ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ཀྱིས་ཡོང་འབབ་འཕར་སྣོན་བྱས་པ།

文摘   2024-11-20 09:50   青海  

 






ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ཀྱིས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་རོགས་རམ་བྱས།

འཕྲིན་གཏོང་པ། གཅོད་པ་ཐར། སྙིང་དཔལ་རྒྱལ། ཉི་མ་བཟང་བོ།








ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཐུན་ཏེ་རྫོང་གིས་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་འབོད་སྐུལ་དང་ལེན་བྱས་ནས། 2024ལོའི་ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ལག་བསྟར་བྱེད་མགོ་བརྩམས། རྣམ་གྲངས་དེའི་དམིགས་ཡུལ་ནི་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལ་བརྟེན་ནས་ནོར་ལུག་གསོ་སྤེལ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྩྭ་རའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ།  རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་རེད།

ཉེ་བའི་ལོ་ཤས་རིང་། ཐུན་ཏེ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པའི་སྐོར་གྱི་ཞིང་ཆེན་དང་ཁུལ། རྫོང་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་། ཐེངས་འདིའི་ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ལག་བསྟར་བྱས་པ་ནི་འཐབ་ཇུས་དེ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྩྭ་ཕྱུགས་ཀྱི་འགལ་བ་ཐག་གཅོད་པ་དང་། ནོར་གནག་དང་བོད་ལུག་གི་ཐོན་ལས་སྤུས་ཚད་མཐོ་རུ་བཏང་ནས་ཁྲོམ་རའི་དགོས་མཁོ་སྐོང་བ་དང་རོང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།

མཚོ་ལྷོ་ཁུལ་ནོར་སྲིད་ཅུས་ཀྱི་བརྡ་ཐོ་ལྟར་ན། ཐུན་ཏེ་རྫོང་དུ2024ལོར་ནོར་ལུག་འབུམ་གསུམ་ཁྲི་གསུམ་སྟོང་བདུན་བཤས་གཏོང་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ཁྲོད་ནོར་གནག་སྟོང་བརྒྱད་དང་ལུག་འབུམ་གཉིས་ཁྲི་ལྔ་སྟོང་བདུན་ཡོད། བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་ཏུ་བསྟར་བ་བརྒྱུད། སྔོན་དཔག་བྱས་ན་རོང་འབྲོག་པའི་གསོ་སྤེལ་ཡོང་འབབ་ཇེ་མཐོར་ཕྱིན་ནས་རྫོང་ཡོངས་ཀྱི་འབྲོག་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་དགའ་དང་ཁ་གསབ་བྱ་ཡུལ་ནི་རྫོང་ཁོངས་ཀྱི་ནོར་ལུག་གསོ་སྤེལ་ལས་རིགས་ཀྱི་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར། གསོ་སྤེལ་ཁྱིམ་ཚང་། དབུལ་ཐར་ཁྱིམ་ཚང་བཅས་རེད། དབུལ་ཐར་ཁྱིམ་ཚང་ལ་གཞིགས་ནས་ནོར་གཅིག་རེར་སྒོར100དང་ལུག་རེར་སྒོར50སྤྲོད་རྒྱུ་དང་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཁ་གསབ་སྒོར་སྟོང་ལྔ་ལས་མི་བརྒལ་བ་བྱ་རྒྱུ། གསོ་སྤེལ་ཁྱིམ་ཚང་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་ར་བཅས་ལ་ནོར་གཅིག་རེར་སྒོར50དང་ལུག་གཅིག་རེར་སྒོར30ཡིན་པ་དང་། མཐོ་ཤོས་ལ་སྒོར་ཁྲི་གཅིག་ལས་བརྒལ་མི་ཆོག་པའི་བྱ་དགའི་ཁ་གསབ་སྤྲོད་བཞིན་ཡོད། གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་མ་དངུལ་ནོར་ལུག་བཤས་གཏོང་གི་ཁ་གསབ་དང་ཁྱིམ་ཚང་དུ་འབྱོར་བའི་ཐོན་ལས་རྣམ་གྲངས་ལོངས་སྤྱོད་བྱས་ཟིན་པས་ཐེངས་འདིའི་བྱ་དགའ་དང་ཁ་གསབ་ལོངས་སུ་སྤྱད་མི་ཆོག་པ་རེད།

རྣམ་གྲངས་ཀྱི་ཕན་འབྲས་ལ་འགན་ལེན་བྱ་ཆེད། ཐེངས་འདིའི་ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ཀྱི་བྱ་དགའི་ཁ་གསབ་དུས་བཀག་ནི2024ལོའི་ཟླ9པའི་ཚེས1ཉིན་ནས་ཟླ12པའི་ཚེས30ཉིན་བར་རེད། ཆ་རྐྱེན་འཛོམས་པའི་རོང་འབྲོག་མང་ཚོགས་ཀྱིས་གཏན་འབེབས་ཀྱི་དུས་ཚོད་ནང་བྱ་དགའ་དང་ཁ་གསབ་རེ་ཞུ་བྱས་ཆོག

རྣམ་གྲངས་ལག་བསྟར་བྱེད་མགོ་ཚུགས་པ་ནས་བཟུང་། ཐུན་ཏེ་རྫོང་གི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཟབ་ཞུགས་བྱས་ནས་རྣམ་གྲངས་ལ་རྒྱབ་སྐྱོར་དང་རེ་སྒུག་བྱེད་བཞིན་ཡོད། གསོ་སྤེལ་ཁྱིམ་ཚང་མང་པོ་ཞིག་གིས་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ་ལས་ཁོ་ཚོར་ཡོང་འབབ་འཕར་སྣོན་གྱི་རེ་བ་བསྩལ་བར་མ་ཟད། གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་ལའང་སྐུལ་མ་ཐེབས་ཡོད་པར་བསྟན།

ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུར་བ་ཐར་གྱིས་བཤད་རྒྱུར། 2024ལོའི་ནོར་ལུག་བཤས་གཏོང་གི་ཁ་གསབ་རྣམ་གྲངས་ནི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ལས་རིམ་རྗེས་མར།  ཐུན་ཏེ་རྫོང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་རོང་འབྲོག་པར་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་རམ་འདེགས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན།  


འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཕག་མོ་རྡོ་རྗེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།


青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章