དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྟངས་གླེང་བ།

文摘   2024-11-24 11:30   青海  

སློབ་ཆུང་སློབ་མའི་དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྟངས་གླེང་བ།

ཚ་ནག་པད་མ་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།

ལས་བྱ་ནི་དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། དུས་ཡུན་རེ་རེར་བགར་བའི་བསླབ་ཚན་གྱི་རྨང་གཞིའི་ཤེས་བྱ་དང་གཙོ་གནད་ཁོང་དུ་ཆུད་ཡོད་མེད་ལ་བརྟག་པའི་དཔྱད་གཞི་གཙོ་བོའང་ཡིན། སློབ་གྲྭ་ཞིག་ཡིན་ན་སློབ་སྐབས་གཅིག་གི་རིང་བསླབ་བྱའི་ཁ་གྲངས་དང་། ནང་དོན། སྤུས་ཚད་སོགས་ཀྱི་ཐད་ལ་སློབ་སྟོན་ཁང་ནས་རེ་བ་ངེས་ཅན་བཏོན་ཡོད་པར་མ་ཟད། གནང་བ་རིང་ཐུང་གི་སྐབས་སུའང་ལས་བྱ་བཀོད་སྒྲིག་གི་ཇུས་གཞི་ཞིབ་ཚགས་བཟོས་ཤིང་། ལྷག་པར་དབྱར་དགུན་གནང་གི་གནང་བ་རིང་ཤོས་དེར་ལས་བྱ་བཀོད་སྒྲིག་བྱས་ཏེ་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་མཐོར་འདེགས་གཏོང་བར་འབད་ཀྱིན་ཡོད།

ལས་བྱ་ནི་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱེད་པའི་ཐབས་ཤིག་ཡིན་ཡང་། མི་རེ་རེའི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་ལ་དོ་སྣང་བྱེད་མི་ཐུབ་པའི་གནད་དོན་ཉེན་འཚུབ་ཅན་འབྱུང་སླ། སློབ་མ་གཙོ་གནད་དུ་འཛིན་པ་ནི་དེང་རབས་སློབ་གསོའི་རྩ་བའི་རེ་འདུན་ཡིན་ལ། རྒྱལ་ཡོངས་ཕྱོགས་སོ་སོ་ནས་སློབ་གསོ་བཅོས་བསྒྱུར་གྱི་ལས་འགན་དེ་གལ་ཆེན་དུ་བརྩིས་ནས་བསླབ་ཚན་བཅོས་སྒྲིག་དང་འཁྲིད་ཐབས་མ་ལག་ཅན་དུ་བསྒྱུར་བའི་ཆེད་དམིགས་ཀྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་དང་སྤེལ་མུས་སུ་ཡོད་མོད།  འོན་ཀྱང་གནད་དོན་མི་ཉུང་བ་ཞིག་སྔར་མུས་སུ་འབྱུང་བཞིན་ཡོད། 

དང་པོ།  རྒྱུགས་ལ་བསྟུན་རྒྱུ་ཤུགས་དྲགས་པ།

རྒྱུགས་ནི་སློབ་མའི་དུས་ཡུན་ངེས་ཅན་ནང་དུ་བསླབ་ཚན་གང་དེའི་ནང་དོན་རྟོགས་ཡོད་མེད་ལ་ཚད་འཇལ་བའི་བྱེད་ཐབས་ཤིག་ཡིན་པ་ལས། སློབ་མར་ཡོངས་ཁྱབ་ཀྱིས་ཚད་འཇལ་བྱེད་ཅིག་མིན་མོད། འོན་ཀྱང་སློབ་མ་རྒྱུགས་འབྲས་ཀྱི་ཆེད་དུ་གནས་དགོས་པར་གྱུར་པའི་སློབ་གསོ་གཉེར་ཐབས་ཀྱིས་སློབ་མའི་ཡུན་རིང་གི་ནར་སོན་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ངེས། ཡིན་ནའང་། རྒྱུགས་སྐར་གྱིས་སློབ་གྲྭའི་སློབ་གསོའི་ཆུ་ཚད་འཇལ་བ་དང་། དགེ་རྒན་གྱི་ཡོན་ཚད་འཇལ་བ། སློབ་མ་རབ་འབྲིང་ཐ་གསུམ་དུ་དབྱེ་བའི་འདུ་ཤེས་དེ་སྔར་བཞིན་བག་ཆགས་རིམ་འགྱུར་གྱིས་ཡལ་ཐབས་མེད་པར་ཡོད་པས། ལས་བྱ་བགོ་སྟངས་ཀྱང་དུས་རྒྱུན་གྱི་རྒྱུགས་ལ་དམིགས་ནས་ཡོད་ཅིང་། དགེ་རྒན་ཚོས་ཀྱང་སློབ་མར་གསལ་འདེབས་བྱེད་དུས་རྒྱུགས་སྐར་གྱི་ཕན་ཁེ་བགྲང་ནས་ལས་བྱར་མཛུབ་སྟོན་བྱེད། དེ་བས་དབྱར་དགུན་གནང་གི་ལས་བྱའང་གཙོ་བོ་དགེ་རྒན་ཉམས་མྱོང་ཅན་དག་གི་རྒྱུགས་སྐར་ཇེ་མཐོར་གཏོང་བའི་ཐབས་ལ་དམིགས་ནས་བཀོད་སྒྲིག་བྱེད་བཞིན་ཡོད།

སློབ་གྲྭ་གང་ཞིག་ཡིན་རུང་རྒྱུགས་ལེན་པ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་བྱེད་ཐབས་ཤིག་ཏུ་ངོས་འཛིན་བྱས་ཡོད་ལ། “རྒྱུགས་ལེན་པ་དེར་ཕྱོགས་སུ་ལྷུང་བའི་ཆ་ཡང་ཡོད”དེ། བསླབ་ཚན་གང་དེའི་ནང་དོན་གྱི་ཤེས་བྱ་རྣམས་བློར་འཛིན་པ་དང་། གཅིག་གྱུར་གྱི་དྲིས་ལན་འདེབས་སུ་བཅུག་ན་བསམ་གཞིག་གི་བར་སྟོང་ཇེ་དོག་ཏུ་འགྲོ་བས། རྒྱུགས་སྐར་མཐོ་རུ་གཏོང་བའི་ཕྱིར་དུ་སློབ་མའི་ཁམས་དང་མོས་པ། ཐུན་མོང་མ་ཡིན་པའི་རང་གཤིས་ལ་དོ་སྣང་མི་བྱེད་པར། གྲུབ་འབྲས་ནི་སྐར་གྲངས་ལ་གཞི་བཅོལ་དྲགས་པས། སློབ་མའི་སྤྱོད་ལམ་ཐ་དད་པ་ལས་དགའ་ཁ་འཁྱེར་ཕྱོགས་དང་། ཀུན་སྤྱོད་ལྡན་པའི་མི་གཞི་ལེགས་སྐྲུན་གྱི་གཤིན་ས་ཤོར་འགྲོ་བའི་གནད་དོན་འབྱུང་སྲིད་པ་རེད།

དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་ལ་སྐབས་འགར་དགེ་རྒན་རང་ཉིད་ཀྱིས་བཀོད་སྒྲིག་བྱེད་པ་དང་། སྐབས་འགར་སློབ་གྲྭས་གཅིག་གྱུར་གྱིས་ཆེད་སྤྱོད་ཅན་གྱི་རྒྱུགས་གཞིའི་དཔེ་དེབ་ཉོ་བཞིན་ཡོད། སྔ་མས་རྒྱུགས་གཞིའི་ཁྲོད་སྐར་མ་ལོན་ཚད་ཆེ་ཤོས་ཡིན་པའི་ནང་དོན་བཀོད་སྒྲིག་བྱེད་པ་དང་། ཕྱི་མས་རྒྱུགས་གཞི་འབྲི་བའི་ལས་ལ་གོམས་པར་སྐུལ་འདེད་གཏོང་བ་ཡིན་པས། སློབ་གྲྭ་འཚོགས་པའི་སྐབས་ཀྱི་སློབ་སྦྱོང་གི་ཐབས་ལམ་རྒྱུགས་སྐར་མཐོན་པོ་ཐོབ་ཆེད་དུ་དམིགས་པ་དང་། དབྱར་དགུན་གནང་གི་ལས་བྱའང་སློབ་མའི་དགའ་ཕྱོགས་དང་འཇོན་ནུས། ཐུན་མོང་མ་ཡིན་པའི་རྣམ་དཔྱོད་སྔོག་འདོན་ལ་དམིགས་མེད་པར་གཅིག་གྱུར་གྱི་རྒྱུགས་གཞིར་དམིགས་ཡོད།

གཉིས་པ། ཐབས་གཅིག་ཁོ་ན་སྤྱོད་རུང་དུ་འཛིན་པ།

ལས་བྱ་ནི་སློབ་སྦྱོང་བྱེད་པའི་ཐབས་ཀྱི་ཆ་ཤས་གཙོ་བོ་ཞིག་ཏུ་ངོས་འཛིན་པ་དང་།  སློབ་མའི་སློབ་སྦྱོང་གི་ནུས་པ་གོང་མཐོར་གཏོང་བའི་བྱེད་ཐབས་རིགས་ཤིག་ཡིན། དེའི་ཕྱིར་སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་ནི་འབྲལ་དུ་མེད་པའི་འོས་འགན་ཞིག་ཏུ་བརྩི། སློབ་སྦྱོང་ནི་སློབ་མ་ནར་སོན་གྱི་གོ་རིམ་ཁྲོད“སློབ་མའི་ལུས་པོའི་སྤུས་ཚད་དང་། སེམས་ཁམས་ཀྱི་སྤུས་ཚད། རིག་གནས་ཀྱི་སྤུས་ཚད། ལས་རིགས་ཀུན་སྤྱོད་ཀྱི་སྤུས་ཚད། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྤུས་ཚད་སོགས་ཕྱོགས་ཡོངས་མཐོར་འདེགས་བྱེད་པ་སྙིང་པོར་འཛིན་དགོས་པའི”ལྟ་བ་དེ་སྤུས་ཚད་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་དུ་འཛིན་པ་ཡིན། གཞི་རིམ་སློབ་ཆུང་དུ་སློབ་གསོ་དང་འབྲེལ་བའི་སྲིད་ཇུས་དྲིལ་སྒྲོག་བྱེད་ཀྱིན་ཡོད་མོད། དངོས་འབེབས་ཀྱི་ཆ་ནས་ད་དུང་སྟོང་ཆར་ལུས་ཡོད། ཤུགས་རྒྱག་ཡུལ་གཙོ་བོ་བསླབ་གཞི་དཔེ་ཆའི་ཐོག་གི་ཤེས་བྱ་ཡིན་པའི་སློབ་གསོ་གཉེར་སྟངས་དང་དེར་བསྟུན་གྱི་སློབ་སྦྱོང་བྱེད་ཐབས་ཀྱིས་སློབ་མ་རྣམས་ཀྱི་དུས་རྒྱུན་གྱི་འགན་འཁྲི་ཇེ་ལྕི་རུ་བཏང་ཡོད།

སྤྱིར་ལས་བྱ་མང་པོ་བཀོད་སྒྲིག་བྱེད་པ་དེ་དགེ་རྒན་རང་ངོས་ནས་ཆེད་དུ་སློབ་མའི་ཁོམ་སྐབས་ཀྱི་དུས་ཚོད་བདག་གིར་འཛིན་འདོད་ཀྱི་ཧམ་པའི་དབང་དུ་སོང་བ་ཞིག་མིན་པར། སློབ་མའི་ཆུ་ཚད་འཕེལ་རྒྱས་དང་། རྨང་གཞི་མཐོར་འདེགས། ཕྱོགས་བསྡུས་ནུས་པ་ཇེ་ལེགས་སུ་ཡོང་བར་འདོད་པའི་ཀུན་སློང་གིས“བ་གླང་མི་ཁྱུར་མི་མཉམ་མཉམ་དུ་འཇུག་པའི” སློབ་མ་ཐམས་ཅད་ལ་ཤེས་བྱའི་ཐད་ནས་ཆུ་ཚད་མཐོ་དམའ་མེད་པར་སྙོམས་འདོད་པ་དང་། “མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད།།བདེ་བ་ཆུང་ལ་ཆགས་པ་དེས།།ཆེན་པོའི་བདེ་བ་འཐོབ་མི་སྲིད།།”ཅེས་པའི་ལྟ་བའི་རྗེས་འབྲངས་ཏེ་སློབ་མའི་རྗེས་ཀྱི་འདུན་ལམ་འཚོལ་སྙེག་ཁྲོད་མི་ནུས་མེད་ཅིག་ཏུ་འགྱུར་བར་དོགས་པའི་སེམས་ཁྲལ་གྱིས་ཆུང་དུས་ནས་དཀའ་བ་སྤྱད་ན་འོས་པར་འདོད་པའི་འདུ་ཤེས་ཤུགས་དྲགས་ཀྱིས་བསྐུལ་བ་ཞིག་ཡིན། ཡིན་ནའང་། སློབ་ཆུང་སློབ་མའི་འཇིག་རྟེན་ངོས་འཛིན་པའི་བསམ་བློ་སྨིན་ཐག་ཆོད་མེད་པ་དང་། སྤྲོ་སྣང་དང་མཚར་འཛིན། རྩེད་མོར་དགའ་བའི་ཡོངས་ཁྱབ་ཀྱི་གཤིས་ཀ་ལྡན་པའི་དབང་གིས།  ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ལས་ལྡབ་འགྱུར་གྱིས་ཆེ་བ་རེད།

མདོར་ན་དགེ་རྒན་གྱིས་སྦྱང་འབྲས་ཁོ་ནར་དམིགས་ནས་ཚད་ལྡན་མིན་པའི་ལས་བྱ་བཀོད་སྒྲིག་བྱེད་པ་དེ་ནི་དེང་དུས་ཀྱི་སྤུས་ཚད་སློབ་གསོའི་འགྲོ་སྟངས་དང་འགལ་ཡོད་པར་མ་ཟད། གྲངས་འབོར་མང་དྲགས་པ་དང་བསླབ་དེབ་ཀྱི་ནང་དོན་ལས་ཅི་ཡང་འཕྲོས་མེད་པའི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཀྱིས་སློབ་མའི་བསམ་གཞིག་གི་ནུས་པ་མེད་བརླག་ཏུ་བཏང་སྟེ་སློབ་མར་ཆུང་དུས་ནས་བཙན་གྱིས་བློར་འཛིན་པའི་སློབ་སྦྱོང་གི་བྱེད་ཐབས་ཤིག་ཀྱང་རང་བཞིན་གྱིས་ཆགས་ཡོང་གིན་ཡོད་པ་འདིས་ཡར་སྐྱེད་ཀྱི་བར་སྟོང་ཆེ་ས་ཞིག་རྙེད་མི་ཐུབ།

 གསུམ་པ།ལས་བྱ་མང་དྲགས་པའི་གནད་དོན།

སྤྱིར་དགེ་རྒན་གྱིས་ལས་བྱ་བརྒྱུད་དེ་སློབ་མའི་སྦྱང་འབྲས་ཀྱི་འགྱུར་ལྡོག་ལ་བརྟག་པ་ནི་རྒྱུན་མཐོང་གི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མའི་ལས་བྱ་བརྒྱུད་དེ་སྦྱང་འབྲས་ཐད་ཀྱི་གྲུབ་འབྲས་ཚད་འཇལ་གྱིན་ཡོད། འོན་ཀྱང་དགེ་རྒན་མི་ཉུང་བ་ཞིག་གིས་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཐད་གྲངས་འབོར་མང་དྲགས་པའི་གནད་དོན་ཡོད་ཅིང་། ལས་བྱ་མང་དུ་བཀོད་སྒྲིག་མ་བྱས་ཚེ། སློབ་མ་རྣམས་ཁོམ་དྲགས་ནས་རྩེད་འཇོར་གཡེང་བ་སོགས་སློབ་སྦྱོང་འདོར་ངེས་པ་དང་སྔར་སྦྱང་བའི་ཤེས་བྱ་བརྗེད་པར་དོགས་པའི་སེམས་ཁྲལ་ཤིན་ཏུ་ཆེ་བས། བསླབ་ཚན་རེ་རེ་ལ་ལས་བྱ་ཁ་གྲངས་མང་པོ་བཀོད་སྒྲིག་བྱེད་སྲིད་དེ། དཔེར་ན། ཀོས་ནན་རྫོང་མགོ་མང་གྲོང་རྡལ་སློབ་ཆུང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་པའི《ཆུང་འབྲིང་སློབ་མའི་དབྱར་དགུན་གནང་ལས་བྱ》ལས་སློབ་ཆུང་གི་སྐོར་གྱི་རྒྱུགས་གཞིའི་རྣམ་པར་བསྒྲིགས་ཡོད་པའི་དེབ་དེ་ཉོས་ཏེ་སློབ་མར་འབྲི་རུ་འཇུག་པ་དང་། དེ་ནི་བསླབ་ཚན་སོ་སོའི་ནང་གི་སློབ་ཚན་རེ་རེ་ཡི་ནང་དོན་རྒྱུགས་གཞི་དང་བསྟུན་ཏེ། དྲི་བ་དྲིས་ལན་བཀོད་པ་ཞིག་ཡིན་པས། ཡང་བསྐྱར་ཁྲིད་ཟིན་པའི་བསླབ་ཚན་སོ་སོ་མགོ་ནས་མཇུག་བར་སྦྱང་བ་ཞིག་བྱས་པའི་ཚུལ་དུ་བསྒྲིགས་ཡོད་པ་དང་། ཞོར་དུ་དགེ་རྒན་སོ་སོས་བློར་འཛིན་བཀོད་སྒྲིག་བྱེད་པ་དང་། ལྷག་པར་སློབ་ཆུང་ཁ་ཤས་ཀྱི་དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མའི་དབྱར་དགུན་གནང་གི་ལས་བྱ་ནི་སློབ་སྐབས་རྗེས་མའི་བསླབ་ཚན་གྱི་ནང་དོན་ཧྲིལ་པོ་བློར་འཛིན་དགོས་པའི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཤིག་ཆགས་ཡོད།

སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའི་ཕྱོགས་གང་ཐད་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་བྱུང་བ་དང་། མིའི་སྤུས་ཚད་དང་འཇོན་ནུས་ཐད་ཀྱི་ཚད་གཞི་ཇེ་ཆེར་ཕྱིན་པས་དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་ཁྲིད་ལས་གཞན་དབྱར་དགུན་གནང་གི་དུས་སུའང་སློབ་མའི་སྦྱང་འབྲས་ཁོ་ནར་དམིགས་ནས་ལས་བྱ་མང་པོ་བཀོད་སྒྲིག་བྱེད་པ་དང་། ཁྱིམ་བདག་རྣམས་ཀྱིས་ཀྱང་རང་གི་བྱིས་པ་རྣམས་མི་འཇོན་ནུས་ཅན་ཞིག་ཏུ་འགྱུར་བར་དམིགས་ཏེ། དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་སློབ་མར་ཁྱིམ་ཚང་གི་དགེ་རྒན་གདན་འདྲེན་བྱེད་པ་སོགས་ཀྱིས་སློབ་མའི་ལས་འགན་སྔར་ལས་ཇེ་ལྕིར་བཏང་བས། སློབ་མར་རང་དབང་གིས་འཚར་ལོངས་འབྱུང་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་པ་འདི་ནི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་སོང་བ་ལས་སྤྲད་པའི་གནོན་ཤུགས་ཤིག་ཡིན་ནོ། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། སྟག་ལྷ་སྐྱབས།
སྒྲིག་སྦྱོར་པ། སྟག་ལྷ་སྐྱབས།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章