ས་ག་ཟླ་བར་མཉམ་མེད་ཐུབ་དབང་དྲན།

文摘   2024-05-17 21:44   青海  

ས་ག་ཟླ་བར་མཉམ་མེད་ཐུབ་དབང་དྲན།
དབྱངས་ཅན་མཁའ་འགྲོ།   
   དངོས་མིང་། དབྱངས་ཅན་མཁའ་འགྲོ། པུར་མིང་། སྨྱུ་གུའི་ལང་ཚོ།  ཨ་མདོ་མགོ་ལོག་ནས་ལང་ཚོའི་མྱུ་གུ་སྨིན་ཞིང་སྣ་མང་ཤེས་བྱའི་རང་བཞིན་ལ་དུང་བ་ཟབ་པའི་གུས་མོར་མཚོན་ན་སྙན་ངག་གི་ཞིང་ཁམས་ལ་རྒྱང་ལྟ་བྱེད་རྒྱུ་ཡང་དད་མོས་ཤིག་ཏུ་སེམས་ཡོད།

སྒྲིབ་གཉིས་སྐྱོན་སྤངས་མཁྱེན་གཉིས་ཡེ་ཤེས་ཐོབ།།
ཚོགས་གཉིས་དཔལ་རྫོགས་སྐུ་གཉིས་ཟུང་དུ་འཇུག །
དོན་གཉིས་ལྷུན་གྲུབ་བདེན་གཉིས་གནས་ལུགས་གཟིགས།།
ཕན་བདེའི་འབྱུང་གནས་ཤཱཀྱའི་ཏོག་ལ་འདུད།།

རྟག་ཆད་ལྟ་བའི་སྨག་རུམ་སྟུག་པོའི་ཀློང་།།
མཐའ་བྲལ་དབུ་མའི་གནས་ལུགས་སྟོང་བའི་ཚེ།།
རྟེན་འབྱུང་སྒྱུ་མའི་ལམ་མཆོག་སྟོན་མཁས་པའི།།
ཞི་བསིལ་ཟླ་བའི་ལང་ཚོ་མངོན་པར་གསལ།།

འགའ་ཞིག་བདག་བདེའི་ཕྱིར་དུ་གཞན་ལ་འཚེ།།
ཁྱེད་ནི་གཞན་བདེའི་ཆེད་དུ་བདག་ལ་འཚེ།།
མདོར་ན་མ་ལུས་སྲོག་ལྡན་ཡོད་དོ་ཅོག །
བདག་བས་གཞན་གཅེས་གཅེས་པའི་སྲོག་བཞིན་བཀུར།།

བསགས་པའི་ནོར་རྫས་འཛད་པའི་རྒྱུ་རུ་གཟིགས།།
མཐོན་པོའི་གོ་གནས་དམའ་བའི་རང་བཞིན་མཐོང་།།
མཛའ་ཡང་འཁོན་པའི་ཆོས་ཉིད་ལེགས་རྟོགས་ཕྱིར།།
འདིར་སྣང་བྱིས་པའི་རྩེད་མོ་རིང་དུ་དོར།།

ཚད་ཐུབ་ལུང་རིགས་འབུམ་སྡེའི་གཟི་འོད་ཀྱིས།།
རིགས་རུས་མཐོ་དམན་ལྟ་བའི་དུད་སྤྲིན་དང་།།
ཉམ་ཆུང་ཚེ་སྲོག་དམན་ལྟའི་སྤྱོད་ངན་སོགས།།
རྩད་ནས་བཅོམ་མཛད་འདྲ་མཉམ་ལྟ་སྲོལ་འབྱེད།།

ཡིད་འོང་དབེན་གནས་གསེར་གྱི་ཕོ་བྲང་མིན།།
རི་དྭགས་སྣ་ཚོགས་མཛའ་བའི་གཉེན་གྲོགས་མིན།།
རྩི་ཤིང་མེ་ཏོག་རིན་ཆེན་རྒྱན་ཆ་མིན།།
དེ་ཕྱིར་འདྲེན་པ་ཁྱེད་ཐུགས་རབ་ཏུ་འཚེངས།།

རྣམ་མང་འདོད་ཡོན་འཁོར་འབངས་རྒྱ་མཚོའི་རྡུལ།།
ལམ་ཁའི་རྡོ་བཞིན་དོར་བ་ངོ་མཚར་ཅི།།
སྲིད་གསུམ་ཉམས་བྱེད་དུག་ལྔའི་མཚོན་རྣོན་གྱིས།།
མ་ཚུགས་རྡོ་རྗེའི་སྐུ་དེ་ངོ་མཚར་ཆེ།།

སྟོབས་བཅུའི་མངའ་བདག་འཕགས་མཆོག་ལྷ་ཡི་ལྷ།།
མཚན་བཟང་དཔེ་བྱད་བརྒྱད་ཅུས་ལེགས་སྤྲས་དཔྱིད།།
གསུང་དབྱངས་ཡན་ལག་དྲུག་ཅུའི་གད་རྒྱང་གིས།།
འཇིག་རྟེན་གསུམ་གྱི་རྨོངས་མུན་རྩད་ནས་བཅོམ།།

དེ་ལྟར་གང་གི་མཛད་བཟང་ཆུ་གཏེར་རྡུལ།།
ཚུར་མཐོང་ཚད་མས་གཞལ་བ་གད་མོའི་རྒྱུ།།
འོན་ཏེ་དད་སེམས་གཙང་མས་རབ་སྐུལ་ཏེ།།
སྙན་ཚིག་མཆོད་པའི་མེ་ཏོག་ལེགས་འབུལ་ན།།

ཚེ་རབས་ཕྲེང་བར་གང་གི་བསྟན་དང་མཇལ།།
བཤེས་གཉེན་དམ་པས་རྗེས་བཟུང་བྱིན་རླབས་འཇུག །
བསླབ་གསུམ་ནོར་བུའི་རྒྱན་དང་རྟག་ཏུ་འགྲོགས།།
འགྲོ་ཀུན་བདེ་མཆོག་སྩོལ་བའི་དཔལ་ཐོབ་ཤོག།                                                                              
                               

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།


柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章