བྲག་རྡོའི་གསར་བྲིས་སྙན་ངག་ཁག་བཅུ།

文摘   2024-11-04 20:08   青海  








རྨི་ལམ་ནང་གི་ཁྱོད།




 

དུས་ཚོད་ཀྱི་རྗེས་སུ་ནུར་གྱིན་པའི་ལང་ཚོ།

སྟོན་ཟླ་འདི་ཡི་སྡོང་ལོ་ཡིན་ནམ་རླུང་བུ་ཡིན།

རླུང་གིས་སྒུལ་བའི་སྐྲ་ལོ་ཡིན་ནམ་ནང་སེམས་ཡིན།

ནང་སེམས་སུ་ལུས་པའི་རྒྱང་རིང་ཞེས་པ་གང་དུ་ཡོད་དམ།

 

སྐར་ཚོགས་ལ་བཅོལ་བའི་རྨི་ལམ་སྣ་ཚོགས།

རྨི་ལམ་དུ་སྐར་མར་སྤྲུལ་བའི་རྒྱང་རིང་གི་ཁྱོད།

ལོ་ཟླ་འདི་ཡི་རླུང་བུ་མིན་པར་བརྩེ་བ་ཡིན་ན་བསམས།

བརྩེ་བར་བཅོལ་བའི་རྨི་ལམ་འདི་ཡང་ཁྱོད་རང་ཡིན་ན་བསམས།

 

རྨི་ལམ་དུ་སྤྲུལ་བའི་ཁྱོད་རང་།

ངས་དལ་ཅག་གེར་ཁྱོད་ལ་རྨི་ལམ་གྱི་བདག་མོ་ཞེས་བོས།

 




དགུན་ཟླ་ར་བའི་རྨི་ལམ།




 

ཁ་བ་དཀར་པོ་དཀར་པོ་ཞིག་དབབ་རྒྱུ་བྱུང་ན།

ངས་རང་གི་དྲན་གདུང་ལ་བཅོལ་བའི་སྡུག་བསྔལ་དག

ཐག་རིང་དུ་འཁུར་མི་སྲིད་པའི་རི་གྲོང་དེར།

ཞི་འཇགས་སུ་གྱུར་བའི་ནང་མི་ཚོར།

ཁ་སྐད་ཐུན་གཅིག་ཅིས་ཀྱང་ལབ་འདོད།

 

ཁ་བ་དཀར་པོ་དཀར་པོ་ཞིག་དབབ་རྒྱུ་བྱུང་ན།

ཡུན་རིང་ལུས་པའི་རི་གྲོང་གི་སྐྱོ་ངལ་ལ།

ཅིས་ཀྱང་བཟོད་བསྲན་ཅུང་ཙམ་བྱ་ཆོག

 

ཁ་བ་དཀར་པོ་དཀར་པོ་ཞིག་དབབ་རྒྱུ་བྱུང་ན།

ན་ཚ་ཨེན་ཙམ་བྱུང་ཡང་ཅི་སྐྱོན།

 




ཁྱོད་རང་བསམ་ཚེ།




 

ལོ་ཟླ་མཐའ་དག་གི་འབབ་ཚིགས།

ཁེར་རྐྱང་དུ་ལུས་པའི་ནང་སེམས་ཀྱི་རྒྱུན་ལ་འདྲེས།

 

ཁྱོད་རང་བདེ་བར་བསམས་ཚེ།

ལོ་ཟླ་སྔར་བཞིན་འདི་ལྟར་འཁྱགས་ཤིང་།

ང་ལ་སེམས་ཚེགས་ལས་དྲན་གདུང་མེད་ནའང་།

ལོ་ཟླ་མཐའ་མའི་མཇལ་འཛོམས་ཞེས་པ་ཞིག་ཡོད་པར་བསམས་ཚེ།

འཇིག་རྟེན་གྱི་རྫོགས་མཐའ་མེད་པའི་སྐྱིད་སྡུག་གི་གར་ཡོལ་ཕྱེ་ནས།

བདེ་སྐྱིད་ཅེས་པར་ལག་ཟུང་གིས་ཡང་ནས་ཡང་དུ་བསྐྱོར་དགོས་བྱུང་།

 




ཁྱོད་ལ་བཅོལ་བའི་འཕྲིན་པ།




 

ཞོགས་པ་རེ་རེར།

བདེ་འཚམས་ཀྱི་ཁ་བརྡ་གློད་དེ་ཉིན་གུང་བསུ།

 

ཉིན་གུང་རེ་རེར།

སྐྱིད་སྡུག་གི་སྙིང་གཏམ་གློད་དེ་ཕྱི་དྲོ་བསུ།

 

ཕྱི་དྲོ་རེ་རེར།

དྲན་གདུང་གི་ན་ཚ་གློད་དེ་དགོང་མོ་བསུ།

 

དགོང་མོ་རེ་རེར།

རྨི་ལམ་གྱི་སྐས་རྐང་བརྒྱུད་དེ་ཞལ་མཇལ་བྱས་ན་ཆོག་གམ།

 




ཟླ་དགུ་པ།




 

སྟོན་ཟླ་བྲལ་ཁར་སེམས་པ་སྙི་རུ་འགྲོ་བའི་སེམས་ཁྲལ་ལྕི།

ངས་རང་གི་མཛུབ་གོང་དུ་སྟོན་ཟླའི་དྲན་ཐོ་བྲིས།

 

ཟླ་དགུ་པའི་རྩེད་མཚར་ཁྲོད།

ངས་རང་གི་རྣམ་ཤེས་ཀྱི་འགྱུ་བག་བོར།

 

ཁྱོད་རང་ན་ཚ་བྱུང་བས་སེམས་ངལ་ལྕི།

ང་ལ་བསམ་གཞིག་དང་དྲན་གདུང་དེ་ལས་ལྕི།

 

འགྱོད་གདུང་དེ་ཙམ་མ་བྱེད་ལགས།

སང་ལོ་སྔར་བཞིན་ང་ཚོས་སྟོན་ཟླ་དགུ་པ་བསུ་ཆོག

  




བུ་མོ་ལགས། དེ་རིང་ཚེས་པ་ག་ཚོད་རེད།




 

ཁང་པའི་ནང་དུ་མུན་ནག་གིས་གཡོགས།

སྒོ་འགྲམ་བརྒྱུད་དེ་རང་མལ་ལོག་མཁན་ཚོས།

དུས་ཚོད་ཀྱི་སྔ་གཞུག་བརྩད་དེ་མུན་ནག་ལ་གོམས།

རེ་སྒུག་ལ་བཅོལ་བའི་ནང་སེམས་ཀྱི་སྐར་ཚོགས།

སྤྲིན་པས་བསྒྲིབས་པའི་སྡིག་ཉེས་ལ་གཡེང་མཁན་ཚོ།

སྔར་བཞིན་མུན་ནག་ལ་གོམས་དྲགས་པ་ཚོ་ཡིན།

 

འོད་དང་མུན་པ་མཉམ་དུ་བསྡེབས་ན།

མིག་ཟུང་གིས་མཐོང་གིན་ཡོད་ནའང་།

སྟོང་བསམ་ཁོ་ནར་བཅོལ་བའི་སེམས་པ་འདི།

སྡོང་ལོ་བཞིན་འཐོར་སྲིད་པས།

བུ་མོ་ལགས། དེ་རིང་ཚེས་པ་ག་ཚོད་རེད།

 




ནམ་མཁའ་དང་ང་ཚོའི་བར་ཐག




 

མགོ་བོ་ཡར་བཀྱགས་ནས་བལྟས་ཚེ།

སྤྲིན་དཀར་གྱི་འདུ་ལོང་དང་ཉི་ཟླ་མཐོང་ཡོང་།

 

གོམ་ཁ་སེམས་པས་མཇལ་དགོས་ས་དེ།

རྒྱང་རིང་གི་བར་ཐག་དེ་ཡིན་ནམ།

 

བར་ཐག་ལ་བཅོལ་བའི་ནམ་མཁའ་སྔོན་པོ།

གཡུ་ཡི་མེ་ལོང་ཡིན་ནམ།

 

ནམ་མཁའ་དང་ང་ཚོའི་བར་ཐག

མིག་གིས་མཇལ་དགོས་པའི་བུ་ལོན་དེ་ཡིན་ནམ།

 

བར་ཐག་ནི་མཛེས་སྡུག་ཅིག་རེད་མོད།

མཛེས་སྡུག་ལ་བརྒྱུས་པའི་ནང་སེམས་ཀྱི་བརྩེ་བ།

ནམ་ཡང་དྲོད་ལམ་ལམ།

 




དཀར་ཟས་པ།




 

རྩྭ་ལྗང་གི་མགོ་ལྕོག་ལྡེམ་ལྡེམ་འགུལ།

སྡོང་ལོ་ཁ་ཤས་ས་ལ་ལྷུང་ཤུལ་ནས།

སྡོང་འདབས་ཀྱི་བྱིའུ་ཆུང་རྒྱང་དུ་འཕུར།

དྲན་པའི་གཟུངས་གཞུག་བཅུག་པའི་ལོ་མ་སེར་པོ།

 

རྣང་ཞིང་གྲུ་བཞིའི་ནེམ་ལོ།

ང་ཡི་ཟོལ་གྱིས་འགུལ།

 




འཇིག་རྟེན་གྱི་མི་དག




 

དུས་ཚོད་ཀྱི་སྣེ་རུ་ལང་ཚོའི་ཕྲ་རྒྱན་བཏབ།

སྟོང་པར་ལུས་པའི་ནང་སེམས་ཀྱི་ཕྱི་ནང་ཁོ་ན།

དབུགས་ལྒང་ལྟར་མཁའ་ནས་མཁའ་རུ་སྤུར།

ཕྱིར་འོང་མེད་པའི་སྤྲིན་པ་ནང་ལྟར།

 

ཀྱེ། བདག་གི་མཐོང་སྣང་ལས།

འཕྲུལ་སྣང་ལ་སྤྲུལ་བའི་རྣམ་ཤེས་ཚོགས།

གཏན་དུ་བཞུད་ཟིན་པའི་ཕྱེ་ལེབ་ནང་བཞིན།

ཚོན་རྩི་བྱུགས་པའི་སྐད་ཆ་གློད་སྟངས་དེ་བཞིན།

སྙིང་བོ་ཞིག་འདུག་གམ།

 




མཚན་གུང་གི་དུས་ཚོད་གསུམ་པ།




 

སྔར་བཞིན་སྐར་ཚོགས་ཁྲ་ལམ་མེར་ཤར།

གཉིད་དུ་ཡུར་ཟིན་པའི་མི་དག

ནམ་ཡང་སྐར་ཚོགས་དང་རྒྱང་དུ་གྱེས།

 

ངས་རྨི་ལམ་ཁོ་ན་བསྲུངས།

རྨི་ལམ་བོར་བའི་མཚན་མོ་མང་པོར།

ངས་ཁེར་རྐྱང་གི་བསླུ་བྲིད་ལ་ངོ་ལོག་བྱ་མ་ཕོད།

 

མཚན་གུང་གི་དུས་ཚོད་གསུམ་པར།

ངས་སྔར་བཞིན་མཐེབ་གཞོང་ངོས་ཀྱི་ཡིག་འབྲུ་བཙལ།

ཡིག་འབྲུ་དག་ལ་བཅོལ་བའི་སེམས་འགྱུའི་བང་རིམ་དུ།

ཁྱོད་ཀྱི་རྨི་ལམ་དང་ཕུགས་འདུན་ཁོ་ན།

ང་ལ་རོགས་དན་ཚུལ་གྱིས་བཞུགས།

གལ་ཏེ་ངས་ཁྱོད་ལ་སྙིང་ཉེ་བོས་ཆོག་ཚེ།

ང་ལ་ད་དུང་སྐད་ཆ་གཞན་ཞིག་ཡོད།

 

མཚན་གུང་གི་དུས་ཚོད་གསུམ་པར།

ངས་ད་རུང་ཁྱོད་ཀྱི་སེམས་སྒྲ་ཁོ་ན་བཀླགས།

རྩོམ་པ་པོ་ངོ་སྤྲོད།

བྲ་ཚ་བ་རྡོ་རྗེ་ཚེ་རིང་། མདོ་སྨད་མཚོ་སྔོན་པོ་རྐང་ཚར་སྐྱེས། ལོ་དགུར་དུས་དེབ་རྩོམ་སྒྲིག་བྱ་བར་འཇུས། «འཁོར་བའི་རྟ་ཕོ»ཞེས་པའི་དེབ་ཆུང་ཞིག་གི་བདག་པོ།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  «སྦྲང་ཆར»དང«གངས་རྒྱན་མེ་ཏོག»དང«ཟླ་ཟེར»སོགས་སུ་སྙན་ངག་ཁ་ཤས་སྤེལ།

འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།



སྒྲིག་སྦྱོར་པ། བཀྲ་ཚེ།
ལྟ་སྐུལ་པ། ཚེ་རིང་བཀྲ་ཤིས།
སྤྱི་ཁྱབ་ལྟ་སྐུལ་པ། བན་དེ་ཚེ་རིང་།

青海藏文报社
青海藏文报官方平台,及时发布涉藏地区最新资讯,弘扬主旋律,挖掘和传播优秀传统文化。
 最新文章