དར་ལག་རྫོང་སྨར་འབྲིང་ཞང་གིས་ཐོན་ལས་གཙོ་བོར་དམིགས་ནས་ཕྱུག་འགྱུར་ལ་རོགས་འདེགས་བྱས་པ།
དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་མོས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་རེ”ཡི་གནད་དོན་ཐག་གཅོད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྨར་འབྲིང་ཞང་གིས་ས་གནས་ཀྱི་ས་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བརྟེན་ནས། ཡུལ་བབ་དང་བསྟུན་ནས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། ཁྱད་ལྡན་ཐོན་ལས་བསྐྲུན་ནས་རང་ངོས་ཀྱི་ཁྱད་ཆོས་དང་འཚམ་པའི་བགྲོད་ལམ་བཙལ་ནས། སྡེ་དམངས་ཕྱུག་འགྱུར་ལ་སྣེ་ཁྲིད་པའི་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་ཁར་བསྐྱོད།
སྨར་འབྲིང་ཞང་གིས་རི་ཆུ་ནགས་ཞང་མཚེའུ་རྩྭ་ས་དང་བྱེ་མ་དང་འཁྱགས་ཀླུང་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་པ་དང་། རྩྭ་ས་བྱེ་འགྱུར་སླར་གསོ་བཅོས་སྐྱོང་ལ་རྒྱུན་མཐུད་ནས་སྐུལ་འདེད་དང་། གོང་འོག་མཉམ་འབྲེལ་སྟོབས་ཤུགས་གཅིག་འདོན་དང་། སྲུང་སྐྱོབ་དང་བེད་སྤྱོད། འཛུགས་སྐྲུན། བདག་སྐྱོང་བཅས་མཉམ་འཛིན་གྱི་རྩ་དོན་ལ་བརྟེན་ནས། ནགས་རྩྭའི་དཔོན་པོའི་སྐོར་སྲུང་གི་བྱ་བའི་ནང་རྐྱེན་བཙུགས་པ་དང་། ནགས་རྩྭ་དཔོན་པོས་གནས་གཏན་འཁེལ་ལ་འགན་འཁུར་བ་ལག་བསྟར་བྱས་ཏེ། ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ“མཉམ་རྒྱལ”མངོན་འགྱུར་བྱུང་།
“སྐྱེ་ཁམས་དང་ཐོན་སྐྱེད་གཉིས་ཀ་གཙོ་བ། ཐོན་ལས་དང་ཕན་འབྲས་གཉིས་ཀ་མཉམ་སྒྲུབ”ཀྱི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག སྨར་འབྲིང་ཞང་གི་རྩྭ་ཐང་ཕྱུགས་ལས་ཐོན་སྐྱེད་རྣམ་པ་གང་སར་ཕྱུགས་འཚོ་བ་ནས་རིམ་བཞིན་རང་མོས་ངང་ཕྱུགས་འཚོ་བ་ནས་ཡོངས་གསོ་དང་ཕྱེད་གསོ་དང་ས་ཁོངས་བགར་ནས་རེས་མོས་ཀྱིས་ཕྱུགས་འཚོ་བའི་ཕྱོགས་སུ་འགྱུར་ལྡོག་བྱུང་ལ། རགས་བསྡུས་ཀྱི་ཚོང་གཉེར་ནས་གཅིག་བསྡུས་ཚོང་གཉེར་ལ་འགྱུར་བ་བཏང་ལ། ཁ་གྲངས་རྐྱང་བ་འཕར་བ་ནས་སྤུས་ཚད་ཕན་འབྲས་རིགས་བསྒྱུར་ཕྱོགས་ལ་བསྒྱུར།“རྩྭ་ས་བཀག་ཀྱང་གསོ་སྤེལ་མི་འགོག་པ། ཕྱུགས་ཟོག་ཉུང་དུ་བཏང་ཡང་ཡོང་སྒོ་ཉུང་དུ་མི་གཏོང་བ”ཡི་རྩ་དོན་རྒྱུན་འཁྱོངས་དང་། རང་བྱུང་གི་རྩྭ་སར་སྲུང་སྐྱོབ་དང་མིས་བཟོས་གཟན་རྩྭ་འཕེལ་རྒྱས་གཏོང་བ་བྱེད་ཐབས་གཙོ་བོ་བྱས་པ་དང་། རྩྭ་ཕྱུགས་དོ་མཉམ་ལམ་ལུགས་དོན་འཁྱོལ་དངོས་འབེབས་ལ་སྐུལ་འདེད་བྱས། ཉེ་བའི་ལོ་འགའི་རིང་གི་གཟན་རྩྭའི་རྟེན་གཞིའི་འཛུགས་སྐྲུན་དང་ཕྱུགས་འགོག་རྩྭ་འདེབས་བཟོ་སྐྲུན། ས་ནག་སོགས་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལ་བརྟེན་ནས། སྨར་འབྲིང་ཞང་གི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བ་དང་བསྟུན་རྩྭ་ས་བྱེ་འགྱུར་གྱི་སྔོ་ཁེབས་ཀྱང་འཕར་སྣོན་ནས་རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་ལེགས་བཅོས་བྱུང་བ་རེད།
སྨར་འབྲིང་ཞང་གིས་སྒོ་ཕྱུགས་ཕྱིར་འཚོང་གི་ཤུགས་ཇེ་ཆེར་གཏོང་བ་ནི་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ཀྱི་བྱེད་ཐབས་གལ་ཆེན་ལ་བརྩིས་པ་དང་། ཕྱོགས་ཡོངས་ནས་ཕྱུགས་ཕྱིར་འཚོང་གི་བྱ་བའི་གཙོ་གཞི་འགན་འཁུར་དོན་འཁྱོལ་བྱས་པ་དང་། ཕྱུགས་ཕྱིར་འཚོང་གི་འགན་འཁྲི་རིམ་པ་བཞིན་དབྱེ་ཕྲལ་བྱས་ནས་སྡེ་བ་སོ་སོ་དང་སྡེ་ཁུལ་སོ་སོ། ཁྱིམ་ཚང་སོ་སོ་བཅས་ལ་དོན་འཁྱོལ་བྱས་པ་དང་། རྒྱ་བསྐྱེད་རྣམ་པའི་དོ་དམ་ཁྲིད་སྟོན་གྱིས་ནོར་ལུག་ཕྱིར་འཚོང་དོན་འཁྱོལ་བྱས། 《དར་ལག་རྫོང་གི་ནོར་ནག་ཕྱིར་འཚོང་ལ་སྐུལ་འདེད་བྱེད་པའི་བྱ་དགའི་ཁ་གསབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་ལྟར། ཧུར་ཐག་གིས་ཕྱིར་འཚོང་བྱས་པའི་འབྲོག་པའི་ཁྱིམ་ཚང་ལ་ནོར་ནག་ཕྱིར་འཚོང་བྱ་དགའ་ཁ་གསབ་ཀྱི་མ་དངུལ་སྙན་ཞུ་བྱས་པ་དང་། མིག་སྔའི་བར་དུ། ཞང་ཡོངས་ཀྱིས་ནོར་ནག3695ཕྱིར་འཚོང་བྱས་པ་དང་། ཕྱིར་འཚོང་བྱེད་ཚད100% ལ་སླེབས་ཡོད། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།