འཛམ་གླིང་གློག་རྡུལ་གྱི་དུས་རབས་སུ་གོམ་ཁ་བསྒྱུར་པ།

文摘   2024-11-25 11:30   青海  

གློག་རྡུལ་སྦུ་གུ་ཨང་དང་པོ་བུད་པས། འཛམ་གླིང་གློག་རྡུལ་གྱི་དུས་རབས་སུ་གོམ་ཁ་བསྒྱུར་པ།

1904ལོར། འཛམ་གླིང་གི་གློག་རྡུལ་སྦུ་གུ་ཨང་དང་པོ་དེ་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཧྥོ་ལའེ་མེན་གྱི་ལག་ནས་དབུ་བརྙེས་པ་རེད། རྒྱུ་མཚན་དེའི་སྟེང་ནས་ཧྥོ་ལའེ་མེན་ལ་གསར་གཏོད་རྣམ་གྲངས་དེའི་ཆེད་ཕན་བདག་དབང་ཐོབ། གློག་རྡུལ་སྦུ་གུ་ཨང་དང་པོ་བུད་པ་དེས་འཛམ་གླིང་གློག་རྡུལ་གྱི་དུས་རབས་སུ་གོམ་ཁ་བསྒྱུར་པའི་སྒོ་མོ་ཕྱེས།

ཨན་པུའུ་ལུའུ་སི·ཧྥོ་ལའེ་མེན(1849—1945 ) དབྱིན་ཇིའི་དངོས་ཁམས་རིག་པ་བ་ཡིན་ཞིང་། གློག་རྡུལ་སྦུ་གུ་ཨང་དང་པོ — སྟོང་སང་སྦུ་གུ་སྣེ་གཉིས་མ་གསར་གཏོད་བྱས་པ་ལས་གཞན།   ད་རུང་གློག་ཤུགས་ཀྱི་གློག་ཞུ་སྤར་བ་དང་། སྐུད་མེད་གློག་འཕྲིན་དང་ཁ་པར་བཅས་ཇེ་ལེགས་སུ་བཏང་བ་དང་སྦྲགས།  དྲོད་ཚད་དམའ་བའི་འོག་ཏུ་གློག་འགོག་པ་ལ་སོགས་པར་ཞིབ་འཇུག་བགྱིས།

གློག་རྡུལ་སྦུ་གུའི་སྐོར་གླེང་ཚེ། ཐོག་མར“ཨེ་ཏིས་ཧྲིན་ཕན་ནུས”ཞེས་པ་ནས་ལབ་དགོས་པར་འདུག འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་གསར་གཏོད་པ་ཆེན་མོ་ཨེ་ཏིས་ཧྲིན་གྱིས་འོད་དཀར་གློག་སྒྲོན་གྱི་སྤྱོད་ཡུན་ལ་ཞིབ་འཇུག་བགྱིད་སྐབས། གློག་ཞུའི་ཤེལ་ཏོག་ནང་གི་སོལ་སྐུད་དང་ཐག་ཉེ་སར་ལྕགས་རིགས་ལེབ་མོ་གཉིས་ཚ་ལ་བྱས་ཚེ། ཡ་མཚན་ཅན་གྱི་སྣང་ཚུལ་ཞིག་བྱུང་བ་འདི་ལྟ་སྟེ། ལྕགས་རིགས་ལེབ་མོ་དེ་གློག་ཞུའི་འབར་སྐུད་དང་ཐུག་མེད་ན་ཡང་། གལ་སྲིད་དེ་གཉིས་ཀའི་བར་དུ་གློག་གནོན་ཇེ་ཆེར་བཏང་ཚེ། གློག་ཞུའི་འབར་སྐུད་ཀྱི་སྟེང་དུ་གློག་རྒྱུན་ཞིག་ཐོན་ནས་དེ་དང་ཐག་ཉེ་སར་ཡོད་པའི་ལྕགས་རིགས་ལེབ་མོའི་སྟེང་དུ་ཕོག་ཡོང་།
ཟབ་གསང་རྟོགས་དཀའ་བའི་གློག་རྒྱུན་དེ་ནི་གང་ཞིག་ནས་ཐོན་པ་ལ་ཨེ་ཏིས་ཧྲིན་གྱིས་ཀྱང་འགྲེལ་བཤད་རྒྱག་མི་ནུས་མོད། འོན་ཀྱང་ཁོང་གིས་གོ་སྐབས་འཆོར་མེད་སྒོས་གསར་རྙེད་དེའི་ཆེད་ཕན་ཐོ་འགོད་བྱས་ཤིང་། དེར“ཨེ་ཏིས་ཧྲིན་ཕན་ནུས”ཞེས་པའི་མིང་སྦྱར།
གློག་རྒྱུན་དེ་ནི། ཤིན་ཏུ་ཚ་བའི་ལྕགས་རིགས་ལས་ཁོར་ཡུག་ལ་གློག་རྡུལ་འགྱེད་འཕྲོ་བྱས་པ་ལས་ཐོན་པ་ཡིན་པ་ཕྱིས་སུ་གཞན་གྱིས་ར་སྤྲོད་བྱས། ཡིན་ན་ཡང་ཆེས་ཐོག་མར་ཕན་ནུས་དེར་བཀོལ་སྤྱོད་བྱེད་རིན་ཡོད་པ་མ་འོངས་སྔོན་མཐོང་བྱེད་མཁན་ནི་དབྱིན་ཇིའི་དངོས་ཁམས་རིག་པ་བ་དང་གློག་ཤུགས་བཟོ་བཀོད་པ་ཡིན་པའི་ཧྥོ་ལའེ་མེན་ཁོང་ཉིད་ཡིན། 1870ལོར། ཧྥོ་ལའེ་མེན་ལོན་ཏོན་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་སློབ་ཆེན་དེར་དགེ་རྒན་བྱས། 1877ལོར།  ཁོང་ཉིད་ཅཱན་ཆའོ་སློབ་ཆེན་དུ་ལས་གནས་སྤར་ཏེ་དངོས་ཁམས་རིག་པ་བ་སྐད་གྲགས་ཅན་མའེ་ཁི་སི་ཝེའི་ལས་རོགས་པར་གྱུར།   1885ལོར། ཧྥོ་ལའེ་མེན་ཅཱན་ཆའོ་སློབ་ཆེན་གྱི་གློག་ཤུགས་བཟོ་སྐྲུན་གྱི་དགེ་རྒན་ཆེན་མོར་གྱུར། ཕྱིས་སུ་ཁོང་གིས་ཨེ་ཏིས་ཧྲིན་གྱིས་ལོན་ཏོན་དུ་བཙུགས་ཡོད་པའི་ལས་གཉེར་ཁང་དུ་བློ་འདྲི་ས་བགྱིས་ཐོག སྐུད་མེད་གློག་གི་འཕྲིན་གཏོང་གི་ཡབ དབྱི་ཐ་ལིའི་གསར་གཏོད་པ་མཱ་ཁོ་ཉི་དང་མཉམ་ལས་སྒོས་ཞིབ་འཇུག་མཛད།
“ཨེ་ཏིས་ཧྲིན་ཕན་ནུས”ལ་ཁོང་ཉིད་སྤྲོ་བ་ཆེན་པོ་ལངས། མཱ་ཁོ་ཉི་དང་མཉམ་ལས་བྱེད་ཁྲོད་དུ། བར་ཐག་རྒྱང་རིང་བའི་སྐུད་མེད་གློག་གི་འཕྲིན་གཏོང་མངོན་འགྱུར་བྱེད་ན། བློ་གཏད་ཆོག་པའི་གློག་རླབས་གསེད་ཆས་ཐིག་པོ་ཞིག་ངེས་པར་དུ་ཡོད་དགོས་པ་དེ་དེ་དུས་སུའང་ཁོང་གིས་ཚོར་ཡོད་པ་རེད།

འགྲོ་བ་མིའི་གློག་རྡུལ་རྩིས་འཁོརENIACཡི་སྟེང་དུ་གློག་རྡུལ་སྦུ་གུ་ཆིག་ཁྲི་བརྒྱད་སྟོང་སྤྲད་ཡོད། པར་འདི་ནི་སྔོན་ཆད་ཀྱི་གློག་སྦུག་ཅན་གྱི་རྩིས་འཁོར་གྱི་ནང་ཁོག་རེད།

དོན་དམ་དུ། ཕན་ནུས་མཐོ་བའི་གློག་རླབས་གསེད་ཆས་ཤིག་བཙལ་ནས་རྙེད་ཆེད། མཱ་ཁོ་ཉི་ཁ་ཐེ་བའི་ཚན་རིག་པ་གང་མང་ཞིག་གིས་ཚོད་ལྟ་ཐེངས་གང་མང་བྱས་མྱོང་མོད། འོན་ཀྱང་དེ་ཚང་མ་ལས་འདོད་བློ་དང་མཐུན་པའི་ཕན་འབྲས་ཤིག་ལོན་མེད། སྐབས་དེར་ཧྥོ་ལའེ་མེན་གྱི་བློ་རིག་གློ་བུར་དུ་སད་དེ། “ཨེ་ཏིས་ཧྲིན་ཕན་ནུས”བེད་སྤྱད་ནས་སྤེལ་རྒྱུག་གློག་དེ་ཐད་རྒྱུག་གློག་ཏུ་བསྒྱུར་ན་གནད་དོན་དེ་ཐག་བཅད་པ་མིན་ནམ་སྙམ། དེ་ནས་ཁོང་གིས་མདོང་མོའི་དབྱིབས་ཀྱི་ལྕགས་རིགས་ཤིག་གིས་ཨེ་ཏིས་ཧྲིན་གྱི་ལྕགས་ལེབ་ཀྱི་ཚབ་བྱས་ཏེ། དེ་གློག་ཞུའི་འབར་སྐུད་དང་བཅས་པ་ཤེལ་གྱི་གློག་ཞུའི་ཤེལ་ཏོག་གི་ཁོག་ཏུ་བཏུམས། དེ་ལྟར་བྱས་པས་གློག་རྡུལ་སྡུད་ལེན་བྱེད་པའི་རྒྱ་ཁྱོན་ཆེས་ཆེར་ཇེ་ཆེར་བཏང་བར་མ་ཟད། གློག་རླབས་གསེད་པའི་ཕན་འབྲས་ཀྱང་འདོད་བློ་དང་ཤིན་ཏུ་མཐུན་པ་བྱུང་།
ལྕགས་ཀྱི་མདོང་མོ་དེ་ཕོ་གློག་དང་མཐུན་པ་དང་། དེ་གློག་ཞུའི་འབར་སྐུད་དང་མཐུད་ཚེ་ད་གཟོད་གློག་རྒྱུན་རྒྱུག་ཐུབ། དེའི་ཕྱིར་ཧྥོ་ལའེ་མེན་གྱིས་ལྕགས་ཀྱི་མདོང་མོ་ལ “གློག་གི་ཕོ་སྣེ”ཞེས་བྱ་ཞིང་། གློག་ཞུའི་འབར་སྐུད་ལ“གློག་གི་མོ་སྣེ”ཞེས་བྱ། གསར་དུ་ཐོན་པའི་དངོས་པོ་དེའི་ནུས་པ་ནི་གློག་རྒྱུན་ཕྱོགས་གཅིག་ལ་མ་གཏོགས་རྒྱུག་ཏུ་མི་འཇུག་པའི་སྟེམ་སྒོ་ཞིག་དང་ཕལ་ཆེར་མཚུངས་པས། ཧྥོ་ལའེ་མེན་གྱིས་ཐད་ཀར་དེར“སྟེམ་སྒོ”ཞེས་ཟེར་གྱིན་ཡོད།    ཕྱིས་སུ་མི་རྣམས་ཀྱིས་དེར“སྟོང་སང་སྦུ་གུ་སྣེ་གཉིས་མ”ཞེས་པའི་མིང་བཏགས།
འཛམ་གླིང་སྟེང་གི་གློག་རྡུལ་སྦུ་གུ་ཨང་དང་པོ་དེ་དེ་ལྟར་བྱུང་བ་དང་འབྲེལ། ཐོག་མར་སྐུད་མེད་གློག་འཕྲིན་སྡུད་ལེན་འཕྲུལ་འཁོར་སྟེང་དུ་སྤྱད། དེ་བྱུང་བ་ནི་གསར་གཏོད་ཀྱི་ཁྱུ་མཆོག་ཨེ་ཏིས་ཧྲིན་དང་མཱ་ཁོ་ཉི་རྣམ་པ་གཉིས་ཀའི་ཞིབ་འཇུག་གི་རྨང་གཞི་དང་འབྲལ་ཐབས་མེད་ལ། ཧྥོ་ལའེ་མེན་གྱིས་ཕྱོགས་བསྡུས་ཉེར་སྤྱོད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་དང་དེ་བས་ཀྱང་འབྲལ་ཐབས་མེད།
ཚ་གློག་གི་གློག་རྡུལ་གྱི་འཕེན་ནུས་བེད་སྤྱད་དེ་གསར་གཏོད་བྱུང་བའི་གློག་རྡུལ་སྦུ་གུ་དེས། ཧྥོ་ལའེ་མེན་ལ་ཁྱེར་ཡོང་བ་ནི་མེ་ཏོག་དང་ཐལ་མོ་རྡེབ་སྒྲ་ཁོ་ན་ཙམ་མིན་པར། ད་རུང་དངུལ་སྒོར་མོ་དང་མཚན་སྙན་གྲགས་ཀྱང་ཡོད་པ་རེད། 1904ལོར། ཁོང་གིས་སྟོང་རྐྱང་སྦུ་གུ་སྣེ་གཉིས་མ་གསར་གཏོད་བྱས་པའི་སྟེང་ནས་ཆེད་ཁེ་ཐོབ་པ་དང་ཆབས་ཅིག་ཏུ། དེ་གཞིར་བཞག་གིས1929ལོར་རྗེ་སི(爵士)ཞེས་བྱ་བའི་སྐུ་དྲག་གི་གོ་གནས་ཀྱང་ཐོབ་པ་རེད།
དེ་ཡང་དེང་གི་དུས་འདིར་ཡིན་ཡང་གློག་རྡུལ་སྦུ་གུས་སྔར་བཞིན་དུ་ནུས་པ་སྐྱེད་ཀྱིན་ཡོད། དཔེར་ན་ངོ་བོའི་ཐད་ནས་བལྟས་ན། བརྙན་འཕྲིན་སྟེང་གི་བརྙན་འཆར་ཤེལ་སྦུག་དེ་ཡང་གློག་རྡུལ་སྦུ་གུའི་རིགས་ཤིག་ཡིན། ཁྱིམ་སྤྱོད་རླབས་ཕྲན་ཐབ་ཀའི་ནང་ནས་རླབས་ཕྲན་ཐོན་པར་བྱེད་པའི་ལྷུ་ལག་གཙོ་བོའང་གློག་རྡུལ་སྦུ་གུ་ཡིན། རླུང་འཕྲིན་དང་བརྙན་འཕྲིན། འཕྲིན་གཏོང་འཕྲུལ་ཆས་བཅས་ཀྱི་ནང་དུའང་། མིག་སྔར་གཏོང་ཤུགས་ཚད་ཆེ་བའི་གློག་རྡུལ་སྦུ་གུའི་ཚབ་ཏུ་བཞག་ཆོག་པའི་ཕྱེད་འདྲེན་གཟུགས་ཀྱི་ལྷུ་ཆས་ད་རུང་བུད་མེད།
དེང་རབས་ལག་རྩལ་ཡར་ཐོན་བྱུང་བ་ལས་གློག་རྡུལ་སྦུ་གུ་དར་རྒྱས་ནས་ཉམས་རྒུད་དུ་འགྲོ་བ་བཟོས་པས། མི་རྣམས་ལ“འ་ཆད་འུ་ཐུག་མེ་ཏོག་ལྷུང་བར་གྱུར”ཟེར་བའི་ཚོར་སྣང་ཞིག་སྟེར་མོད། ཡིན་ནའང་གློག་རྡུལ་སྦུ་གུས་འགྲོ་བ་མིའི་ཚན་རྩལ་ཡར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་སྟེང་དུ་བཟུང་བའི་གོ་གནས་ལ་གང་ལྟར་ཀྱང་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་།  མ་འོངས་པར་རྒྱང་ལྟ་བྱས་ན། འབྱུང་འགྱུར་གྱི་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་ནང་དུ། གློག་རྡུལ་སྦུ་གུས་ད་རུང་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ངེས་རེད། །

               (སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། སྟག་ལྷ་སྐྱབས། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章