ཞེན་ཆགས་སྟོང་གིས་བཅངས་བའི་ཕ་ཁྱིམ་ནས། །
ཐོས་པ་འཚོལ་བའི་འོད་ཀྱི་ལམ་དུ་ཞུགས། །
རྒྱ་ཆེན་ཐོས་པའི་ངལ་བ་ཁུར་ལེན་པ། །
ཙོང་ཁའི་བུ་ཆུང་གངས་རིའི་བརྒྱན་དུ་ཆས། །
རིས་མེད་གདམས་ངག་ཐུགས་ཀྱི་རྒྱན་དུ་འཆང་། །
མགོན་མེད་འགྲོ་བ་སྙིང་རྗེའི་མཐིལ་དུ་བཟུང་། །
ཕྱོགས་མེད་གདུལ་བྱ་བུང་བའི་ཚོགས་བཞིན་བསྡུས། །
མཉམ་མེད་དགེ་ལྡན་ཆོས་ཀྱི་ཞིང་ས་བསྐྲུན། །
ཟབ་ཞི་སྤྲོས་བྲལ་འོད་གསལ་དབུ་མའི་ལམ། །
སུས་ཀྱང་མ་གོ་སྟོན་པའི་ཐུགས་ངལ་གནས། །
ཨ་མདོའི་ཨ་སྐྱོ་བློ་བཟང་གྲགས་པ་ཡིས། །
མཁྱེན་རབ་ཐོགས་མེད་གདམས་པའི་གནད་དུ་སྨིན། །
སོ་སྐྱེ་དང་པོའི་ལམ་དུ་ཞུགས་པ་གང་། །
ས་ལམ་རིམ་བགྲོད་རིན་ཆེན་གསེར་གྱི་སྐས། །
སྔར་མེད་གསར་དུ་བསྐྲུན་པའི་མཉམ་མེད་པ། །
ས་གསུམ་རྒྱན་དུ་གྱུར་བ་སུས་མི་གླེང་། །
སྤྱན་འདྲེན་མཆིལ་ཡིག་སྒྱུ་མའི་འཕྲུལ་དུ་སྒོམ། །
སྟོབས་འབྱོར་མངའ་ཐང་ཆུ་ཟླའི་བརྙན་དུ་གཟིགས། །
རྟག་བརྟན་ཆོས་ཚུལ་ཟབ་མོས་མ་གཡོས་པའི། །
ཤཱཀྱའི་རིང་ལུགས་པ་དེ་སུ་ཞིག་ལགས། །
ཨ་མའི་བརྡ་ཡིག་དབུ་སྐྲ་དུང་སྐུད་མ། །
ལོ་ཟླའི་ལམ་ཐག་ཉི་མའི་ཟན་ལ་བཏགས། །
བདེན་འཛིན་རྙི་ལས་ཤོར་བའི་རི་ཁྲོད་པས། །
ལུང་རྟོགས་མཛད་བཟང་ཨ་མར་ལན་དུ་ཕུལ། །
གངས་ཅན་མཁས་རྒུའི་གཙུག་རྒྱན་སྣ་བོ་ཆེ། །
མདོ་རྒྱུད་ཟུང་འབྲེལ་བསྟན་པའི་སྲོག་ཤིང་དུ། །
ཤེས་ནས་གསུངས་བའི་ལྟ་བའི་ལེགས་བཤད་ལྔ། །
རྒྱལ་བ་དགྱེས་པའི་མཆོད་སྤྲིན་འདི་ལས་གང་། །
མཛད་ཆེན་བཞི་ཞེས་ཐུན་མོང་ངོར་ལ་གྲགས། །
མདོ་སྔགས་ཟབ་དོན་གདུལ་བྱ་གྲོལ་བའི་ལམ། །
གསུང་གི་ཉི་ཟླ་ག་འུ་ཁ་སྦྱོར་སོགས། །
མཛད་པའི་མཆོག་གྱུར་འདི་དག་བགྲང་བས་ངལ། །
གསུང་སྐྱེས་གསེར་རིའི་ཕྲེང་བ་ཚར་དུ་དངར། །
ཐུགས་ཀྱི་སྲས་མཆོག་བསྟན་པའི་རྒྱན་དུ་ཤར། །
དགེ་ལྡན་བསྟན་པ་ཉི་ཟླའི་འགྲོས་ལ་མཉམ། །
མཛད་ཆེན་འདི་ཡང་གངས་རིའི་མཁའ་ན་གསལ། །
དབུས་ཀྱི་གདན་ས་འཛམ་གླིང་མཛེས་རྒྱན་ན། །
ལུང་རྟོགས་ཆོས་ཀྱི་སྒྲ་དབྱངས་དབྱར་གྱི་རྔ། །
འགག་མེད་དུས་གསུམ་ནམ་མཁར་སྒྲོག་པའི་བུ། །
རྒྱལ་ཀུན་ཐུགས་ཀྱི་སྲས་མཆོག་ཁྱེད་མིན་སུ། །
ཆོས་ཀྱི་སྟི་གནས་འདུས་སྡེ་མཚོ་ལྟར་འཁྱིལ། །
ཞྭ་སེར་བསྟན་པ་བསྟན་པའི་རྒྱན་དུ་མཛེས། །
ཨ་མདོའི་བླ་མ་བློ་བཟང་གྲགས་པ་དེ། །
འབྲལ་མེད་སྙིང་གི་ཐིག་ལེར་བཞུགས་སུ་གསོལ། །
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།