མཐུན་སྒྲིལ་སྡེ་ཁུལ་གྱི་མཛའ་མཐུན་བརྩེ་བ།

文摘   2024-12-01 14:31   青海  

མཐུན་སྒྲིལ་སྡེ་ཁུལ་གྱི་མཛའ་མཐུན་བརྩེ་བ།

“སྦྱིན་བདག་ཁྲེང་ལགས། ཉེ་ལམ་ཚོང་ཅི་འདྲ་རེད། དགུན་ཁ་ཡིན་པས་ནམ་རྒྱུན་ཚོང་ཁང་དུ་སྡོད་སྐབས་ཆུ་གློག་དྲོད་གསུམ་ལ་ངེས་པར་དུ་མཉམ་འཇོག་བྱས་ཏེ། ཚོང་ཁང་དང་རང་གི་བདེ་འཇགས་ཁག་ཐེག་བྱེད་དགོས། ང་ཚོས་རོགས་རམ་བྱེད་དགོས་ས་འདྲ་ཡོད་ཚེ་བཤད་ཆོག”

“ནམ་ཟླ་ཇེ་འཁྱག་ཡིན་པས་རྒན་པ་རྣམས་ལ་དོན་དག་གལ་ཆེན་མེད་ན་སྒོར་མ་འགྲོ། དཀའ་ཁག་ཅི་ཞིག་ཡོད་ན་ང་ཚོར་འབྲེལ་བ་བྱོས་དང་གང་མྱུར་གྱིས་ཐོན་ཡོང་།”

ཟླ11པའི་ཚེས20ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་སྲང་ལམ་གྱི་འཐབ་ཕྱོགས་གཅིག་གྱུར་ཆེད་མངགས་ལས་བྱེད་པ་བསོད་དབང་ལྷ་མོ་སྔ་མོ་ནས་མཐུན་སྒྲིལ་སྡེ་ཁུལ་དུ་ཐོན་ཡོད་ཅིང་། སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། ཚང་མར་དགུན་དུས་ཀྱི་བདེ་འཇགས་བྱ་བར་མཉམ་འཇོག་བྱ་དགོས་པའི་དྲན་སྐུལ་བྱས།

རྒྱལ་དར་ལ་བཀྲག་མདངས་ཆེ། མི་རིགས་རྣམས་མཐུན་སྒྲིལ་དམ།
“དགུན་ཁར་ཚོང་ཁང་དུ་མི་དེ་འདྲ་མང་པོ་མེད་ནའང་། སྲང་ལམ་དང་སྡེ་ཁུལ་གྱི་ལས་བྱེད་མི་སྣ་ནམ་རྒྱུན་ཚོང་ཁང་དུ་ཡོང་ནས་འཚམས་འདྲི་དང་སེམས་ཁུར་བྱེད་སྲིད་པས་སེམས་པ་དྲོད་ཀྱིས་ཁེངས་ཡོད། ངས་ཡུས་ཧྲུའུ་གྲོང་ཁྱེར་དུ་ཚོང་བརྒྱབ་ནས་ལོ་བདུན་འགོར་སོང་། ནམ་ཞིག་ལ་དཀའ་ཁག་དང་ཕྲད་ཚེ་སྡེ་ཁུལ་དང་སྲང་ལམ་གཞུང་སྒྲུབ་ཁང་གིས་བསམ་པ་རྩེ་གཅིག་ཏུ་ང་ལ་རོགས་བྱས་ཏེ་ཐག་གཅོད་བྱེད་སྲིད་ཅིང་། ཡུན་གྱིས་ང་ཚོ་གྲོགས་པོར་གྱུར་ཡོད”ཅེས་ཚོང་ཁང་གི་སྦྱིན་བདག་ཁྲེང་ཧྲི་ཞང་གིས་དེ་ལྟར་བཤད།
“སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བྱ་བ་མཉམ་དུ་སྒྲུབ།”ཐུབ་བསྟན་ནི་སྡེ་ཁུལ་གྱི་ཏང་ཡོན་རྒན་པ་ཞིག་ཡིན་ལ། ཁོས་བཤད་རྒྱུར། “ཏང་ཡོན་ཞིག་ཡིན་ཚེ་སོ་སོའི་ནུས་པ་བཏོན་ཏེ། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་དགོས། ཁྱིམ་མཚེས་བར་གྱི་རྩོད་གཞི་འདུམ་འགྲིག་ནས་གད་སྙིགས་རིགས་དགར་བར་སྐུལ་སློང་དང་སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ། རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་པ་སོགས་བྱ་བ་ཆེ་མ་ཆུང་གསུམ་ཚང་མས་གྲོས་བྱས་ཏེ། ཕན་ཚུན་རོགས་རམ་བྱེད་རྒྱུ་དེ་རིགས་སོ་སོའི་སྡོད་དམངས་ཀྱི་བྱ་སྤྱོད་དང་འཚོ་བའི་གོམས་གཤིས་སུ་གྱུར་ཡོད།”
“སྲང་ལམ་དང་སྡེ་ཁུལ། རིགས་སོ་སོའི་སྡོད་དམངས་ཀྱི་ཐུན་མོང་གི་འབད་འབུངས་འོག་སྡེ་ཁུལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག ལམ་དུ་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས། ང་ཚོའི་ལུས་སེམས་གཉིས་ཀ་ཇེ་བདེ་དང་ཇེ་སྐྱིད་རེད”ཅེས་སྡོད་དམངས་ཀྲའོ་རུའེ་ཆིན་གྱིས་དེ་ལྟར་བཤད།
རྒྱུས་ལོན་པ་ལྟར་ན། ལོ་རེར་སྡེ་ཁུལ་གྱིས་སྲོལ་རྒྱུན་དུས་ཆེན་གྱི་བྱ་འགུལ་སྤེལ་གྱིན་ཡོད་པ་དང་སྡེ་ཁུལ་གྱི་རིགས་སོ་སོའི་སྡོད་དམངས་རྣམས་མཉམ་དུ་འཛོམས་ཏེ་ཟས་གང་ཞིམ་དང་ལྟད་མོ་གང་ཡག་ལ་རོལ་ཞོར་ཕན་ཚུན་ཁ་བརྡ་བྱས་ནས་འདུག་པ་རེད། སྣ་མང་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་བྱ་འགུལ་དེ་མི་རིགས་རིག་གནས་རྒྱུན་འཛིན་དང་ཁྱིམ་མཚེས་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་བཅས་ཀྱི“ཐབས་མཆོག”ཏུ་གྱུར་ཡོད།
སྡེ་ཁུལ་གྱིས་ད་དུང་འཁོར་རྒྱུག་མི་འབོར་གྱི་རྩིས་ཁྲ་བཟོས་ནས་འཁོར་རྒྱུག་མི་འབོར་དང་ཆ་སྒྲིག་བྱེད་པ་དང་གྲོགས་པོ་སྒྲིག་པ། དུས་བཅད་ལྟར་འབྲེལ་འདྲིས་དང་ཁ་བརྡ་བཅས་བྱས་ཏེ་འཁོར་རྒྱུག་མི་འབོར་གྱིས་ཐོ་འགོད་དཔང་ཡིག་ལེན་པ་དང་། ངལ་རྩོལ་ལས་ཞུགས། དཀའ་སྡུག་རོགས་སྐྱོབ། སྲིད་ཇུས་བློ་འདྲི། བཅའ་ཁྲིམས་རོགས་སྐྱོར་བཅས་ཐད“ས་ཚིགས་གཅིག་འཐུས་རྣམ་པའི”ཞབས་ཞུ་མཁོ་འདོན་བྱས་ནས“སྡོད་དམངས་གསར་པ”སྡེ་ཁུལ་གྱི་འཚོ་བར་མགྱོགས་མྱུར་གྱིས་འདྲེས་ཐུབ་པར་བྱས་ཡོད།
མཐུན་སྒྲིལ་སྡེ་ཁུལ་དུ་མི་རིགས་སྣ་མང་འདྲེས་ནས་ཡོད་དེ། བོད་རིགས་དང་རྒྱ་རིགས། ཧུའེ་རིགས། ཟ་ལར་རིགས། སོག་རིགས། པའེ་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་བྱས་ཡོད།
“མཐུན་སྒྲིལ་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་བྱས་ཏེ།‘སེ་འབྲུའི’ཁྱིམ་གཞིས་ཀྱི་བྱ་འགུལ་གཡུལ་ས་བསྐྲུན་ནས་ཞབས་ཞུའི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་ཞིང་། དུས་རྒྱུན་ང་ཚོས་འདི་གར་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་བཞུགས་མོལ་ཚོགས་འདུ་འཚོགས་པ། བློ་གཅིག་སེམས་གཅིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་བཅས་བྱས་པས་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། དུས་མཚུངས་སུ་ཧུར་ཐག་གིས་ཀྲི་པུའུ་མཉམ་འཛུགས་དང་། དཔལ་ཡོན་མཉམ་གཏོད། རྩོད་གཞི་མཉམ་འདུམ། ཞབས་འདེགས་མཉམ་ཞུ། བདེ་འཇགས་མཉམ་འགོག བྱ་འགུལ་མཉམ་སྤེལ་སོགས་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བ་དང་བྱ་བ་མཉམ་དུ་སྒྲུབ་པ་ཡིན”ཞེས་མཐུན་སྒྲིལ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཞུས་ཝེ་ཡིས་དེ་ལྟར་བཤད།
མཐུན་སྒྲིལ་སྡེ་ཁུལ་དང་འདྲ་བར་སྐྱེ་རྒུ་སྲང་ལམ་གྱི་སྡེ་ཁུལ་སོ་སོ་རུ“མཐུན་སྒྲིལ་གྱི་བརྩེ་སེམས”དེ་རིགས་ཀྱིས་ཁེངས་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྲང་ལམ་ཡིན་པའི་སྐྱེ་རྒུ་སྲང་ལམ་གྱིས་ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ལས་ཁུངས་སོ་སོའི་ཏང་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་པས“མིང་ཐོ་ཉིས་འགོད”ཐོག་ནས་ལས་བྱེད་པ་དང་མང་ཚོགས་བར“ཆ་སྒྲིག”པའི་བྱ་འགུལ་དོན་འཁྱོལ་བྱས་ཏེ་ལས་བྱེད་པ་དང་སྡོད་དམངས་བར་དང་། སྡོད་དམངས་དང་སྡོད་དམངས་བར་རྒྱུས་ལོན་གཏིང་ཟབ་དང་ཕན་ཚུན་རོགས་རམ། དཀའ་ངལ་དངོས་སེལ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་རེད།
དེ་དང་ཆབས་ཅིག དུས་སྟོན་རིག་རྩལ་འཁྲབ་སྟོན་དང་གཏམ་བཤད་འགྲན་སྡུར། ཤེས་བྱའི་འགྲན་སྡུར་སོགས་རྣམ་པ་མང་བའི་བྱ་འགུལ་དང་དྲ་ལམ་དང་ཡུལ་དངོས་ཀྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་ཡག་པོ་བཏོད་དེ་སྡོད་མིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་བཏང་།

“མཛུ་གུ་ལྔ་བཅིངས་ཁུ་ཚུར་ལྟར་ཉེ་བའི་ལོ་ཤས་རིང་ང་ཚོས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ། བྱ་འགུལ་སྣ་ཚོགས་སྤེལ་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི‘གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’དུས་རབས་ཀྱི་སྙིང་སྟོབས་སྔོག་འདོན་དང་འགྲེམ་སྟོན་གང་ལེགས་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་བར་གྱི་བརྩེ་སེམས་ཟབ་མོ་མཚོན་པ། ཁོ་ཚོར་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་གི་ངོས་འཛིན་ཟབ་མོ་ཡོང་བར་སྐུལ་སྤེལ་གཏོང་བ། ཚང་མའི་བར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས།ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ངོས་འཛིན་ཐུབ་ཚད་དང་ཞུགས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གཞན་ཡང་གོ་རིམ་ལྡན་པའི་སྒོ་ནས་སྡོད་དམངས་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་དང་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་བ། སྡོད་དམངས་ལ་དངོས་ཕན་བསྐྲུན་པ་བཅས་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་བར་བརྩེ་སེམས་ཟབ་མོ་ལྡན་པ་དང་ཕན་ཚུན་རོགས་རེས་བྱེད་པར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་པས། སྲང་ལམ་དེ་མི་རྣམས་འདུས་སྡོད་མང་བ་དང་། དམངས་ལ་ཞབས་འདེགས་ཞུ་བར་དྲོད་ཁོལ་ལྡན་པ། མི་རིགས་མཉམ་འདྲེས་གཏིང་ཟབ་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཞིབ་ཚགས་ལྡན་པ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་བདེ་སྐྱིད་ལྡན་པའི‘སེ་འབྲུའི’ཁྱིམ་གཞིས་ཤིག་ཏུ་བསྐྲུན་ཡོད”ཅེས་སྐྱེ་རྒུ་སྲང་ལམ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་འགྱུར་མེད་བསྟན་འཛིན་གྱིས་དེ་ལྟར་བཤད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章