“6577”ཏེ་མཐོ་སྒང་གི་སྨན་པ་བཟང་པོའི་བདེ་ཐང་ཚབ་ཨང་།

文摘   2024-11-23 09:01   青海  

“6577”ཏེ་མཐོ་སྒང་གི་སྨན་པ་བཟང་པོའི་བདེ་ཐང་ཚབ་ཨང་།

“སྨན་པ། ཁྱོད་གང་ན་ཡོད།”ནངས་སྔ་མོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཉི་མ་ལྷ་མོར་ནད་པ་ཞིག་གི་ཁ་པར་འབྱོར། ཉི་མ་ལྷ་མོའི་ཁ་པར་གྱི་ནང་དུ་ཉིན་རྒྱུན་ཨང་གྲངས་ཆ་མེད་ཀྱི་ཁ་པར་མང་པོ་གཏོང་སྲིད། མོས་བཤད་རྒྱུར། ཞོགས་པའི་ཆུ་ཚོད7པའི་སྟེང་མལ་ལས་ལངས་པ་ནས་ཆུ་ཚོད8པའི་བར་དུ་མོར་ནད་པ་དང་། ཡང་ན་ནད་པའི་ཁྱིམ་བདག་གི་ཁ་པར་བཅུ་གྲངས་ལྷག་འབྱོར་སྲིད།

6577གྱིས་ཁ་པར་སྣེ་ལེན་བྱས་སོང་། དེ་རིང་ཡོན་ཀྲང་གིས་ནད་ལ་བརྟག་ཐུབ་ཀྱིན་འདུག”ཁ་པར་བཏང་བའི་མང་ཚོགས་ཀྱིས་ཡོན་ཀྲང་ཡོད་པའི་གནས་ཚུལ་དེ་སྐད་འཕྲིན་གྱི་ཚོགས་པ་སོ་སོར་བསྐུར་ནས་ས་ཐག་རིང་བའི་ནད་པ་རྣམས་ལ་བརྡ་གཏོང་སྲིད། 6577ནི་ཉི་མ་ལྷ་མོའི་ཁ་པར་ཨང་གྲངས་ཀྱི་མཇུག་གི་ཨང་ཀི་བཞི་པོ་དེ་རེད། ནད་ལ་བལྟ་བའི་མང་ཚོགས་ལ་སྟབས་བདེ་བཟོ་ཆེད་མོའི་ཁ་པར་གྱི་སྒོ་ནམ་ཡང་གཏན་མི་སྲིད།

ཡོན་ཀྲང་ཉི་མ་ལྷ་མོས་བྱིས་པའི་ནད་ལ་བརྟག་བཞིན་པ།
ཉིན་རེའི་ཞོགས་པར། ཉི་མ་ལྷ་མོས་ནན་ཏན་གྱིས་ཁ་པར་རེ་རེར་ཉན་པ་ཡིན། མོས་ནད་པ་ཚོའི་ངག་ནས“དེ་རིང་སྨན་པ་ཡོད་པས་སྐྱིད་པ་ལ”ཞེས་བཤད་པ་ཐོས་དུས་མོ་རང་ཉིད་ལ་སེམས་ཤུགས་ཀྱིས་ཁེངས་འགྲོ  འོན་ཀྱང་མོ་རང་ཁ་པར་ལ་ཉན་རྒྱུར་སྐྲག་པའི་སྐབས་ཀྱང་ཡོད་དེ། དེ་ནི་མོ་རང་གུང་གསེང་དང་ཕྱི་ལ་སློབ་སྦྱོང་དུ་སོང་བའི་སྐབས་སུ་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱེད་མི་ཐུབ་པས་ཚང་མའི་རེ་ཐག་ཆད་དུ་བཅུག་འགྲོ་བར་སྐྲག་པ་རེད། ཚང་མས་མོ་ལ་ཡིད་ཆེས་བྱེད་ཅིང་། ནད་པ་རྣམས་ཀྱིས་མོ་ལ་སེམས་འགུལ་ཐེབས་སུ་བཅུག་མྱོང་བའི་སྐབས་ཀྱང་ཡོད། བརྩེ་བ་འདི་ཉིད་མོས་བྱ་བར་གདོང་གཏད་པའི་སྟོབས་ཤུགས་སུ་གྱུར་ཡོད།
གཤིས་རྒྱུད་འཇམ་ཞིང་ངང་རྒྱུད་རིང་བ་ནི་ཉི་མ་ལྷ་མོས་མི་གཞན་ལ་བཞག་པའི་བག་ཆགས་དང་པོ་དེ་ཡིན་ལ། སྔ་དྲོའི་ཆུ་ཚོད9ཡི་སྟེང་། ཁོ་ཆུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ནད་པ་མང་པོ་ཞིག་ཕྲེང་བསྒྲིགས་ནས་མོའི་མདུན་དུ་ནད་ལ་བརྟག་ཏུ་སླེབས་ཡོད། བྱིས་ནད་ཚན་ཁག་ནས་སྨན་པ་བྱེད་འགོ་བརྩམས་པའི་ཉི་མ་ལྷ་མོས་གཞི་རིམ་གྱི་འཕྲོད་བསྟེན་ཁང་དུ་ལོ་ངོ28ལ་བྱ་བ་བསྒྲུབས་པས་མོ་རང་གཞི་ནས་ཤེས་བྱ་ཀུན་འཛོམས་ཀྱི་སྨན་པ་ཞིག་ཏུ་གྱུར།  ད་ལྟ་ཉེ་འཁོར་གྱི་སྡོད་དམངས་ཚོའི་ཁྲོད་ན་ཉི་མ་རེ་རེར་མོ་བཙལ་ནས་སྨན་པ་སྟོན་མཁན་ཉིན་རེར་མི་སུམ་ཅུ་ནས་བཞི་བཅུ་ལྷག་ཡོད་པ་རེད།
ཉི་མ་ལྷ་མོ1996ལོར་བྱ་བར་ཞུགས་པ་ནས་བཟུང་དགའ་བདེ་རྫོང་མི་དམངས་སྨན་ཁང་དུ་ལོ་ངོ14རིང་ལ་བྱ་བ་བསྒྲུབས་ཤིང་། དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ཏེ་སྨན་བཅོས་ལག་རྩལ་མཐོར་འདེགས་སུ་བཏང་བས་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེང་ས་རུ་གྱུར་ཡོད། བྱ་བའི་ཁྲོད་དུ་མོས་ཁོ་ཆུ་གྲོང་རྡལ་ནས་སྨན་པར་བསྟེན་དུ་ཡོང་བའི་མི་མང་པོ་ངོ་ཤེས་པ་དང་། སྐབས་དེར་ཁོ་ཆུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་སྨན་པ་མེད་པས་སྨན་བཅོས་བྱེད་ཐབས་མེད་པ་རྟོགས་ཏེ། ཉི་མ་ལྷ་མོས་རང་འགུལ་གྱིས་གཞི་རིམ་དུ་སོང་སྟེ་གཞི་རིམ་གྱི་སྨན་བཅོས་བྱ་བར་རོགས་སྐྱོར་བྱ་རྒྱུ་ཁས་བླངས།
“མང་ཚོགས་ཀྱིས་ང་ཚོར་དེ་འདྲའི་ཡིད་ཆེས་བྱས་ན། ང་ཚོ་ཁོ་ཚོའི་ཉེ་སར་མི་བཅར་བའི་རྒྱུ་མཚན་མེད།”2010ལོའི་ཟླ12པར། ཉི་མ་ལྷ་མོ་ཁོ་ཆུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཡོང་བ་ན། སྨི་གྲུ་བཞི་མ10ཅན་གྱི་ཁང་པ་ཞིག་ལས་སྨན་དང་སྨན་སྒྲོམ། སྒྲིག་ཆས་སོགས་གཅིག་ཀྱང་མེད་ལ། ཕྱིས་སུ་ས་གནས་དེ་གའི་ཞང་སྲིད་གཞུང་གི་རྒྱབ་སྐྱོར་གྱི་འོག་ཏུ་འཕྲོད་བསྟེན་ཁང་ལ་སྨན་སྒྲོམ་དང་སྨན་སོགས་ཆ་ཚང་ཡོད་པར་གྱུར།
ལོ་འགའི་སྔོན་ལ། ཧྲང་ཧའེ་གྲོང་ཁྱེར་གྱིས་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་ལ་རོགས་རམ་བྱས་ཏེ་སྨན་བཅོས་བྱེད་སའི་ཁང་མིག10འཛུགས་སྐྲུན་བྱས་ཤིང་། སྲིད་གཞུང་གིས་ཅོག་ཙེ་དང་རྐུབ་སྟེགས་སོགས་གཞི་རྩའི་སྒྲིག་ཆས་དག་མཁོ་འདོན་བྱས་པས། འཕྲོད་བསྟེན་ཁང་གི་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་སྨན་པར་བསྟེན་མཁན་ཡང་ཇེ་མང་དུ་སོང་། དང་ཐོག་ནད་པར་བསམ་འཆར་ཙམ་འདོན་པའམ་ཡང་ན་སྨན་ཁང་གཞན་པ་འོས་སྦྱོར་བྱས་ཏེ་སྨན་པར་བསྟེན་དུ་འགྲོ་རུ་འཇུག་པ་ལས་མི་ནུས་པ་ནས་ད་ལྟ་ནད་ལ་བརྟག་ནས་སྨན་སྟེར་བ་དངBཁྲའོ་ལ་བརྟག་པ། སྨན་བཅོས་བྱེད་ཐུབ་པ་བཅས་བྱུང་ཡོད་པ་ལྟར། ཉི་མ་ལྷ་མོ་ཁད་དང་ཡུན་གྱིས་མོ་རང་གི་དམིགས་འབེན་དེའི་ཕྱོགས་སུ་བསྐྱོད།
ཁོ་ཆུ་གྲོང་རྡལ་གྱི་ཁོངས་གཏོགས་ས་ཁུལ་དུ་སྡེ་བ9དང་སྡེ་ཁུལ2ཡོད་ལ། ཉི་མ་ལྷ་མོ་ཁྱིམ་ཚང་ཕལ་མོ་ཆེར་སོང་མྱོང་ཞིང་། མི་གྲངས་ཁྲི1.2ལྷག་ཡོད་པ་ཁ་ཐོར་དུ་བསྡད་ཡོད་སྟབས། མང་ཚོགས་ལ་སྨན་བཅོས་བྱ་ཐུབ་ཆེད་འཕྲོད་བསྟེན་ཁང་གིས་སྨན་པ་བཀོད་སྒྲིག་བྱས་ནས་ལས་གནས་བརྗེ་རེས་དང་ཕྱི་ལ་སློབ་སྦྱོང་དུ་མངགས་ཏེ་སྨན་བཅོས་ལག་རྩལ་མཐོར་འདེགས་སུ་བཏང་། ད་ལྟ་འཕྲོད་བསྟེན་ཁང་དུ་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ9ཡོད་ཅིང་། དེའི་ནང་དུ་ཞིབ་འཇུག་སློབ་མ2ཡོད། འཇོན་མིའི་འདེགས་སྐྱོར་ཡོད་པས་ཉི་མ་ལྷ་མོར་སྔར་ལས་ལྷག་པའི་ཡིད་ཆེས་ཡོད་པར་གྱུར་ཅིང་། “ངས་གསོག་འཇོག་བྱས་པའི་ཉམས་མྱོང་དག་སྦ་གསང་མེད་པར་ན་གཞོན་ཚོར་བུམ་པ་གང་བྱོ་བྱ་རྒྱུ་ཡིན”ཞེས་བཤད།
སྨན་པ་བྱས་པའི་བརྒྱུད་རིམ་གྱི་ཁྲོད་དུ་ཉི་མ་ལྷ་མོར་སེམས་འགུལ་ཐེབས་སུ་བཅུག་པའི་དོན་དག་ནི་མང་པོ་ཡོད་དེ། ནད་པ་དག་གི་དྭངས་གཙང་ལྷད་མེད་ཀྱི་དྲིན་གཟོ་དང་སེམས་ཁུར་ཡོད་ལ། རེ་བ་སྨན་པ་ལ་བཅོལ་བའི་ངང་སྒུག་ཀྱང་ཡོད། མི་སེམས་འགུལ་བའི་དུས་སྐབས་དེ་དག་གིས་མོ་ལ་སྐུལ་ལྕག་ཐེབས་ཡོད།
ལོ་མང་པོའི་སྔོན་ལ། མངལ་སྐེའི་འབྲས་སྐྲན་བྱུང་བའི་ནད་པ་ཞིག་ལ་དུས་ཚོད6རེའི་མཚམས་སུ་གཟེར་འཇོམས་ཁབ་རེ་རྒྱག་དགོས་པ་དང་། ཕྱིས་སུ་དུས་ཚོད4རེའི་མཚམས་སུ་ཁབ་རེ་རྒྱག་དགོས་ཐུག་ལ། ཉི་མ་ལྷ་མོ་ནད་པའི་ཁྱིམ་དུ་སོང་ནས་ཁབ་རྒྱག་དགོས། ཉིན་ཞིག་ལ་མཚན་མོའི་ཆུ་ཚོད2པའི་སྟེང་དུ་མོ་ལ་ནད་པའི་ཁྱིམ་བདག་གི་ཁ་པར་འབྱོར་བས་ཁྱིམ་ནས་ཕྱིར་བུད་དེ་སོང་བ་ན། སྲང་ལམ་དུ་མོ་རང་གཅིག་པུ་ལས་མེད་ལ། མོ་རང་སྐྲག་ཞོར་དུ་མུ་མཐུད་དུ་སྨན་ཁུག་ཁུར་ཏེ་མདུན་དུ་སོང་། གློ་བུར་དུ་གློག་འོད་ཅིག་གིས་མོའི་ཉེ་འཁོར་གསལ་ལམ་མེར་བྱས་སོང་། མ་གཞི་ནད་པའི་ཁྱིམ་བདག་གིས་ལམ་འགྲམ་དུ་མོ་ལ་སྒུག་ཡོད་ཅིང་། མོའི་མདུན་སར་ལག་སྒྲོན་བཀར་བ་ཡིན་པས་སེམས་འགུལ་གཏིང་ནས་ཐེབས།
དུས་ད་ལྟ་ཡང་ཉི་མ་ལྷ་མོས་འོད་སྣང་དེ་ཡིད་ལ་གསལ་བོར་དྲན་གྱིན་འདུག་ལ་ནད་པའི་ན་ཟུག་ཀྱང་བརྗེད་ག་ལ་སྲིད། མོས་ནམ་རྒྱུན་རང་ལ་གང་མྱུར་གྱིས་ནད་པའི་ནད་རྟགས་ངོས་ཟིན་པར་བྱས་ཏེ། ཅི་ནུས་ཀྱིས་ནད་པའི་འཚོ་བའི་སྤུས་ཀ་མཐོར་འདེགས་བྱ་དགོས་ཞེས་གསལ་འདེབས་བྱེད་ཀྱིན་ཡོད།
ཉི་མ་ལྷ་མོས་ནམ་རྒྱུན་ངང་རྒྱུད་རིང་པོ་དང་དུས་ཚོད་མང་ཤོས་ནད་པའི་སྟེང་དུ་བསྟིམས་པས། ཁྱིམ་ཚང་ལ་དེ་ཙམ་དོ་སྣང་བྱེད་ཐུབ་ཀྱིན་མེད། ནད་པས་མོ་ལ་ཁ་པར་འཕྲོད་ནའང་མོའི་ཁྱིམ་མིའི་ཁ་པར་མོ་ལ་འཕྲོད་ཀྱིན་མེད། ཨ་མ་གླེང་ཚེ་མོ་རང་རང་དབང་མེད་པར་མགྲིན་པ་བརྣངས་དགོས་བྱུང་། ཉི་མ་ལྷ་མོའི་ཨ་མ་ལོ70ཡིན་ཞིང་ལུས་ཀྱི་གནས་ཚུལ་ཡང་བཟང་རྒྱུ་མེད། མོ་རང་ཁྱིམ་གྱི་བུ་མོ་ཆེ་བ་ཡིན་ནའང་དུས་ཚོད་མང་པོ་བཀོལ་ཏེ་ནང་མིར་བདག་སྐྱོང་བྱེད་ཐུབ་ཀྱིན་མེད། ཨ་མ་སྨན་ཁང་དུ་སྡོད་སྐབས་ཉི་མ་ལྷ་མོ་ཨ་མར་བདག་སྐྱོང་བྱེད་དུ་སོང་མོད། ནད་པ་རྣམས་ཀྱིས་རྒྱུན་ཆད་མེད་པར་མོ་ལ་ཁ་པར་ཡོང་བ་མཐོང་བས། ཨ་མས་མོ་རང་ཕྱིར་ལས་གནས་སུ་འགྲོ་རུ་བཅུག་སྟེ་ནད་པ་དག་ལ་རོགས་རམ་བྱེད་དུ་བཅུག
སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད་དུ་མོའི་སེམས་སུ་དྲིན་གཟོ་ཡིས་ཁེངས་ཤིང་འཚོ་བ་འོད་སྣང་གིས་ཕྱུག་ཡོད། མོས་བྱ་བའི་གྲུབ་འབྲས་དང་གཟེངས་བསྟོད་ལ་དྲིན་གཟོ་བྱེད་ཅིང་དེ་དག་རང་ཉིད་མདུན་སྐྱོད་བྱེད་པའི་སྐུལ་ལྕག་ཅིག་ཏུ་བརྩིས་ཡོད།

ཁོ་ཆུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྒོ་ཁར་ཞབས་ཞུའི་དམ་ཚིག་ཅིག་ཡོད་དེ། སྨན་པའི་འགན་འཁྲི་དང་ལས་འགན་ནི་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་དམ་དུ་འབྲེལ་ཡོད། འདི་ནི་འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ཀྱི་ནང་སེམས་ཀྱི་འབོད་སྐུལ་ཡང་ཡིན་ནོ། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章