རྒྱབ་གཟུགས། ཕྱུག་བཟའ་ཚེ་སྐྱིད།

文摘   2024-11-26 14:30   青海  


-རྒྱབ་གཟུགས།-

ཕྱུག་བཟའ་ཚེ་སྐྱིད། དཀར་མཛེས།

ཆུ་ཕྲན་ནི་རྐང་ལམ་ཕྲ་མོ་ཞིག་ཐག་རིང་དུ་བསྲིངས་པ་དང་འདྲ་ལ། ཁུ་སིམ་སིམ་དང་ཀྱག་ཀྱོག་ངང་རྒྱང་རིང་ལ་བཞུར།
དེ་བཞིན་བདག་གི་ནང་སེམས་དང་འབྲལ་ཐབས་མེད་པའི་མི་ཞིག་གིས་ཀྱང་། བདག་ལ་ན་ཟུག་དང་སྡུག་བསྔལ་ཆེན་པོ་ཞིག་དྲན་རྟེན་གྱི་ཚུལ་དུ་བཞག་ནས། ཐག་རིང་ཐག་རིང་དུ་ཕྱིན་སོང་།
སྤྱིར་བདག་གི་དྲན་འཛིན་གྱི་མེ་ལོང་ངོས་སུ། ཁོ་མོའི་ཧ་ཅང་གཉོམ་ཆུང་ཆུང་གི་གཟུགས་པོ་དེ་ཉིད་ཤིན་ཏུ་གསལ་མོད། འོན་ཀྱང་དེ་ལས་ཀྱང་གཏན་དུ་བརྗེད་པ་མེད་ལ། དྲན་པར་ཡང་ཡང་འཁོར་འོང་བ་ནི་ཁོ་མོའི་རྒྱབ་གཟུགས་རེད།
ཁོ་མོ་བདག་གི་བརྩེ་དུང་དང་མཛེས་སྡུག་གི་འཇིག་རྟེན་འདི་དང་མ་བྲལ་བའི་ཡར་སྔོན་ཞིག་ལ། ངེད་གཉིས་སྤང་ཐང་དུ་སྤྲོ་གསེང་ལ་ཕྱིན་པ་ཡིན། ཁོ་མོ་ངའི་སྔོན་དུ་ཕྱིན་ཅིང་། ང་རང་ཁོ་མོའི་རྗེས་སུ་དེད་ནས་དལ་བུར་སོང་། སྐབས་དེར། ཁོ་མོའི་གཟུགས་པོ་ཤིན་ཏུ་རྒུད་ཅིང་ཉམ་ཐག་པར་གྱུར་འདུག གོམ་ཁ་དལ་ཞིང་ལུས་མདུན་དུ་གུག མགོ་བོ་སྒུར་སྒུར་བྱས་ནས། ཁོང་དུ་ལྷུང་བའི་མིག་ཟུང་གིས་མོ་རང་གི་གོམ་པའི་འདེགས་འཇོག་ལ་ཧ་ཅང་གཟབ་ནན་གྱིས་བལྟས་ཏེ། མདུན་གྱི་མེ་ཏོག་མང་སར་རྐང་པ་མི་སྤོ་བར། ང་ལའང་མེ་ཏོག་སྟེང་དུ་སྲོག་ལྡན་གྱི་འབུ་རིགས་སྣ་ཚོགས་ཡོད་སྲིད་པས་དེ་དག་བསད་ན་སྡིག་པ་བསགས་ཚུལ་བཤད་ཞོར།སྔོན་ཆད་དམ་ཞིང་འཆིང་བའི་སྐ་རགས་དེ། ད་ནི་ཧ་ཅང་ལྷོད་ཅིང་ཞིག་ལ་ཁད་ལྟ་བུར་གྱུར་འདུག ཚུལ་དེ་ནི་དངོས་ནས་ལའོ་ཧྲེ་ལགས་ཀྱིས་བརྩམས་པའིམཆིལ་བ་ཆུང་ཆུངཞེས་པའི་སློབ་ཚན་ནང་གི་བྱི་ལ་ཆུང་ཆུང་གིས་བཟུང་བའི་མཆིལ་བ་ཆུང་ཆུང་དེས་གཤོག་ཟུང་བསྐུམས་ཏེ“མགོ་བོ་སྒུར་ཞིང་མཆུ་ཏོ་ཆུང་ངུ་ས་ལ་སྦྱར”འདུག་པའི་ངང་ཚུལ་དང་ཀུན་ནས་མཚུངས་སོ། །
དེ་དག་ནི་ཁོ་མོས་ང་ལ་བཞག་པའི་གསུབ་ཐབས་མེད་པའི་སྡུག་བསྔལ་དང་ན་ཟུག་ལས་མ་འདས་ཀྱང་། ད་ནི་དེ་དག་བརྗེད་ཐབས་མི་འདུག་ལ་བརྗེད་ཀྱང་མི་འདོད་པའི། བདག་ཡིད་ཀྱི་དྲན་རྟེན་གསེར་གྱི་གའུ་གཟུངས་གཞུག་དང་ལྡན་པ་ཞིག་ཏུ་གྱུར་ནས་འདུག
འདི་ནི་འདས་ཟིན་པའི་དོན་དག་ཅིག་ཡིན་མོད། འོན་ཀྱང་། བདག་གིས་ཁོ་མོའི་རྒྱབ་གཟུགས་དྲན་པ་ཐེངས་གཅིག་ག་ལ་ཡིན། བདག་གི་ནང་སེམས་ཀྱི་ནམ་མཁའ་ལ་སྤྲིན་ནག་འཐིབས་པའང་ཐེངས་གཅིག་མིན།
རྨོ་བོ་ལགས། ཕྱིར་འདང་རེ་བརྒྱབ་ན། ཁྱེད་ཀྱི་ཡིད་དུ་འོང་བའི་འཛུམ་ཆུང་གི་ཁྲོད་ནས་ང་ཡིས་བདེ་སྐྱིད་རྙེད་ཅིང་། བབ་ཆགས་པའི་བདེ་སྐྱིད་དེ་འདྲ་ད་ནི་ངས་གཏན་དུ་རྙེད་ཐབས་མེད་པ་དང་འདྲ། ཁྱེད་ཀྱིས་ང་ལ་བཤད་མྱོང་བའི་ཁ་ཏ་དང་སློབ་སྟོན་ལྟ་བུའི་སྐད་ཆ་དེ་དག  ད་ལྟ་བསམས་ན་དེ་འདྲའི་ཐབས་ཆག་དང་རྒྱུ་མཚན་སླ་མོ་ཞིག་ཡིན་རུང་། དེ་དག་གིས་ནམ་ཡང་ང་ལ་རང་ཉིད་ནར་སོན་པའི་ཅོང་བརྡ་གཏོང་ཞིང་། ཁྱེད་ཀྱིས་ང་ལ་བཅངས་པའི་འཛད་མཐའ་མེད་པའི་བྱམས་བརྩེ་དང་རེ་འདུན་ཡང་མཚོན་ནས་ཡོད།
རྨོ་བོ་ལགས། བདག་གིས་ཁྱེད་ཀྱི་རྒྱབ་གཟུགས་དང་ཁྱེད་རང་ཤིན་ཏུ་དྲན། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། རིག་འཛིན་ཐར།
སྒྲིག་སྦྱོར་པ། རྡོ་རིན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章