ས་རུབ་པའི་སྐབས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ལས་བཟོ་པའི་བྱ་འགུལ་ལྟེ་གནས་སུ་གློག་འོད་གསལ་ཞིང་འདུ་འཛི་ཤིན་ཏུ་ཆེ། ཉིན་གཅིག་གི་བྲེལ་འཚུབ་ཀྱི་བྱ་བ་ཚར་རྗེས། ལས་བྱེད་ལས་བཟོ་པ་རྣམས་ལས་བཟོ་པའི་བྱ་འགུལ་ལྟེ་གནས་སུ་ཡོང་ནས་སེམས་པ་གཡེང་བཞིན་ཡོད། གནས་དེར་ཡོ་ག་སྦྱོང་བཞིན་པའི་གདུགས་དཀར་སྐྱིད་ཀྱིས“སྔོན་ཆད་ལས་ཚོགས་གྲོལ་རྗེས་མལ་ཁང་དུ་སོང་ནས་ཁ་པར་རྩེ་བ་དང་། ལས་བཟོ་པའི་བྱ་འགུལ་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ང་ཚོར་སློབ་སྦྱོང་དང་ལུས་སྦྱོང་། རོལ་རྩེད་བཅས་ཀྱི་ཁོར་ཡུག་ཅིག་བསྐྲུན་པས་ང་ཚོའི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད”ཅེས་དགའ་སྤྲོའི་ངང་དེ་ལྟར་བཤད།
ལས་བྱེད་ལས་བཟོ་པའི་བྱ་བའི་འགན་ཁུར་ལྕི་བ་དང་གནོན་ཤུགས་ཆེ་བ། ལས་ཞོར་འཚོ་བ་སྣ་གཅིག་ཡིན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། གཅིག་སྒྲིལ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་པའི་དགོས་མཁོར་དམིགས་ཏེ།“1+N”ཡི་ཞབས་ཞུའི་རིག་ལམ་ལྟར། ཚད་གཞི་མཐོན་པོའི་ངང་ལས་བཟོ་པའི་ཞབས་ཞུའི་ཁོར་ཡུག་འཐུས་ཚང་དུ་བཏང་། ད་ལོའི་ཚུན་ལ། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་པའི་བྱ་བ་དང་འཚོ་བ་ལེགས་སྒྱུར་བྱེད་པ་ནས་འགོ་བརྩམས་ཏེ། ལས་བཟོ་པའི་བྱ་འགུལ་ལྟེ་གནས་རིམ་སྤར་བཅོས་བསྒྱུར་བྱས་ཤིང་། ལས་བྱེད་ལས་བཟོ་པས་ངལ་གསོ་ཁང་དུ་སེམས་ཁམས་གཡེང་བ་དང་ལུས་ཕུང་སྦྱོང་བརྡར་བྱས་ནས་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མཉམ་དུ། ལས་གྲོགས་བར་གྱི་མཐུན་སྒྲིལ་སྤེལ་རེས་ལ་སྐུལ་སྤེལ་བྱས་པ་དང་བྱ་བའི་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ།“1+N”ཡི་ཞབས་ཞུའི་རིག་ལམ་གྱིས་ལས་བཟོ་པའི་བྱ་འགུལ་ལྟེ་གནས་ལ་དོན་སྙིང་གལ་ཆེན་ལྡན་པར་བྱས།
རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་པའི་ཞབས་ཞུའི་ཁོར་ཡུག་འཛུགས་སྐྲུན་དེ་ལས་བཟོ་པའི་འཚོ་བའི་སྤུས་ཀ་མཐོར་འདེགས་ལ་སྐུལ་སྤེལ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྫོང་ཡོངས་སུ་སྐར་རིམ་གསུམ་ཡན་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བཟོ་ཚོགས་ས་ཚིགས་ལྔ་བཙུགས་པ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་དྲོ་སྐྱིད་ལྡན་པའི་གཞིས་གནས་ཤིག་བསྐྲུན་ཏེ། ཁོ་ཚོར་ངལ་གསོའི་ཞབས་ཞུ་ཁོར་ཡུག་བཟང་བོ་ཞིག་མཁོ་འདོན་བྱས། དེ་དང་མཉམ་དུ། གཅིག་གྱུར་མཚོན་རྟགས་དང་གཅིག་གྱུར་གློག་བཀར། གཅིག་གྱུར་པར་རིས་བཅས་ཀྱི་བླང་བྱ་ལྟར། གཡུལ་སའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་བཏང་། ད་སྔ་རྫོང་ཡོངས་ཀྱི་བཟོ་ཚོགས་ས་ཚིགས་ཀྱིས་ཉིན་རེར་ཆ་སྙོམས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མི་ཐེངས80ལྷག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད།
རྗེས་མར། གཅིག་སྒྲིལ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་ལས་བཟོ་པར་ཞབས་འདེགས་ཞུ་བའི་འདུ་ཤེས་རྒྱུན་འཁྱོངས་དང་ལས་བཟོ་པ་རྩ་བར་འཛིན་པ་རྒྱུན་འཁྱོངས་སྒོས་ལས་བཟོ་པའི་ཞབས་ཞུ་ཁོར་ཡུག་འཛུགས་སྐྲུན་ལ་གཟབ་ནན་སྒོས་སྐུལ་འདེད་གཏོང་བ་དང་། རིག་གནས་ལུས་རྩལ་བྱ་འགུལ་སྣ་མང་སྤེལ་ཏེ། ལས་བྱེད་ལས་བཟོ་པའི་དགོས་མཁོ་དང་འཚམ་པའི་ཞབས་ཞུའི་བྱེད་ནུས་ཧུར་ཐག་གིས་གསར་སྤེལ་བྱེད་པ། ལས་བཟོ་པར་སྔར་བས་དྲོ་སྐྱིད་ལྡན་ཞིང་སྔར་བས་གནད་དུ་འཁེལ་བ། སྔར་བས་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་པ། ལས་བྱེད་ལས་བཟོ་པའི་རིག་གནས་འཚོ་བ་བསྟུད་མར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། གཅིག་སྒྲིལ་གྱི་ལས་བྱེད་ལས་བཟོ་པའི་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་རྒྱུ་རེད། །
ཡོང་ཁུངས། གཅིག་སྒྲིལ་རྫོང་སྤྱི་ཁྱབ་བཟོ་ཚོགས།
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།