆགས་སྐྱོབ་རྒྱུ་ནི་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། ཐུབ་བསྟན། 
སྒྲིག་སྦྱོར་པ། ཐུབ་བསྟན། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章