ཉོ་བདག་གིས་བར་སྦྱོར་པ་བསྐྱུར་ཏེ་ཚོང་བདག་དང་ཐད་ཀར་དུ་གན་རྒྱ་བཞག་ཆོག་གམ།
ཀུན་དཔལ་གྱིས་བར་སྦྱོར་ཀུང་སི་ཞིག་བཙལ་ཏེ་གཞིས་ཁུལ་ག་གེ་མོ་ཞིག་ནས་ལས་བཟོ་བའི་མལ་ཁང་དུ་རུང་བའི་སྡོད་ཁང་འོས་འཚམ་ཞིག་ཉོ་འཆར་བྱས། བར་སྦྱོར་ཀུང་སིའི་ལས་མི་འབྲུག་ཐར་གྱིས་ཁོར་ཚེ་རིང་གི་མིང་ཐོག་ཏུ་ཡོད་པའི་ཁང་པ་ཞིག་འོས་སྦྱོར་བྱས། ཀུན་དཔལ་གྱིས་ཁང་པར་བལྟས་རྗེས་རིན་གོང་སོགས་ཕྱོགས་གང་ཐད་ནས་ཡིད་ཚིམས་ཏེ། ཕྱོགས་གཉིས་ཀས《ཁང་པར་བལྟས་པའི་ངོས་འཛིན་ཡི་གེ》བྲིས་ཤིང་། དེའི་ནང་ཁ་ཆད་བྱས་དོན། གལ་ཏེ་ཉོ་འཚོང་ལེགས་འགྲུབ་བྱུང་ཚེ། ཀུན་དཔལ་གྱིས་ཁང་རིན་གྱི1.5%ཡི་གླ་ཆ་སྤྲོད་དགོས། དུས་ཚོད་ཡུན་རིང་མ་འགོར་བར། ཁང་བདག་ཚེ་རིང་གིས་བར་སྦྱོར་ཀུང་སི་ནས་ཁང་པའི་ལྡེ་མིག་ཕྱིར་བླངས་པ་དང་། རྗེས་སུ་བར་སྦྱོར་ཀུང་སིས་རྩད་ཞིབ་བྱས་མཐར་ཀུན་དཔལ་གྱིས་བར་སྦྱོར་ཀུང་སིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་སྤྱད་དེ་བར་སྦྱོར་ཀུང་སིར་གསང་སྟབས་ཀྱིས་ཚེ་རིང་དང་བཤུག་སྤྲོད་གྲོས་དན་བཞག་པར་མ་ཟད། ཁང་པའི་ཁང་བདག་གི་མིང་བརྗེ་བའི་འགྲོ་ལུགས་བསྒྲུབས་ཟིན་པ་ཤེས། ཀུན་དཔལ་གྱི་བྱ་སྤྱོད་འདི་ཁྲིམས་འགལ་ཡིན་ནམ།
གྱོད་དོན་འདི་ནི་མངགས་བཅོལ་མཁན“ཚོང་ཐོ་ལས་བུད་པ”ཡི་གནད་དོན་དང་འབྲེལ་ཡོད་དེ། གྱོད་དོན་འདིའི་ནང་ཀུན་དཔལ་གྱིས་བར་སྦྱོར་ཀུང་སིའི་ཁང་ལྟ་ཞབས་ཞུ་ལོངས་སུ་སྤྱད་རྗེས། བར་སྦྱོར་པས་འདོན་སྤྲོད་བྱས་པའི་བར་སྦྱོར་ཞབས་ཞུ་དང་ཁང་པའི་ཆ་འཕྲིན་བེད་སྤྱད་དེ། ཁང་བདག་ཚེ་རིང་དང་ལྐོག་ཏུ་ཁང་པ་ཉོ་བའི་གན་རྒྱ་བཞག བྱ་སྤྱོད་འདི་རིགས་ནི་བར་སྦྱོར་པར་གསང་སྟབས་ཀྱི་སྒོ་ནས་ཐད་ཀར་དུ་ཚོང་བདག་དང་གན་རྒྱ་བཞག་པའི“ཚོང་ཐོ་ལས་བུད་པ”ཡི་བྱ་སྤྱོད་ཀྱི་རིགས་སུ་གཏོགས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། སྤྱོད་སྟངས་འདི་རིགས་ཀྱིས་བར་སྦྱོར་ཀུང་སིར་གླ་ཆ་སྟེར་བའི་འོས་འགན་ལས་གཡོལ་མི་ཐུབ། དེ་ལྟ་ན། བར་སྦྱོར་ཀུང་སིས་གོང་དུ་བརྗོད་པའི་དོན་དངོས་གཞིར་བཟུང་སྟེ་ཀུན་དཔལ་གྱིས་གླ་ཆ་སྤྲོད་པའི་འོས་འགན་འཁུར་དགོས་པའི་རེ་འདུན་ཞུ་ཆོག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན961པ། བར་སྦྱོར་གན་རྒྱ་ནི་བར་སྦྱོར་པས་མངགས་བཅོལ་མཁན་ལ་གན་རྒྱ་འཇོག་པའི་གོ་སྐབས་སམ་ཡང་ན་གན་རྒྱ་འཇོག་པའི་བར་སྦྱོར་ཞབས་ཞུ་འདོན་པ་དང་། མངགས་བཅོལ་མཁན་གྱིས་གླ་ཆ་སྤྲོད་པའི་གན་རྒྱ་ལ་བྱ།
དོན་ཚན965པ། མངགས་བཅོལ་མཁན་གྱིས་བར་སྦྱོར་པའི་ཞབས་ཞུ་དང་ལེན་བྱས་རྗེས། བར་སྦྱོར་པའི་འདོན་སྤྲོད་བྱས་པའི་ཉོ་འཚོང་གི་གོ་སྐབས་སམ་བར་སྦྱོར་ཞབས་ཞུ་བེད་སྤྱད་དེ། བར་སྦྱོར་པར་གསང་སྟབས་ཀྱིས་གན་རྒྱ་བཞག་པ་ཡིན་ན། བར་སྦྱོར་པར་གླ་ཆ་སྤྲོད་དགོས།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་བར་སྦྱོར་གན་རྒྱའི་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་རེད།
བར་སྦྱོར་གན་རྒྱ་ནི་བར་སྦྱོར་པས་མངགས་བཅོལ་མཁན་ལ་གན་རྒྱ་འཇོག་པའི་གོ་སྐབས་སམ་ཡང་ན་གན་རྒྱ་འཇོག་པའི་བར་སྦྱོར་ཞབས་ཞུ་འདོན་སྤྲོད་དང་། མངགས་བཅོལ་མཁན་གྱིས་གླ་ཆ་སྤྲོད་པའི་གན་རྒྱ་ལ་བྱ། བར་སྦྱོར་གན་རྒྱ་དངོས་སུ་བཞག་པ་ནས་བཟུང་། དོ་བདག་གིས་གན་རྒྱའི་ནང་གི་ཁ་ཆད་ལྟར་རང་རང་གི་འོས་འགན་བསྒྲུབ་དགོས་ལ། དངོས་ཡོད་འཚོ་བའི་ཁྲོད་བར་སྦྱོར་གན་རྒྱ་ལས་བསྐྱེད་པའི་རྩོད་གླེང་ཧ་ཅང་མང་ཞིང་། དེའི་ཁྲོད་ཆེས་རྒྱུན་མཐོང་དུ་གྱུར་པ་ནི“ཚོང་ཐོ་ལས་བུད་པ”ཡི་རྩོད་གླེང་རེད།
“ཚོང་ཐོ་ལས་བུད་པ”ཡི་བྱ་སྤྱོད་ལ“བར་སྦྱོར་པ་བསྐྱུར་པ”ཞེས་ཀྱང་ཟེར། དེ་ནི་གན་རྒྱའི་ཕྱོགས་གཅིག་གམ་ཡང་ན་ཕྱོགས་གཉིས་ཀྱི་དོ་བདག་གིས་བར་སྦྱོར་པ་དང་གན་རྒྱ་བཞག་ཟིན་ལ། བར་སྦྱོར་པས་གྲོས་དན་ལྟར་བར་སྦྱོར་ཆ་འཕྲིན་འདོན་པར་མ་ཟད། ཉོ་འཚོང་ཕྱོགས་གཉིས་ཀར་ངོ་ཐུག་གྲོས་བསྡུར་སོགས་བྱེད་དུ་བཅུག་སྟེ་ཉོ་འཚོང་བྱེད་པར་སྐུལ་བའི་འོས་འགན་དང་ཡང་ན་བར་སྦྱོར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། ཉོ་འཚོང་ཕྱོགས་གཅིག་གམ་ཡང་ན་ཕྱོགས་གཉིས་ཀྱིས་བར་སྦྱོར་པར་གླ་ཆ་སྤྲོད་པའི་འོས་འགན་ལས་གཡོལ་བ་དང་ཇེ་ཉུང་དུ་གཏོང་ཆེད། བར་སྦྱོར་པ་བསྐྱུར་ཏེ་སྒེར་ཐོག་ནས་གན་རྒྱ་འཇོག་པའི་བྱ་སྤྱོད་ལ་བྱ། འདི་ནི་ཁ་ཆད་དང་འགལ་བའི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་པས། ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས། མངགས་བཅོལ་མཁན་གྱིས་བར་སྦྱོར་པས་བཏོན་པའི་ཞབས་ཞུ་དང་ལེན་བྱས་པ་དང་། བར་སྦྱོར་པས་འདོན་སྤྲོད་བྱས་པའི་ཉོ་ཚོང་གི་གོ་སྐབས་བེད་སྤྱད་ཡོད་ཚེ། བར་སྦྱོར་པ་བསྐྱུར་ཏེ་ཐད་ཀར་དུ་ཕྱོགས་གསུམ་པ་དང་གན་རྒྱ་བཞག་རུང་། བར་སྦྱོར་པར་གླ་ཆ་སྟེར་བའི་འོས་འགན་སྔར་བཞིན་འཁུར་དགོས། དེ་ལྟར་མ་བྱས་ན། བར་སྦྱོར་པས་ཐད་ཀར་དུ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་ཁྲིམས་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཉིད་ཀྱི་གླ་ཆ་ལེན་དབང་ལ་རྒྱབ་སྦྱོར་བྱེད་པའི་རེ་བ་བཏོན་ཆོག བར་སྦྱོར་པས་བར་སྦྱོར་བྱེད་སྐབས། བདེན་དཔང་ཉར་འཇོག་ལ་གཙིགས་མཐོང་བྱེད་དགོས། དེས་ཕྱོགས་གཅིག་ནས་མངགས་བཅོལ་མཁན་གྱི“ཚོང་ཐོ་ལས་འབུད་པ”ཡི་བྱ་སྤྱོད་འབྱུང་བར་གཡོལ་ཐུབ་ལ། ཕྱོགས་གཞན་ཞིག་ནས“ཚོང་ཐོ་ལས་བུད་པ”ཡི་སྣང་ཚུལ་བྱུང་རུང་གཏུག་གཤེར་གྱི་གོ་རིམ་ཁྲོད་ཉིད་ཀྱི་བསམ་ཕྱོགས་ལ་རྒྱབ་སྐྱོབ་བྱེད་པའི་བདེན་དཔང་ཡོད།
དམངས་ཚོང་བྱ་བའི་ཁྲོད། དྲང་བདེན་དང་དྲང་བཞག་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་ཡང་ཡིན། ཁང་པ་སོགས་ཀྱི་བར་སྦྱོར་ཀུང་སིས་ངལ་རྩོལ་དང་དུས་ཚོད་ཀྱི་མ་རྩ་བཏང་ཡོད་པས། དེ་མཐུན་གྱི་གླ་ཆ་ལེན་འོས་པ་ཡིན། “བསམ་ངན་བཅངས་ནས་ཚོང་ཐོ་ལས་འབུད་པ”དེ་བཅའ་ཁྲིམས་ཀྱི་ངོས་ཐད་ནས་བྱ་མི་རུང་ལ། དྲང་བདེན་དང་དྲང་བཞག་གི་ཁོར་ཡུག་ནང་། ད་གཟོད་དམངས་ཚོང་བྱ་བ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཆོག །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།