རྒན་པ་དང་དར་མས་བྲ་བོ་རྒྱུན་བསྟེན་ན། ཁྲག་ཤེད་ཚིལ་ཞག་མཐོ་སོགས་སྙོམས་པར་ཕན།
བྲ་བོའི་འདེབས་འཛུགས་ཀྱི་སྐོར་ནས་ཀྲུང་གོ་ལ་ལོ་ངོ4000ཙམ་གྱི་ལོ་རྒྱུས་ཡོད། མིག་སྔར་རྒྱལ་ནང་དུ་འདེབས་འཛུགས་བྱེད་པའི་བྲ་བོ་ལ་བྲ་བོ་ཁ་མོ་དང་བྲ་བོ་མངར་མོ་གཉིས་ཡོད། རྒྱལ་ནང་གི་བརྟག་ཞིབ་ལས་མངོན་པ་ལྟར་ན། བྲ་བོའི་ཐོན་ཁུལ་དང་རྒྱུན་དུ་བྲ་བོ་ཁ་མོ་ཟ་བའི་མི་ཚོགས་ཀྱི་ཁྲོད་དུ། རྒན་པ་དང་དར་མར་ཁྲག་ཚིལ་མཐོ་བ་དང་ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད་དང་སྙིང་ཁྲག་གི་ནད་འབྱུང་ཚད་ཅུང་ཟད་ཉུང་། ནད་གཞི་སྔོན་འགོག་གི་ངོས་ནས་བཤད་ན། རྒན་པ་དང་དར་མས་རྒྱུན་དུ་བྲ་བོ་ཟ་འོས།
བྲ་བོའི་འཚོ་བཅུད་ཕུན་སུམ་ཚོགས།
བྲ་བོའི་ནང་གི་མའེ་ཡི་འདུ་ཚད་ཧའོ་ཁེ258ཡིན་ལ། གྲོ་དང་འབྲས་ལས་ལྡབ7གྱིས་མཐོ། མའེ་ཡིས་ཁྲག་ཤེད་སྙོམས་ལ། དབང་རྩ་དང་ཤ་གནད་ཀྱི་གྲིམ་ཚད་སྲུང་། ད་དུང་ཟླ་མཚན་ཆད་རྗེས་ཀྱི་བུད་མེད་ཀྱི་རུས་པའི་སྟུག་ཚད་ཇེ་མཐོར་གཏོང་ནུས།
བྲ་བོ་ཁེ་བརྒྱ་རེའི་ནང་དུ་འཚོ་རྒྱུEཧའོ་ཁེ4.4འདུས་ལ། གྲོ་ལས་ལྡབ6གིས་མཐོ། འཚོ་རྒྱུEནི་དབྱང་འགྱུར་འགོག་རྫས་ཤིག་ཡིན་ལ། ལུས་ཀྱི་རིམས་འགོག་ནུས་པ་བསྐྱེད་པ་དང་། རྒ་བ་དང་འཕར་རྩ་སྲ་འགྱུར་འགོག་པའི་བྱེད་ནུས་དང་ལྡན་པས། རྒན་པ་དང་དར་མའི་ཀླད་སྙིང་ཁྲག་རྩའི་ནད་ཀྱི་འབྱུང་ཚད་ཇེ་ཉུང་དུ་གཏོང་ནུས།
བྲ་བོ་ཁེ་བརྒྱ་རེའི་ནང་དུ་ཟས་བཅུད་ཚི་སྣ་ཧའོ་ཁེ6.6འདུས་ལ། འབྲས་རྩིང་དང་གྲོ་ཕྱེ་ལས་ལྡབ2ནས3གྱིས་མཐོ། ཟས་བཅུད་ཚི་སྣར་ཆུ་དང་གནོད་རྫས་འདྲོངས་པ་དང་རྒྱུ་བསང་བཤང་འདྲེན་གྱི་ནུས་པ་དང་ལྡན་པས། རྒན་པ་རྣམས་ལ་རྒྱུན་མཐོང་གི་འབྲས་སྐྲན་དང་གཅིན་སྙི་ཟ་ཁུའི་ནད་སོགས་བརྗེ་ཚབ་རང་བཞིན་གྱི་ནད་མི་འབྱུང་བར་ཕན་ཐོགས་ཆེ།
བྲ་བོ་ལ་ད་དུང་བྲ་བོ་མངར་ཁྲུན་ཞེས་པའི་གྲུབ་ཆ་ཞིག་ཀྱང་འདུ་སྟེ། དེས་གཤེར་གླིང་རྒྱུའི་ནུས་པ་སྙོམས་སྒྲིག་བྱེད་ལ། ཁྲག་གི་མངར་ཆ་བསྐྱུངས་པའི་བྱེད་ནུས་ཐོན། དེ་ལས་བྲ་བོ་ཁ་མོའི་ཁྲག་གི་མངར་ཆ་སྙུངས་པའི་བྱེད་ནུས་ནི་ལྷག་པར་གསལ།
བྲ་བོ་ཁ་མོའི་བྱེད་ནུས་བྲ་བོ་མངར་མོ་ལས་ལྷག
དེང་རབས་གསོ་རིག་གི་ཞིབ་འཇུག་ལས་མངོན་པ་ལྟར་ན། བྲ་བོ་ཁ་མོའི་ནང་དུ་དབྱང་འགྱུར་འགོག་པའི་སེར་ཐོང་རིགས་ཀྱི་རྫས་ཀྱང་འདུ་ལ། དེ་ཡང་བྲ་བོ་མངར་མོ་ལས་མང་ཞིང་། གཙོ་བོ་ལུའུ་ཏེན་དང་ཅེ་ཤུན་རྒྱུ་ལྟ་བུ་མང་།
ལུའུ་ཏེན་ལ་མི་ལུས་ཀྱི་ཁྲག་ཚིལ་དང་མཁྲིས་ཁྲུན་སྙུངས་པའི་བྱེད་ནུས་དང་ལྡན་ལ། ཏོག་དབྱིབས་ཁྲག་རྩ་བསྐྱེད་ནུས། ཁྲག་རྩ་ཕྲ་མོའི་མཉེན་ཆ་ཇེ་ཞན་དུ་གྱུར་པ་ལས་བསྐྱེད་པའི་ཀླད་ཁྲག་དང་གློ་ཁྲག་དང་སྐྱི་མོའི་ཁྲག་རྩ་བརྡོལ་བ་སོགས་སྔོན་འགོག་བྱེད་ནུས། ཅེ་ཤུན་རྒྱུ་ལ་དབྱང་འགྱུར་འགོག་པའི་བྱེད་ནུས་སྣ་མང་ལྡན་ལ། འབྲས་སྐྲན་འགོག་པ་དང་ཁྲག་ཚིལ་སྙུངས་པ། སྲིན་འགོག་གཉན་འཇོམས། ལུ་གཅོད་ལུད་འདོན་སོགས་ཀྱི་ནུས་པ་ཐོན་པ་ཡིན། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།