སོག་རུ་མ་ཞང་དུ་གློག་མ་བཅད་པར་དྲ་འཐེན་པའི་ལས་སྒོ་ངོ་མཚར་བ་སྤེལ།

文摘   2024-11-20 11:30   青海  

གློག་མ་བཅད་པར་དྲ་འཐེན་པའི་ལས་སྒོ་སྤེལ་ཏེ་ཞིང་སྡེའི་གློག་ཤུགས་ཀྱི་ལེའུ་གསར་པ་བྲིས།

ཟླ11པའི་ཚེས14ཉིན། རྒྱལ་ཁབ་གློག་དྲ་གཅིག་སྒྲིལ་རྫོང་གློག་འདོན་ཀུང་སིས་སོག་རུ་མ་ཞང་ནས་གློག་མ་བཅད་པར་དྲ་འཐེན་པའི་ལས་སྒོ་ངོ་མཚར་བ་ཞིག་སྤེལ། གློག་ཤུགས་བཟོ་པ་རྣམས་ཀྱིས་ལུས་ལ་ཆེད་ལས་ཀྱི་སྒྲིག་ཆས་ཐོགས་ཤིང་གོ་རིམ་ལྡན་པའི་ངང་མཐོ་གནོན་གློག་སྐུད་ཀྱི་སྟེང་ནས་རྩལ་ནུས་ལྡན་པའི་ངང་ལས་སྒོ་སྣ་ཚོགས་སྤེལ། ཐེངས་འདིའི་བྱེད་སྒོ་ལས་སྡོད་དམངས་ཀྱི་གློག་སྤྱོད་པར་བར་ཆད་མི་ཐེབས་པར་བྱས་པར་མ་ཟད། གློག་ཤུགས་ལས་བཟོ་པ་རྣམས་ཀྱི་ལག་རྩལ་གསར་པའི་བེད་སྤྱོད་ལའང་ཐོད་བརྒལ་བྱུང་ནས། གློག་ཆད་པའི་དུས་ཚོད་དང་ཁྱབ་ཁོངས་ཆེས་ཆེར་བསྐྱུངས། ཐེངས་འདིའི་གློག་མ་བཅད་པར་དྲ་བ་འཐེན་པའི་ལས་སྒོ་བདེ་བླག་ངང་སྤེལ་ཆེད། རྒྱལ་ཁབ་གློག་དྲ་གཅིག་སྒྲིལ་རྫོང་གློག་འདོན་ཀུང་སིས་གཙིགས་མཐོང་ཆེན་པོ་བྱས་ཤིང་། ལས་མི་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་ལ་བརྟག་ཞིབ་ནན་ཏན་བྱས། ཉིན་དེའི་ཆུ་ཚོད12ཐོག ཡུལ་དངོས་འགན་འཁུར་པས་ལས་བཟོ་པ་རྣམས་ལ་ལས་སྒོའི་གོ་རིམ་དང་བདེ་འཇགས་ཀྱི་དོན་ཚན་ཞིབ་ཏུ་བསྒོས། གློག་ལས་རླངས་འཁོར་གྱི་གློག་མི་རྒྱུག་པའི་འདེགས་ཆས་ཡར་འཕགས་པ་དང་བསྟུན་ནས་གློག་འགོག་ལྭ་བ་མཐུག་པོ་དང་བདེ་འཇགས་ཞྭ་མོ་གྱོན་པའི་ལས་བཟོ་པ་གཉིས་ཀྱིས་གློག་མ་བཅད་པར་དྲ་འཐེན་པའི་ལས་སྒོ་དངོས་སུ་མགོ་བརྩམས། ཁོ་ཚོ་ནི“བར་སྣང་འཕགས་མི”དང་འདྲ་བར། ལས་རིམ་གྱི་སྒྲིག་ལམ་ལྟར་མཐོན་གནོན་གློག་འཐེན་གྱི་ལས་སྒོ་བར་སྣང་ནས་སྤེལ། ལས་སྒོའི་གོ་རིམ་ཧྲིལ་པོ་འཇིགས་རུང་ཉེན་བྲལ་དུ་བསྟར་ཞིང་ཆེད་ལས་ཚོགས་པས་གློག་མ་བཅད་པའི་འོག་ནས་མཐོ་གནོན་གློག་ལམ་མཐུད་པའི་ལས་རིམ་ཡོངས་སུ་གྲུབ། གློག་ཤུགས་བདེ་བླག་གིས་མཐུད་པ་དང་གློག་ལས་ལག་རྩལ་སྤྱད་པས། གློག་དྲའི་བདག་གཉེར་གྱི་ལས་ཆོད་དང་བདེ་འཇགས་མཐོར་འདེགས་བཏང་བར་མ་ཟད། ཞིང་སྡེའི་སྡོད་དམངས་རྣམས་ཀྱི་འཚོ་བར་གློག་ཆད་པས་བཟོས་པའི་ཤུགས་རྐྱེན་ཡང་ཆེས་ཆེར་བསྐྱུངས་ཏེ། ཞིང་སྡེའི་དཔལ་འབྱོར་གོང་སྤེལ་ལ་སྔར་ལས་བརྟན་ཞིང་བློ་འཁེལ་རི་བའི་གློག་ཤུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས། 

དུས་མཚུངས་སུ། རྒྱལ་ཁབ་གློག་དྲ་གཅིག་སྒྲིལ་རྫོང་གློག་འདོན་ཀུང་སིས“གློག་མི་ཆད་པར་བྱེད་པ་ནི་ཞབས་ཞུ་ལེགས་ཤོས་དེ་ཡིན”པའི་བསམ་བློ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། གློག་མ་བཅད་པར་དྲ་འཐེན་པའི་ལས་སྒོའི་སྟབས་བདེ་སྤེལ་བདེའི་ཁྱད་ཆོས་མངོན་པར་བཏོན། ལས་བཟོ་པ་རྣམས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་ཡུལ་དངོས་ཀྱི་མཐོ་གྲང་དབྱང་དཀོན་གྱི་བར་ཆད་ཁྱད་དུ་བསད་དེ། དུས་ཚོད་འགའ་ལ་ལས་སྒོ་ཧུར་ཐག་གིས་སྤེལ་ནས་མཐོ་གནོན་གློག་མཐུད་ཀྱི་བྱ་བ་ཡོངས་སུ་གྲུབ། སྔ་ཕྱི་ཀུན་ཏུ་མང་ཚོགས་ཀྱི་གློག་གི་བཀོལ་སྤྱོད་ལ་བར་ཆད་གང་ཡང་མེད་པ་བྱུང་བས། ཁོ་ཚོ་འདེགས་འཁོར་ལས་འབབ་དུས། གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་ཀྱིས་ཁེངས་ལ། ལས་སྒོ་དེ་བདེ་བླག་གིས་སྤེལ་བས་གློག་ཤུགས་ལས་བཟོ་པ་རྣམས་ཀྱི་ཆེད་ལས་ཆུ་ཚད་མངོན་པར་མ་ཟད། ཁོ་ཚོའི་གློག་སྤྱོད་མཁན་རྣམས་གཙོ་བོར་འཛིན་པའི་ཞབས་ཞུའི་བསམ་བློ་ཡང་མངོན་ཡོད། 
རྗེས་མར། རྒྱལ་ཁབ་གློག་དྲ་གཅིག་སྒྲིལ་རྫོང་གློག་འདོན་ཀུང་སིས་གློག་མ་བཅད་པར་ལས་སྒོ་སྤེལ་བའི་ལག་རྩལ་ཕྱོགས་ལ་སྔར་ལས་ཀྱང་ཤུགས་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཆེད་ལས་རང་བཞིན་གྱི་དོ་དམ་ལ་ཤུགས་རྒྱག་པ་དང་། གློག་ཤུགས་སྔོན་སྐྱོད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས“མི་དམངས་མང་ཚོགས་ཡིད་ཚིམ་པ་དང་། ཏང་དང་སྲིད་གཞུང་ཡིད་ཚིམ་པར”འབད་རྒྱུ་རེད། །
ཡོང་ཁུངས། རྒྱལ་ཁབ་གློག་དྲ་གཅིག་སྒྲིལ་རྫོང་གློག་འདོན་ཀུང་སི། 

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། ཐུབ་བསྟན།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章