དགོ་ཕྲུག་བསྐྱབས་ནས་ཕ་ཁྱིམ་གྱི་མཛེས་སྡུག་སྲུང་བ།

文摘   2024-11-26 10:31   青海  

དགོ་ཕྲུག་བསྐྱབས་ནས་ཕ་ཁྱིམ་གྱི་མཛེས་སྡུག་སྲུང་བ།

འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་ཝ་གཞུང་སྡེ་བ་རུ་བྱུང་བའི་གནས་ཚུལ་ཞིག་རེད། སྐབས་དེར། རྨ་ཆུ་ཞང་གི་སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁུར་པ་འཇམ་དབྱངས་རྡོ་རྗེ་དང་འབུམ་སྐྱོང་གཉིས་ཀྱིས་ཏག་ཏག་སྐོར་སྲུང་བྱེད་པའི་སྐབས་སུ་དགོ་ཕྲུག་རྨས་མ་དེ་མཐོང་བྱུང་།
ཟླ11པའི་ཚེས6ཉིན། གསར་འགྱུར་སྒྲོག་སྤེལ་ཚན་ཆུང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དུ་བཅར་འདྲི་བྱེད་སྐབས། འབུམ་སྐྱོང་གིས་གསར་འགོད་པར་ཁ་པར་ནང་གི་འདྲ་པར་དེ་དག་བསྟན་བྱུང་།
“དགོ་ཕྲུག་ལངས་མི་ཐུབ་ལ། ང་ཚོ་ཐག་ཉེར་བཏུད་རྩིས་བྱས་པ་ན་སྔར་ལས་ལྷག་པར་འཕག་འཚག་རྒྱག”འཇམ་དབྱངས་རྡོ་རྗེ་དང་འབུམ་སྐྱོང་གིས་རང་གི་ལྭ་བ་ཕུད་དེ། དགོ་ཕྲུག་གི་ལུས་ལ་གཡོགས་ཤིང་། དེའི་མིག་བཀབ་སྟེ། འཕག་འཚག་མི་རྒྱག་པའི་སྐབས་དེར་ད་གཟོད་ཡང་མོར་པང་ལ་བླངས་ནས་རྫོང་ཐོག་ཏུ་སྨན་བཅོས་བྱེད་དུ་ཁྱེར།
ཏེན་ཧྥུས་དུག་སེལ་བྱེད་པ་དང་། རྐང་པ་དཀྲིས་པ་སོགས། སྨན་བཅོས་གོ་རིམ་རབ་དང་རིམ་པ་ཞིག་བརྒྱུད་མཐར། དགོ་ཕྲུག་འབྲོག་ཁྱིམ་ཞིག་ལ་བཅོལ་ཏེ་བདག་སྐྱོང་བྱེད་དུ་བཅུག  འབུམ་སྐྱོང་གིས་བཤད་རྒྱུར།“དགོ་ཕྲུག་ཐོག་མར་མཐོང་སྐབས་ལུས་སྟོབས་ཞན་པས། ཕལ་ཆེར་རྨས་ཕོག་ནས་ཉིན་ཞག་འགའ་འགོར་ཡོད་པ་འདྲ། དགོ་ཕྲུག་འགུལ་མི་ཐུབ་པའི་རྣམ་པ་དེ་མཐོང་བའི་མོད་ལ། སེམས་ལ་བཟོད་དཀའ་བ་ཞིག་བྱུང་།”
རྗེས་ནས་ཉིན་གཉིས་གསུམ་རེའི་མཚམས་སུ། འཇམ་དབྱངས་རྡོ་རྗེ་དང་འབུམ་སྐྱོང་གཉིས་འབྲོག་ཁྱིམ་དེ་ཚང་ལ་དགོ་ཕྲུག་རྨས་མའི་གནས་ཚུལ་ལ་བལྟ་རུ་ཕྱིན།  “དགོ་ཕྲུག་གི་རྨ་ཁ་ཉིན་རེ་ནས་ཉིན་རེར་དྲག་སྐྱེད་བྱུང་སྟེ། རིམ་གྱིས་ཡར་ལངས་ཤིང་འགྲོ་ཐུབ་པ་མཐོང་བ་ན། རང་གིས་སྒྲུབ་བཞིན་པའི་བྱ་བ་དེ་ལ་དོན་སྙིང་ཡོད་པར་བསམ།”
གཟའ་འཁོར་གཉིས་ཀྱི་རྗེས་ནས། རྨས་དྲག་པའི་དགོ་ཕྲུག་ཁྱེར་ཡོང་ནས་ཕྱིར་རྩྭ་ཐང་ལ་བཏང་། དགོ་ཕྲུག་རྒྱུག་བཞིན་རི་བོའི་ཕ་རོལ་དུ་བསྙེགས་ཏེ་མཐོང་ལམ་ནས་ཡལ་བའི་མོད་ལ། འབུམ་སྐྱོང་གི་མིག་ལ་འབྲལ་མི་བཟོད་པའི་ཉམས་ཤིག་ཤར།
རྨ་ཆུ་ཞང་ནི་རྨ་ཆུའི་བཞུར་རྒྱུད་དུ་གནས་པས་མིང་དེ་ལྟར་ཐོགས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བ་ཡིན་ལ། མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཤིན་ཏུ་མོད་པོ་ཡོད་ལ། མཚེའུ་བགྲང་གིས་མི་ལང་བས། སྐྱེ་ཁམས་གོ་གནས་ཀྱང་ཤིན་ཏུ་གལ་ཆེ།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། འབྲོག་པ་རྣམས་ཀྱིས་སྐྱེ་ཁམས་བདག་སྐྱོང་པའི་འགན་འཁྲི་དང་དུ་བླངས་ཏེ། རྒྱལ་ཁབ་སྤྱི་གླིང་གི་བདག་པོར་གྱུར། འོས་འགན་ས་ཁོངས་ནང་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་ཀླུང་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་སྐོར་སྲུང་ལ་འགན་ཁུར། འབུམ་སྐྱོང་ནི་དེ་དག་གི་ཁྲོད་ཀྱི་གཅིག་རེད།
ལོ41ལ་བུད་པའི་འབུམ་སྐྱོང་གིས2015ལོ་ནས་རྨ་ཆུ་ཞང་དུ་སྐྱེ་ཁམས་བདག་སྐྱོང་པ་བྱས་ཤིང་། ཁོ་ཚང་ལ་ནོར་ལུག་མང་པོ་མེད་ལ་དཔལ་འབྱོར་ཡོང་སྒོ་ཡོད་ཚད་སྐྱེ་ཁམས་བདག་སྐྱོང་པའི་ཟླ་རེའི་ཟླ་ཕོགས་སྒོར1800དང་རྩྭ་སའི་ཁ་གསབ་ལ་བརྟེན་ཡོད།
ཞོགས་པའི་དུས་ཚོད8ཀྱི་སྟེང་ཁྱིམ་ནས་ལམ་ལ་ཆས་ཏེ། གླིང་ཁུལ་ལ་སྐོར་སྲུང་བྱེད་འགོ་བརྩམས་ཤིང་། ཚོ་ཆུང་གཅིག་གི་མི་བཅུ་ཕྲག་གིས་རྩྭ་ས་མུའུ8000(ཕལ་ཆེར་སྤྱི་ཆིང533.33ཟིན་ཡོདལ་འགན་ཁུར་ཡོད། འགན་དུ་བླངས་ཡོད་པའི་ས་ཁོངས་ལ་སྐོར་སྲུང་ཐེངས་གཅིག་བྱས་ན་ཕལ་ཆེར་ཉིན་གཅིག་གི་དུས་ཚོད་དགོས། སྲོད་དུས་ཀྱི་དུས་ཚོད་དྲུག་བདུན་ཡས་མས་ལ་མ་གཏོགས་ཕྱིར་ཁྱིམ་དུ་སླེབས་མི་ཐུབ། དེ་ནི་འབུམ་སྐྱོང་གི་ཉིན་རེའི་བྱ་བའི་དུས་ཚོད་རེའུ་མིག་ཡིན་ལ། སྐྱེ་ཁམས་བདག་སྐྱོང་པའི་ཉིན་རྒྱུན་གྱི་དུས་ཚོད་རེའུ་མིག་ཡང་རེད། སྐྱེ་ཁམས་བདག་སྐྱོང་པ་རེས་ཟླ་རེར་ཉིན20ལྷག་ལ་སྐོར་སྲུང་བྱེད་ཀྱིན་ཡོད།
“རྨ་ཆུ་ཞང་དུ་སྐྱེ་ཁམས་བདག་སྐྱོང་པ་ཁྱོན866ཡོད་ལ། ཆ་སྙོམས་ལོ་གྲངས35ནས40བར་ཡིན། ཁྱིམ་ཚང་གཅིག་ལ་སྐྱེ་ཁམས་བདག་སྐྱོང་པའི་ལས་གནས་རེ་ཡོད་ལ། དེར་བདག་སྐྱོང་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ཤིང་། དུས་རྒྱུན་ད་དུང་ཆེད་ལས་གསོ་སྦྱོང་ཡང་སྤེལ་བཞིན་ཡོད།”འཇམ་དབྱངས་རྡོ་རྗེས་དེ་ལྟར་ངོ་སྤྲོད་བྱས།
འབུམ་སྐྱོང་དང་སྐྱེ་ཁམས་བདག་སྐྱོང་པ་མང་པོའི་སེམས་སུ་བདག་སྐྱོང་ནི་བྱ་བ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་ལྟ་སྲུང་ཞིག་དང་། ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཡིན་པར་འདོད་ཡོད། ཁོ་ཚོར་མཚོན་ནས་བཤད་ན། སྲོག་ཆགས་ཇེ་མང་དུ་གྱུར་པ་དང་། ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ། ཕ་ཡུལ་ཇེ་མཛེས་སུ་ཕྱིན་ན། དེ་ནི་རང་ཉིད་ཀྱི་གཟི་བརྗིད་དུ་རློམ་པའི་བྱ་བ་ཞིག་ཏུ་རྩི་བཞིན་ཡོད། །
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ཆུ་ཁུངས་གསོག་སྐྱིལ་ནུས་པ་མུ་མཐུད་དུ་ཇེ་ལེགས་སུ་སོང་བ།
རྨ་ཆུའི་འགོ་ཁུངས་གླིང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་མཛེས་པ་དང་ཡུན་རིང་བའི་མི་རིགས་རིག་གནས་ཕྱི་ལ་ངོམ་སའི་སྐར་ཁུང་ཞིག་ཡིན།  སའི་གོ་ལའི“སྣེ་གསུམ་པ”སྟེ་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། རྨ་ཆུའི་འབྱུང་ཡུལ་ཡིན་ལ། འཛམ་གླིང་དུ་གཅིག་ལས་གཉིས་མེད་པའི་མཐོ་སྒང་གི་བརླན་སའི་ཁོངས་གཏོགས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ནང་སྒོས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་ཚུན་ལ། རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱིས་རི་ཆུ་ནགས་རྩྭ་ཐང་མཚེའུ་བཅས་ལ་གཞི་གཅིག་ཏུ་སྐོར་སྲུང་བྱ་དགོས་པའི་བླང་བྱ་ལྟར། སྐྱེ་ཁམས་བདག་སྐྱོང “ཁྱིམ་ཚང་རེ་ལ་ལས་གནས་རེ”ཡི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་རྨང་གཞིའི་སྒྲིག་བཀོད་དང་། གཙང་གསུམ་འབྱུང་ཡུལ་དུས་རིམ་གཉིས་པའི་བཟོ་འགོད། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་བདག་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལས་གཞི་བཅས་གཅིག་གྱུར་འཆར་འགོད་ཀྱིས་ལག་ཏུ་བསྟར།  “སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་བཏང་སྟེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་མཚོན་ཁུལ་མཉམ་དུ་བསྐྲུན་པ”བརྗོད་དོན་ཡིན་པའི་ཆེད་དོན་འགུལ་སྐྱོད་དང “ཕུབ་ལྗང”ལྟ་སྐུལ་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་ཏེ། གླིང་ཁུལ་ཕྱི་ནང་གི་རྩྭ་ཐང་དང་། བརླན་ས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ཁག་ཐེག་བྱས།
ལོ་ངོ་མང་པོར་བཅོས་སྐྱོང་དང་སླར་གསོ་བྱས་པ་བརྒྱུད། རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ཆུ་ཁུངས་གསོག་སྐྱིལ་ནུས་པ་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་དང་། སྔོ་ཁེབས་ཚད་མུ་མཐུད་དུ་ཇེ་ཆེར་གྱུར་པ། བརླན་སའི་རྒྱ་ཁྱོན་མུ་མཐུད་དུ་ཇེ་ཆེར་གྱུར་ཅིང་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་སྔར་བས་ཇེ་མཐོར་ཕྱིན། ལྟ་ཞིབ་ཚད་འཇལ་བྱས་པ་ལྟར་ན། རྒྱལ་སྤྱིའི་གཙོ་གནད་བརླན་ས་མཚོ་སྐྱ་རིང་དང་མཚོ་སྔོ་རིང་གི་མཚོ་ངོས་རྒྱ་ཁྱོན2015ལོ་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུ་བཞི་མ117.4ཡིས་ཇེ་ཆེར་གྱུར་ཡོད། རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་མཚེའུའི་གྲངས་འབོར4077ཡོད་པ་ནས5849བར་ཇེ་མང་དུ་ཕྱིན་ཡོད་ལ། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ཡིས་ཇེ་ཆེར་གྱུར་ཡོད་པ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཚད56.3%ལ་སླེབས་ཡོད་པ། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་ཁག21དང་ཚན46རིགས119ལ་འཕར་ཡོད། རྨ་ཆུའི་འགོ་ཁུངས་ཀྱི་མཚོ་མོ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་མངོན་ཏེ། རི་སྐྱེས་སྲོག་ཆགས་ཀྱི་ངལ་གསོའི་དགའ་ཚལ་དུ་གྱུར་ཡོད། །

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། ཐུབ་བསྟན། 
སྒྲིག་སྦྱོར་པ། ཐུབ་བསྟན། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章