《རྗེ་བཙུན་ཆེན་པོ་མགར་ཆོས་སྡིངས་པའི་རྣམ་ཐར》གྱི་མཛད་པ་པོ་དང་མགར་དམ་པ་གཉིས་ཀྱི་འབྲེལ་བར་དཔྱད་པ།
མགར་རྩེ་བཀྲ་ཤིས་ཚེ་རིང་། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།
གླེང་སློང་བའི་གཏམ།
འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོའི་ཐུགས་སྲས་བརྒྱད་དམ་གཉོས་མགར་ཆོས་གསུམ་གྱི་ཡ་གྱལ་མགར་སྟོན་དམ་པ་ཆོས་སྡིངས་པའི་རྣམ་ཐར་སྔ་བ་སྟེ།《རྗེ་བཙུན་ཆེན་པོ་མགར་ཆོས་སྡིངས་པའི་རྣམ་ཐར》གྱི་མཛད་པ་པོ་བླ་མ་ཨུ་རྒྱན་པ་ནི། སྐབས་ལ་ཤས་སུ་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་ཏེ་གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ་དུ་འཁྲུལ་བའང་ཡོད་པས། འདིར་བླ་མ་ཨུ་རྒྱན་པའི་ངོ་སྤྲོད་མདོར་བསྡུས་ཤིག་གིས་ཐོགས་དྲངས་པ་བརྒྱུད་ནས། མགར་སྟོན་དམ་པ་ཆོས་སྡིངས་དང་ཁོང་རྣམ་གཉིས་བར་གྱི་འབྲེལ་བའི་ཐད་དཔྱད་པ་རགས་ཙམ་བགྱིས་ན།
དང་པོ། རྣམ་ཐར་གྱི་མཛད་པ་པོ་བླ་མ་ཨུ་རྒྱན་པ་ངོ་སྤྲོད།
དེ་ཡང་།《རྗེ་བཙུན་ཆེན་པོ་མགར་ཆོས་སྡིངས་པའི་རྣམ་ཐར》གྱི་མཛད་པ་པོ་བླ་མ་ཨུ་རྒྱན་པའམ་མཚན་གཞན་ལ་ནུབ་གླིང་སྟོན་པར་འབོད་པ་ནི། འདས་རྗེས་ཆིག་སྟོང་བདུན་བརྒྱ་གྱ་གསུམ་པ་སྒྱུར་བྱེད་ཅེས་པ་ས་མོ་ཕག(སྤྱི་ལོ1239)གི་ལོར། མགར་གྱི་རིགས་རྒྱུད་སྟོན་སྒོམ(སྒོམ་སྟོན)དཔལ་གྱི་རྒྱལ་མཚན་གྱི་སྲས་ཀྱི་སྲས་སུ་སྐུ་འཁྲུངས། ཕ་རིན་པོ་ཆེ་དར་མ་ཡོན་ཏན་ལས་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་རྫོགས་པར་ཞུས། གཞན་ཡང་བླ་མ་དུ་མ་བསྟེན་ནས་དབང་དང་གདམས་ངག་སོགས་ཀྱིས་ཕྱུག་པར་མཛད་ཅིང་གྲུབ་པའི་དབང་འབྱོར་བར་གྱུར། ཕ་རིན་པོ་ཆེ་གཤེགས་པའི་རྗེས་སུ་ཆུ་ཕོ་འབྲུག(སྤྱི་ལོ1292)གི་ལོ་སྟེ་དགུང་ལོ་ལྔ་བཅུ་ང་བཞི་པར་ཕུ་ལུང་ཆོས་སྡིངས་རིན་ཆེན་སྤུངས་ཀྱི་གདན་ས་མཛད་ནས་ནམ་མཁའ་མཛོད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བྱིན་རླབས་ཆེ་ཞིང་ངོ་མཚར་བ་བཞེངས་ཤིང་། དགོན་པའི་དར་རྒྱས་དང་མི་མཐུན་པའི་ཕྱོགས་རྣམས་མངོན་སྤྱོད་ཀྱིས་ཚར་བཅད། ཤིང་མོ་ལུག(སྤྱི་ལོ1295)གི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔར་ཆོས་སྡིངས་རིན་ཆེན་སྤུངས་པའི་དགོན་པར《རྗེ་བཙུན་ཆེན་པོ་མགར་སྟོན་དམ་པ་ཆོས་སྡིངས་པའི་རྣམ་ཐར》བརྩམས་གནང་མཛད་ཅིང་། ཤིང་ཕོ་འབྲུག(སྤྱི་ལོ1304)གི་དབྱར་ཟླ་འབྲིང་པོའི་ཚེས་ཉི་ཤུ་ལྔ་ལ《རྗེ་བཙུན་མགར་གྱི་དབོན་གྱི་རྣམ་ཐར》ལེགས་པར་གྲུབ། མཐར་དགུང་ལོ་བདུན་ཅུ་དོན་ལྔ་པ་སྟེ་ཆུ་མོ་གླང(སྤྱི་ལོ1313)གི་དབྱར་ཟླ་ཐ་ཆུང་གི་ཚེས་ཉི་ཤུ་ལྔ་ལ་སྐུ་གཤེགས་སོ། །
དེའི་དུས་སུ། “ཆོས་ཀྱི་ཁྲི་ལ་བླ་མ་ཨོ་རྒྱན་བཞུགས། ཁྲིམས་ཀྱི་ང་རོ་དཀོན་གཉེར་སྤོ་སྤོས་སྒྲོགས”ཞེས་ཡོངས་སུ་གྲགས་ཤིང་། བླ་དཔོན་འདི་གཉིས་ཀྱི་དུས་སུ། ཀོང་པོ་ཀླུ་ནང་ནས་སྙེ་བྲག་དང་། ལྷོ་རྒྱུད། ལྡེམ་གཤིས་སོགས་མན་ཆད་ལ་ཁྲལ་འགོ་བཙུགས་པར་མ་ཟད། སྟོད་བྱུ་རུ་སྟག་རྩེ་ནས་སྨད་ཇི་ངོམ་ཡན་ཆད་ཀྱི་བན་གསུམ་སྟོང་བརྒྱད་བརྒྱ་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་སྨིན་གྲོལ་ལ་བཀོད་ཅེས་མཛད་རྗེས་ཤིན་ཏུ་ཆེ་བར་བཤད།
གཞན། 《རྗེ་བཙུན་ཆེན་པོ་མགར་སྟོན་དམ་པ་ཆོས་སྡིངས་པའི་རྣམ་ཐར》དང《རྗེ་བཙུན་མགར་གྱི་དབོན་གྱི་རྣམ་ཐར》མཛད་པ་ཕུད། མགར་སྟོན་དམ་པ་ཆོས་སྡིངས་པའི་བཀའ་འབུམ་ལེགས་སྒྲིག་ཀྱང་མཛད། ཁོང་གི་སློབ་མའི་གཙོ་བོར་བླ་མ་ཡོན་ཏན་དཔལ་སོགས་ཡོད་ཅིང་། བླ་མ་ཨུ་རྒྱན་པ་གཤེགས་པའི་རྗེས་སུ་དགུང་ལོ་ཉི་ཤུ་རྩ་བདུན་པར་ཕུ་ལུང་དགོན་པའི་གདན་སར་མཛད།
གཉིས་པ། བླ་མ་ཨུ་རྒྱན་པ་དང་རྗེ་ཆོས་སྡིངས་པའི་འབྲེལ་བ་བཤད་པ།
མགར་སྟོན་དམ་པ་ཆོས་སྡིངས་དང་རྣམ་ཐར་འདིའི་མཛད་པ་པོ་བླ་མ་ཨུ་རྒྱན་པའི་འབྲེལ་བ་བཤད་པ་ལ།《སྡེ་དགེ་རྒྱལ་རབས》སུ། “གཙུག་ཏོར་འབུམ་སྲས་དར་མ་ཡོན་ཏན་ཞེས། སྐྱེས་ཆེན་གྲུབ་དབང་ཞིག་བྱོན་དེ་ཡི་གཅུང་། སྟོན་སྒོམ་དཔལ་གྱི་རྒྱལ་མཚན་ལུགས་ཟུང་མཁས། དེ་ལ་སྲས་གསུམ་བྱོན་པའི་ཨོ་རྒྱན་པར། བིརྺ་པ་ཡིས་ཞལ་བསྟན་ཞལ་གདོན་སྩལ།ཉམས་རྟོགས་དབང་ཕྱུག་ཆེན་པོ་ཞིག་བྱུང་ཐོས”ཞེས་སྟོན་སྒོམ་དཔལ་གྱི་རྒྱལ་མཚན་ནི་ཕ་དར་མ་ཡོན་ཏན་གྱི་གཅུང་ཡིན་པར་བཤད་ཀྱང་།བླ་མ་ཨུ་རྒྱན་པས་མཛད་པའི་ཕ་དར་མ་ཡོན་ཏན་གྱི་རྣམ་ཐར《རྗེ་བཙུན་མགར་གྱི་དབོན་གྱི་རྣམ་ཐར》ཞེས་པར། “སྒོམ་སྟོན་ལ། སངས་རྒྱས་འབུམ། རྡོ་རྗེ་འབུམ། སངས་རྒྱས་སྐྱབས། དཀོན་མཆོག་འབུམ། ཕུར་བུ་འབུམ། དར་མ་འབུམ་དང་སྲས་དྲུག་གོ ། ཕུར་བུ་ལྕམ། ནགས་འཛིབ་དང་སྲས་མོ་གཉིས། མིང་སྲིང་བརྒྱད་ཀྱི་ཆུང་ཤོས་དར་མ་འབུམ་ཡིན་ནོ”ཞེས་སྒོམ་སྟོན་གཙུག་ཏོར་འབུམ་ལ་སྲས་དྲུག་དང་སྲས་མོ་གཉིས་ཡོད་པར་བཤད་པ་ལས་ཀྱང་སྒོམ་སྟོན་དཔལ་གྱི་རྒྱལ་མཚན་གྱི་མཚན་མ་མཐོང་བས་ཁོང་གི་གཅུང་མིན་པ་གསལ་བོར་ཤེས་ཐུབ་ལ།མགར་རྩེ་ཡི་དམ་ཚེ་རིང་གིས་བརྩམས་པའི《རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད》ཅེས་པར། “ 《ཕུ་དགོན་དཀར་ཆག》ཏུ། དེ་ནས་ཕ་རིན་པོ་ཆེའི་གདན་ས་ནི། ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ། གྲུབ་ཐོབ་ཨོ་རྒྱན་པ་ཞེས། སྒོམ་སྟོན་དཔལ་གྱི་རྩེ་མོའི་ཆུན་མོའི་སྲས་དཔལ་གྱི་རྒྱལ་མཚན་གྱི་སྲས་ཀྱི་སྲས་ཡིན”ཞེས་སངས་རྒྱས་རྡོ་རྗེས་བརྩམས་པའི《ཕུ་དགོན་ཆོས་ལྡིང་རིན་ཆེན་སྤུངས་ནས་མར་ཆད་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བྱམས་པ་གླིང་གི་དཀར་ཆག་དང་མཁན་རབས་ཁྲི་རབས་ཀྱི་ལོ་རྒྱུས》སུ་བཀོད་ཡོད་པར་བཤད་ལ།《སྤོ་བོའི་ལོ་རྒྱུས》སུ་ཡང་། “དེ་ནས་སྒོམ་བྱོན་དཔལ་གྱི་རྩེ་མོའི་ཆུན་མོའི་སྲས་དཔལ་གྱི་རྒྱལ་མཚན་གྱི་སྲས་ཀྱི་སྲས་སུ་བླ་མ་ཨོ་རྒྱན་པའམ་མཚན་གཞན་ནུབ་གླིང་སྟོན་པ་ཞེས་མཐུ་རྩལ་ནུས་པ་དང་ལྡན་པ་ཞིག་བྱུང་ནས་ཆོས་ཀྱི་ཁྲི་ལ་ཕེབས”ཞེས་པ་དེ་དག་ལ་གཞིགས་ན། སྒོམ་སྟོན་གཙུག་ཏོར་འབུམ་དང་སྒོམ་སྟོན་དཔལ་གྱི་རྒྱལ་མཚན་གཉིས་ཕ་གཅིག་ལ་མ་མི་གཅིག་པའི་སྤུན་དང་། ཕ་དར་མ་ཡོན་ཏན་དང་དཔལ་གྱི་རྒྱལ་མཚན་གྱི་སྲས(མིང་མི་གསལ)གཉིས་ཕ་སྤུན་གྱི་སྤུན་ཡིན་པས། དེའི་སྲས་བླ་མ་ཨུ་རྒྱན་པ་དང་ཕ་དར་མ་ཁོང་གཉིས་ཁུ་དབོན་གྱི་འབྲེལ་བ་ཡིན་པ་གསལ་པོར་རྟོགས་ཐུབ།
ཡང་།《ལྷོ་རོང་ཆོས་འབྱུང》དུ། “དེའི་སློབ་མ་རྣམས་ཀྱི་ནང་ནས་བླ་མ་ཨུ་རྒྱན་པ་ནི། ས་མོ་ཕག་ལ་འཁྲུངས། ཕ་རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་རྫོགས་པར་ཞུས”ཞེས་དང་།《འབྲི་གུང་ཆོས་འབྱུང》དུ། “དེའི་སློབ་མའི་གཙོ་བོ་བླ་མ་ཨོ་རྒྱན་པ་ནི་འདས་རྗེས་ཆིག་སྟོང་བདུན་བརྒྱ་གྱ་གསུམ་པ་སྒྱུར་བྱེད་ཅེས་པ་ས་ཕག་ལོར་འཁྲུངས། ཕ་དར་མ་ཡོན་ཏན་ལས་བཀའ་བརྒྱུད་ཀྱི་ཆོས་སྐོར་རྫོགས་པར་གསན”ཞེས་པ་ལྟར། ཕ་དར་མ་ཡོན་ཏན་དང་ཁོང་གཉིས་ནི་ཁུ་དབོན་གྱི་འབྲེལ་བ་རྐྱང་རྐྱང་ཙམ་མ་ཡིན་པར་བླ་སློབ་ཀྱི་འབྲེལ་བ་ཡང་ཡོད་པར་འདུག་ལ། 《ལྷོ་རོང་ཆོས་འབྱུང》དུ། “དེ་ནས་ལོ་ལྔ་བཅུ་ང་གཉིས་ལ་ཕུ་ལུང་དགོན་དུ་ཚོགས་པ་བསྐྱངས”ཞེས་དང་། “ཕ་རིན་པོ་ཆེ་གཤེགས་པའི་རྗེས་སུ་ཆུ་ཕོ་འབྲུག་གི་ལོ་དགུང་ལོ་ལྔ་བཅུ་ང་བཞི་ལ་གདན་ས་མཛད་ནས”ཞེས་མགར་དམ་པ་གཤེགས་རྗེས་ཕ་དར་མས་ཕུ་ལུང་དགོན་པའི་གདན་ས་མཛད་པ་དང་། ཕ་དར་མ་ཡོན་ཏན་འདས་རྗེས་བླ་མ་ཨུ་རྒྱན་པས་གདན་ས་མཛད་པར་བཤད་ལ།《དེབ་ཐེར་སྔོན་པོ》རུ། “དེ་ཁོང་རང་གི་དབོན་པོ་ཨུ་རྒྱན་པ་ལ་སོགས་པ་རྣམས་ཀྱིས་གཟུང”ཞེས་མགར་དམ་པ་གཤེགས་རྗེས་ཕུ་ལུང་དགོན་པ་ཁོང་གི་དབོན་པོ་བླ་མ་ཨུ་རྒྱན་པ་ལ་སོགས་ཀྱིས་བཟུང་བར་གསུངས་པས། གོང་ལྟར་རིགས་བསྒྲེས་ན། མགར་སྟོན་དམ་པ་ཆོས་སྡིངས་དང་སྒོམ་སྟོན་དཔལ་གྱི་རྒྱལ་མཚན་གཉིས་ཀྱང་ཕ་གཅིག་ལ་མ་མི་གཅིག་པའི་སྤུན་མཆེད་ཡིན་པས། བླ་མ་ཨུ་རྒྱན་པ་ཁོང་མགར་སྟོན་དམ་པ་ཆོས་སྡིངས་པའི་ཡང་ཚ་ཡིན་པར་མ་ཟད། ཡང་སློབ་ཀྱང་ཡིན་དགོས་པར་འདུག་སྟེ། ཕ་དར་མ་ཡོན་ཏན་ནི་མགར་སྟོན་དམ་པ་ཆོས་སྡིངས་པའི་སློབ་མ་ཡང་ཡིན་པས་སོ། །
གསུམ་པ། མཇུག་བསྡུ་བའི་གཏམ།
དེ་ལྟར་མགར་སྟོན་དམ་པ་ཆོས་སྡིངས་དང་ཕ་དར་མ་ཡོན་ཏན། བླ་མ་ཨུ་རྒྱན་པ་ཁུ་དབོན་གསུམ་གྱིས་ཆོས་སྡིངས་རིན་ཆེན་སྤུངས་སམ་ཕུ་དགོན་རིན་ཆེན་སྤུངས་ཀྱི་གདན་རབས་མཛད་ནས་དགོན་པ་གང་དེ་དར་ཞིང་རྒྱས་པར་བྱས་ལ། ཁོང་ཁུ་དབོན་གསུམ་གྱི་སྐུ་ཚེའི་མཛད་པ་གཞན་ཡང་བསམ་གྱིས་མི་ཁྱབ་པས། རྒྱས་པར་ཤེས་འདོད་པ་དག་གིས་བླ་མ་ཨུ་རྒྱན་པས་མཛད་པའི《རྗེ་བཙུན་ཆེན་པོ་མགར་ཆོས་སྡིངས་པའི་རྣམ་ཐར》དང་། 《རྗེ་བཙུན་མགར་གྱི་དབོན་གྱི་རྣམ་ཐར》ལ་གཟིགས་ཏེ་ཞིབ་ཅིང་རྒྱས་པར་གཟིགས་རོགས་མཛོད། །
ཟུར་ལྟའི་དཔྱད་གཞི།
[1] བླ་མ་ཨུ་རྒྱན་པ།《རྗེ་བཙུན་མགར་གྱི་དབོན་གྱི་རྣམ་ཐར་བཞུགས་སོ》ཤིང་དཔར།
[2] ཚེ་དབང་རྡོ་རྗེ་རིག་འཛིན། 《སྡེ་དགེ་རྒྱལ་རབས》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1889.
[3] རྟ་ཚག་ཚེ་དབང་རྒྱལ། 《ལྷོ་རོང་ཆོས་འབྱུང》 [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1994.
[4] འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985.
[5] འབྲི་གུང་དཀོན་མཆོག་རྒྱ་མཚོ། 《འབྲི་གུང་ཆོས་འབྱུང》 [M] མི་རིགས་དཔེ་སྐྲུན་ཁང་།2004.
[6] སྤོ་བོ་རྫོང་ལོ་རྒྱུས་རྒྱུ་ཆ་ལེགས་སྒྲིག་ཚོ་ཆུང་གིས་བསྒྲིགས། 《སྤོ་བོའི་ལོ་རྒྱུས》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1988.
[7] མགར་རྩེ་ཡི་དམ་ཚེ་རིང་། 《རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2024.
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།