གྲོང་ཁྱེར་གྱི་ཁྱིམ་ཐོ་ཡིན་ན་ཞིང་སྡེའི་ཁང་ས་ཉོ་ཆོག་གམ།

文摘   2024-11-23 11:02   青海  




གྲོང་ཁྱེར་གྱི་ཁྱིམ་ཐོ་ཡིན་ན་ཞིང་སྡེའི་ཁང་ས་ཉོ་ཆོག་གམ།


གྱོད་དཔེ།

ལྷ་ཡག་བཟའ་མི་གང་བོས་སྔོན་ཆད་ཞིང་སྡེ་རུ་འཚོ་བ་རོལ་མྱོང་བ་དང་། རྗེས་སུ་གྲོང་ཁྱེར་དུ་ཁང་པ་ཉོས་རྗེས་ཁྱིམ་ཐོའང་གྲོང་ཁྱེར་དུ་སྤར་བ་རེད། ཡིན་ཡང་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཞེས་པའི་དཔེ་ལྟར་ལྷ་ཡག་གི་ཨ་ཕའི་སེམས་སུ་རེ་བ་ཉག་གཅིག་ཡོད་པ་ནི་ཕྱིར་ཕ་ཡུལ་དུ་ལོག་སྟེ་ར་སྐོར་ཆུང་ཆུང་ཞིག་ལས་ནས། ལྷོད་བག་ལྡན་པའི་ངང་ཞིང་གྲོང་གི་འཚོ་བར་རོལ་རྒྱུ་དེ་རེད། དེས་ན་ལྷ་ཡག་གིས་ཁྲོམ་རའི་ཉོ་ཚོང་བརྒྱུད་དེ་ཞིང་སྡེའི་ཁང་ས་ཉོས་ནས་ཨ་ཕའི་རེ་བ་མངོན་འགྱུར་བྱེད་དུ་འཇུག་ཐུབ་བམ།


གྱོད་དོན་དབྱེ་ཞིབ།

གྱོད་དཔེ་འདིའི་ནང་དུ་ལྷ་ཡག་གིས་ཁྲོམ་ར་བརྒྱུད་དེ་ཁང་ས་ཉོ་སྒྲུབ་བྱེད་པའི་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་མཐུན་ལ། ཁོས་མིང་རྟགས་བཀོད་པའི་ཉོ་སྒྲུབ་གན་རྒྱ་དེ་ཡང་ནུས་མེད་གན་རྒྱར་ངོས་འཛིན་པ་སྟེ། ཁང་སའི་སྤྱོད་དབང་གི་བདག་དབང་ཐད་ནས་འགྱུར་ལྡོག་འབྱུང་ཐབས་མེད་པ་རེད། རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་དང་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ཁང་སའི་སྤྱོད་དབང་ནི་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་གང་དེས་ད་གཟོད་སྤྱོད་ཆོག་པའི་དངོས་དབང་ལ་གཏོགས་པ་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་སྟེ་ཐོབ་པའི་ཁེ་དབང་ལ་གཏོགས་པས། རང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་མིན་པའི་མིས་ཐོབ་རྒྱུའི་རེ་བ་བཏོན་པ་དེ་དང་ལེན་བྱེད་མི་དགོས།


འབྲེལ་ཡོད་ཁྲིམས་ཚན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན362པ། ཁང་སའི་སྤྱོད་དབང་འཛིན་མཁན་ལ་ཁྲིམས་ལྟར་ཐུན་མོང་ལ་དབང་བའི་ས་ཞིང་དེ་བདག་བཟུང་དང་བེད་སྤྱོད་བྱེད་དབང་ཡོད། ཁྲིམས་ལྟར་ས་ཞིང་བེད་སྤྱད་དེ་སྡོད་ཁང་དང་དེའི་ཟུར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་དབང་ཆ་ཡོད།

དོན་ཚན363པ། ཁང་སའི་སྤྱོད་དབང་ལེན་པ་དང་ལག་བསྟར། བཤུག་སྤྲོད་སོགས་བྱེད་ན། ས་ཞིང་དོ་དམ་གྱི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱོད་འཐུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམསཀྱི་དོན་ཚན62པ། ཞིང་སྡེའི་དམངས་ཁྱིམ་རེ་ལ་ཁང་ས་གཅིག་རེ་ལས་ཡོད་མི་ཆོག་ལ། ཁང་ས་དེའི་རྒྱ་ཁྱོན་ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱས་པའི་ཚད་ཐིག་ཡན་ལ་བརྒལ་མི་ཆོག

ཞིང་སྡེའི་སྡེ་མིས་སྡོད་ཁང་ལས་ན་ཞང(གྲོང་རྡལ)གི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཚོའི་འཆར་འགོད་དང་མཐུན་དགོས་ལ། དུས་གཏན་གྱི་གཞི་རྩའི་ཞིང་ས་བདག་བཟུང་བྱེད་མི་ཆོག་པར་མ་ཟད། སྔར་ཡོད་ཀྱི་ཁང་ས་དང་སྡེ་བའི་ནང་གི་ས་སྟོང་བཀོལ་ཅི་ཐུབ་བྱེད་དགོས།

ཞིང་སྡེའི་སྡེ་མིའི་སྡོད་ཁང་ལས་ཡུལ་དེར་ཞང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ཞིབ་འབེབས་དང་ཆོག་མཆན་འགོད་དགོས། དེའི་ཁྲོད་རྨོ་ཞིང་བདག་བཟུང་བྱས་པ་དང་འབྲེལ་བ་ཡོད་རིགས་ལ། བཅའ་ཁྲིམས་འདིའི་དོན་ཚན44པའི་གཏན་འབེབས་ལྟར་ཞིབ་འབེབས་ཀྱི་འགྲོ་ལུགས་བསྒྲུབ་དགོས།

ཞིང་སྡེའི་སྡེ་མིས་སྡོད་ཁང་ཕྱིར་འཚོང་དང་ཕྱིར་གླ་བ། གཞན་ལ་ཕུལ་བ་བཅས་བྱས་རྗེས། ཡང་བསྐྱར་ཁང་ས་རེ་ཞུ་བྱས་ན་ཆོག་མཆན་མི་འགོད་པ་ཡིན།


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་དོན་ཚན་དག་ནི་དམངས་དོན་ཁྲིམས་གཞུང་དང་ས་ཞིང་དོ་དམ་བཅའ་ཁྲིམས་ནང་གི་ཁང་སའི་སྤྱོད་དབང་ལེན་པ་དང་བཀོལ་སྤྱོད། བཤུག་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་ཐད་བཏོན་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་རེད།

ཁང་སའི་སྤྱོད་དབང་ཞེས་པ་ནི་ཞིང་སྡེའི་ཐུན་མོང་རྩ་འཛུགས་ཀྱི་ཁོངས་མིས་ཁྲིམས་ལྟར་ལོངས་སུ་སྤྱད་ཆོག་པའི་ཁང་སར་སྡོད་ཁང་དང་དེའི་ཟུར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་དབང་ཆར་གོ་བ་ཡིན་ལ། ཁང་ས་ཞེས་པ་ནི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་ཁྲིམས་ལྟར་ཆོག་མཆན་ཐོབ་པ་བརྒྱུད་དེ་མི་སྒེར་གྱི་སྡོད་ཁང་ལས་པར་སྤྱོད་པའི་ཞིང་པ་ཐུན་མོང་ལ་དབང་བའི་ས་ཞིང་ལ་གོ་བ་ཡིན། ཁེ་དབང་གི་ངོ་བོའི་སྟེང་ནས་བལྟས་ན། ཁེ་དབང་འདི་རིགས་ནི་བྱེད་པོ་ངེས་ཅན་ཞིག་ལ་ད་གཟོད་ཐོབ་ཆོག་པའི་སྤྱོད་ཁེ་ཐོབ་བྱེད་ཀྱི་དངོས་དབང་ཡིན་ཏེ། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི(སྤྱིར་བཏང་སྡེ་བ་ཐུན་མོང་གི་ཁོངས་མིར་གོ་ཆོག)ཡིན་ལ།  ཁང་སའི་སྤྱོད་དབང་ལེན་པ་དང་བཀོལ་སྤྱོད་ཀྱི་ཐད་ནས་བཤད་ན། དེ་ནི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཁེ་ཕན་དང་ཐོབ་ཆར་བརྩིས་ཆོག

མཉམ་འཇོག་རྒྱུ་ཞིག་ལ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཞིང་སྡེའི་དམངས་ཁྱིམ་གཅིག་ལ་ཁང་ས་གཅིག་མ་གཏོགས་ཡོད་མི་ཆོག སྡེ་མིས་སྡོད་ཁང་ཕྱིར་འཚོང་དང་ཕྱིར་གླས་རྗེས། ཡང་བསྐྱར་ཁང་ས་རེ་ཞུ་བྱས་ན་བསྐྱར་དུ་ཆོག་མཆན་མི་འགོད་པ་ཡིན། དེ་ལྟར་ན་ཁང་ས་བརྗེ་འཚོང་བྱས་ནས་ཁྲིམས་འགལ་གྱི་ཡོང་སྒོ་ལེན་པའི་བསམ་ཚུལ་ནི་ལག་ལེན་དུ་བསྟར་རུང་བ་ཞིག་མིན་ནོ། །


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



རྩོམ་སྒྲིག་པ། སྒྲོལ་མ་སྐྱིད། 
སྒྲིག་སྦྱོར་པ། སྒྲོལ་མ་སྐྱིད། 
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章