ཐུན་ཏེ་རྫོང་གི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་བླངས།

文摘   2024-11-25 10:30   青海  

 






ཐུན་ཏེའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་ལས་གཞི་མཇུག་བསྒྲིལ་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་བླངས།

འཕྲིན་གཏོང་པ། གསེར་མོ་མཚོ། གཅོད་པ་ཐར། སྙིང་དཔལ་རྒྱལ། ཉི་མ་བཟང་བོ།








ཐུན་ཏེ་རྫོང་གི་རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་དུས་ཐེངས་གཉིས་པ་བདེ་བླག་ངང་མཇུག་བསྒྲིལ་ཞིང་། ལས་གཞི་དེས་འབག་བཙོག་དངོས་པོ་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ། རྨ་ཆུའི་སྤུས་ཚད་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། འབའ་ཆུའི་འགྲམ་ངོགས་ཀྱི་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས་ཡོད།

རྨ་ཆུའི་སྟོད་རྒྱུད་དུ་འབབ་པའི་ཐུན་ཏེའི་འབའ་ཆུའི་བཞུར་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་དུས་ཐེངས་གཉིས་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་ས་ཡ་ལྔ་བཏང་བ་དང་། མ་དངུལ་ཡོང་ཁུངས་ལ་ཀྲུང་དབྱང་གི་སྔོན་རྩིས་དངུལ་གཏོང་དང་ཞིང་ཆེན་རིམ་པའི་སྔོན་རྩིས་དངུལ་གཏོང་། རྫོང་རིམ་པས་རང་གྲབས་བྱས་པ་བཅས་ཚུད་ཡོད། ལས་གཞི་འཛུགས་སྐྲུན་བྱ་ཡུལ་དེ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་མགོ་གྲོང་རྡལ། འབའ་ལུང་ཞང་སོགས་ཀྱི་ས་ཁུལ་དུ་ཁྱབ་ཡོད།

ལས་གཞི་དེའི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་གྲས་སུ་སྟོད་རྒྱུད་ཀྱི་མེ་རུ་ཁེ་འདུས་སྡོད་ཁུལ་ནས་སེང་ཁྲི་དགོན་པའི་བར་གྱི་ཆུ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་ཆུ་བཅོས་སྐྱོང་བཟོ་སྐྲུན། དབུས་རྒྱུད་ཀྱི་ཐུན་ཏེ་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭའི་འཁྱིལ་ཆུ་གཙང་སེལ་ཐད་ཀྱི་མིས་བཟོས་བརླན་སའི་བཟོ་སྐྲུན། སྨད་རྒྱུད་ཀྱི་འབའ་ཆུ་དང་རྨ་ཆུའི་འདྲེས་མཚམས་ཀྱི་ཆུའི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན། དེ་མིན་འབའ་ཆུའི་འགྲམ་ངོགས་ཀྱི་འཐུང་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟོ་སྐྲུན་བཅས་ཚུད་ཡོད། ལས་གཞི་དེ2021ལོའི་ཟླ10པའི་ཚེས་25ཉིན་དངུལ་གཏོང་འཆར་གཞི་ཐོབ་པ་ནས2022ལོའི་ཟླ12པའི་ཟླ་མཇུག་ཏུ་ཇུས་འགོད་ཨར་ལས་ཀྱི་སྤྱིའི་སྒྲུབ་འགན་གཙང་ལེན་ཡོངས་འགྲུབ་བྱས་ཤིང་། 2022ལོའི་ཟླ3པའི་ཟླ་མཇུག་ཏུ་ཇུས་འགོད་ཨར་ལས་བྱེད་འགོ་ཚུགས། 2022ལོའི་ཟླ6པའི་ཚེས20ཉིན་ཨར་ལས་སྔོན་གྱི་གྲ་སྒྲིག་ལས་དོན་ཡོངས་འགྲུབ་བྱས་ནས་དངོས་སུ་ཨར་ལས་དུས་མཚམས་སུ་སླེབས། 2022ལོའི་ཟླ6པའི་ཚེས28ཉིན་ཞིང་ཆེན་རིམ་པའི་སྔོན་རྩིས་དངུལ་གཏོང་འཆར་གཞི་རག་པ་རེད། ལས་གཞི་དེའི་སྤྱིའི་ལས་ཕྱོད་དམིགས་ཚད་ནང་ཆུའི་སྤུས་ཚད་སྲུང་སྐྱོབ་དང་འབག་བཙོག་དངོས་པོ་ཉུང་གཏོང་། སྐྱེ་ཁམས་སླར་གསོ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་ཚུད་ཡོད། ལས་གཞི་དེའི་ཞིབ་ཕྲའི་དམིགས་ཚད་ནི་ཐུན་ཏེ་རྫོང་གི་འབའ་ཆུའི་བཞུར་རྒྱུད་ཀྱི་ས་ངོས་ཀྱི་ཆུའི་སྤུས་ཚད་དེ་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི་ཁྲོད་ཀྱི་རིགས་གཉིས་པའི་ཆུའི་སྤུས་ཚད་ལ་སླེབས་པའམ་ཡང་ན་ལེགས་པོ་ཡོང་བར་འགན་ལེན་བྱ་རྒྱུ་དང་། བཟོ་སྐྲུན་རབ་དང་རིམ་པ་བརྒྱུད་དེ་ཆུའི་འབག་བཙོག་དངོས་པོའི་རིགས་ཕྱིར་འབུད་བྱེད་ཚད་ཇེ་ཉུང་དུ་གཏོང་བ། ཆུ་འགྲམ་གྱི་རང་བྱུང་བརླན་ས་སླར་གསོ་དང་མིས་བཟོས་བརླན་ས་འཛུགས་སྐྲུན། ཆུ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། ཆུ་རྒྱུད་ཀྱི་རྩི་ཤིང་སྲུང་སྐྱོབ་དང་ལྗང་བསྒྱུར་ལ་ཤུགས་བསྣན་ཏེ།  ཆུའི་སྐྱེ་ཁམས་ཀྱི་བྱེད་ནུས་ཇེ་མཐོར་གཏོང་བ་དང་ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་ལེགས་བཅོས་ཐད་ཀྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་རྒྱུ་དེ་རེད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章