རིག་པ་རྡོ་རྗེའི་རང་མོས་བདམས་བཀོད།

文摘   2024-01-28 19:41   青海  


རང་མོས།

​རིག་པ་རྡོ་རྗེ།


​​ངོ་མ་མི་ཕྲིས་ཀི  བཙིར་སར་མི་འགྲོ་གི  སྙན་ངག་ནི
སྐྱག་པ་བཙིར་བཙིར་བྱས་ནས་ཡོང་བ་ཞིག་རྩ་བ་ནས་མ་རེད། 
1
ངས།

ངས་རང་ཉིད་བོར་སོང
རང་ཉིད་ཀྱི་མི་རིགས་དང
སྐད་དང་ཡི་གེ་ཡང་བོར་སོང
ཡིན་ནའང   ངས་འུ་གཉིས་ཀྱི་གཏམ་རྒྱུད་དེ་དག
ནམ་ཡང་སེམས་ནས་བོར་མྱོང་མེད

2
ཁྱོད་རང་ཐེངས་གཅིག་དྲན་མ་ཕོད།

ཧེ་ཙིས་ལྕགས་ཟམ་ཁ་ནས
ཨ་ཅེ་དྲན་མྱོང་ལ
གླང་རྫིས་དགུ་ཚིགས་དབྱིངས་ནས
ཐག་མཁན་བུ་མོ་དྲན་མྱོང་མོད
ངས་མཐའ་ན་ལྐོག་ནས་ཀྱང
ཁྱོད་རང་ཐེངས་གཅིག་དྲན་མ་ཕོད

3
ཁྱོད་རང་བཙལ་བ།

ངས་རི་རབ་ཀྱི་ཁོང་གསེང་གཏོར་ཏེ
ཁྱོད་རང་བཙལ
ངས་རྒྱ་མཚོ་ཡི་གཏིང་རིམ་ཉུལ་ནས
ཁྱོད་རང་བཙལ
ངས་ཁྱོད་རང་བཙལ་བཙལ་མཐར
ངས་རྙེད་པ་ནི་ཁེར་རྐྱང་ཁོ་ན་རེད

4
ནམ་ཞིག

ནམ་ཞིག  
ང་རང་འཆི་ངེས  
ཧྥན་གོ་བཞིན་རང་སྲོག་བཅོད་ནས་འཆི་སྲིད
འོན་ཏེ་ཧྥན་གོ་ལ་རི་མོའི་བརྩམས་ཆོས་ཡོད
དགེ་ཆོས་བཞིན་བཙོན་ནས་འཆི་སྲིད
འོན་ཏེ་དགེ་ཆོས་ལ་གཏམ་རྒྱུད་གསེར་ཐང་ཡོད
བདུད་བྷེ་བཞིན་ཆང་འཐུང་ནས་འཆི་སྲིད
འོན་ཏེ་བདུང་བྷེ་ལ་རྡུང་ལེན་གྱི་སྒྲ་ཐག་ཡོད
ཁ་བ་སྙིང་ལྕགས་བཞིན་མཚོ་ནང་ནས་འཆི་སྲིད
འོན་ཏེ་ཁ་བ་སྙིང་ལྕགས་ལ་འབུ་མེ་ལྕེབས་ཀྱི་ལྷུག་རྩོམ་ཡོད

ང་འཆི་རྗེས
འཇིག་རྟེན་མི་ཡུལ་དུ་ཟས་རིན་ཙམ་ཡང་མེད་པར་བསམ་ན
ང་རང་ཧ་ཅང་འཆི་བ་ལ་སྐྲག་གི

5
དེས་ཆོག

མགོ་ཐོག་ན་ཉི་མ་གཅིག་མ་གཏོགས་མེད་པ་བཞིན
ང་ཡི་སེམས་སུ་ཁྱོད་མ་གཏོགས་གཞན་པ་མེད
ཁྱོད་རང་ཉི་མ་བཞིན་ང་ཡི་འཇིག་རྟེན་ལ
ཐེངས་གཅིག་ཤར་ན་དེས་ཆོག 

6
ཕ་ཡུལ།

ཕ་ཡུལ
ཉེ་ས་ནས་བལྟས་ན་དམྱལ་བ་རེད
རིང་ས་ནས་བལྟས་ན་ལྷ་ཡུལ་རེད


ཕ་ཡུལ
ཆུང་དུས་ཆེས་ཁ་གྱེས་འདོད་ས་དེ་རེད
རྒས་དུས་ཆེས་ཕྱིར་ལོག་འདོད་ས་དེ་ཡང་རེད

7
དོ་ནུབ་ང་རང་ལྷ་ས་ན་ཡོད།

དོ་ནུབ་ང་རང་ལྷ་ས་ན་ཡོད
སྔོན་ཆད་དྲན་མྱོང་བའི་ལྷ་ས་ན་ཡོད
ལྷ་ས་ན་ང་ཚོས་བརྗེད་མི་ཉན་པ་མང་པོ་ཞིག་ཡོད
ཟླ་བ་འདི་དག་ལ
ང་རང་ལྷ་ས་ནས་བསྡད་པ་ཡིན
ལྷ་ས་ནས་བསྡད་དེ
ལྷ་སའི་ལོ་རྒྱུས་བཀླགས་པ་ཡིན
ང་འདུག་སའི་ཁང་བ་དེའི་འགྲམ་དུ
བོད་པ་རྐྱང་རྐྱང་རེད
མང་ཕྱོགས་ནི་ལས་བྱེད་པ་ཏག་ཏག་རེད་འདུག
ཡིན་ཡང་ཁོ་ཚོའི་ཁྲོད་དུ
བོད་སྐད་མི་ཤེས་མཁན་མང་པོ་ཞིག་འདུག
གོ་ཐོས་སུ

ཁོ་ཚོས་རྒྱ་ཡིག་ཕྱོགས་སུ་གཙོ་བོར་སློབ་གཉེར་བྱེད་བཞིན་ཡོད་ཟེར

སྐད་ཆ་དེ་ཐོས་རྗེས
ད་ལྟའི་ལྷ་ས་ནི
ངས་དྲན་མྱོང་བ་དེ་འདྲ་ཞིག་གཞི་ནས་མ་རེད
ད་ལྟའི་ལྷ་ས་ནི་སྔོན་ཆད་དང་མི་འདྲ་ཟེར
སྔོན་ཆད་དང་མི་འདྲ་བའི་ད་ལྟའི་ལྷ་ས་མཐོང་ཙ་ན
ངས་གནས་འདིའི་མེས་པོ་ཚོ་ཤིན་ཏུ་དྲན་བྱུང
ངའི་མཁུར་མགོའི་མིག་ཆུ་ཡིས་བྲང་གཞུང་བརླན་བྱུང

8
གལ་ཏེ།  

གལ་ཏེ
ཁྱོད་རང་སྐོམ་ཆུ་ཞིག་ཡིན་པའི་དབང་དུ་བཏང་ན
ངས་སྔ་མོ་ནས་ཁྱོད་རང་འཐུང་ཟིན


གལ་ཏེ
ཁྱོད་རང་སྙན་ངག་ཅིག་ཡིན་པའི་དབང་དུ་བཏང་ན
ངས་སྔ་མོ་ནས་ཁྱོད་རང་བཀླགས་ཟིན

9
སྡུག་བཤད།

སྙིང་ཉེ་བའི་མི་ལགས
ངས་ཁྱོད་ལ་སེམས་པ་ཤོར་ནས་འཕྲིན་པ་སྐུར་ཏེ
མནའ་ཚིག་བཞག་ནས་ཡིད་ཆེས་བྱས་ན
ཁྱོས་ངས་བཤད་པ་ཐམས་ཅད་རླུང་ལ་སྐུར་ནས
ཕྱིར་མིག་དང་བདེ་མོ་མེད་པར་ཁོ་ལ་འགྲོགས་འདུག

སྙིང་ཉེ་བའི་མི་ལགས
ངས་ཁྱོད་ལ་ཁ་པར་བཏང་ནས་གསང་གཏམ་བཤད་དེ
ལུས་སེམས་བཅོལ་ནས་སེམས་ཐག་བཅད་ན
ཁྱོས་ངས་སྙིང་ལ་ན་ཟུག་གི་འཛེར་མ་བརྡབ་ནས
འུ་གཉིས་ཀྱི་བརྩེ་དུང་ལ་རྫོགས་ཚིགས་བྲིས་འདུག
         
སྙིང་ཉེ་བའི་མི་ལགས
མཚན་མོ་དེ་ངས་ཟླ་བ་ལ་ཁེར་ལབ་བྱས  
འོན་ཀྱང  ཨ་ལན་མེད་པས

སེམས་པ་སྡུག་ནས་སྨྱོ་ལ་ཁད

མིག་ཆུས་ནང་ནས་ཁུར་ལ་ཁད

10
ཐོག་མའི་བརྩེ་དུང་། 

ཐོག་མའི་བརྩེ་དུང་ནི
བྱིས་བློ་ལྟ་བུའི་དྭངས་གཙང་ཞིག་ཡིན་མོད
བསམ་བཀོད་བཞིན་དུ་འགྲོ་མི་སྲིད

ཐོག་མའི་བརྩེ་དུང་ནི
རྒོད་པོ་ལྟ་བུའི་འཐུར་མེད་ཅིག་ཡིན་མོད
བྲག་རྡོ་བཞིན་དུ་བརྟན་མི་སྲིད

11
ཁྱོད་ནི།

ང་ནི་ཁྱོའི་སེམས་ཀྱི་དོན་འགྲུབ་རྒྱལ་ལོ་དེ་མིན་ཡང
ཁྱོད་ནི་ངའི་སེམས་ཀྱི་ཡེ་ཤེས་སྒྲོལ་མ་དེ་ཡིན

ང་ནི་ཁྱོའི་སེམས་ཀྱི་ཉི་མ་ཚེ་རིང་དེ་མིན་ཡང
ཁྱོད་ནི་ངའི་སེམས་ཀྱི་ཟླ་བཟང་སྒྲོལ་མ་དེ་ཡིན

ང་ནི་ཁྱོའི་སེམས་ཀྱི་མགར་བ་སྟོབས་རྒྱལ་དེ་མིན་ཡང
ཁྱོད་ནི་ངའི་སེམས་ཀྱི་ཡེ་ཤེས་ལྷ་མོ་དེ་ཡིན

ང་ནི་ཁྱོའི་སེམས་ཀྱི་མཛའ་ན་བོ་དེ་མིན་ཡང
ཁྱོད་ནི་ངའི་སེམས་ཀྱི་མཛའ་ན་མོ་དེ་ཡིན

ང་ནི་ཁྱོའི་སེམས་ཀྱི་དཀར་ཡོལ་འབྲུག་མ་དེ་མིན་ཡང
ཁྱོད་ནི་ངའི་སེམས་ཀྱི་ཁ་བཏགས་དཀར་པོ་དེ་ཡིན

12
བར་ཐག

འུ་གཉིས་མལ་ཁྲི་གཅིག་གི་སྟེང་དུ་ཡོད་རུང
འུ་གཉིས་ཀྱི་བར་ཐག་ནི
སྐད་ཆའི་ལམ་ནས་ཤོད་ཐབས་མི་འདུག
ང་ནི་ཉི་མ་ཡིན་ན
ཁྱོད་ནི་ཟླ་བ་ཡིན་འདྲ
སྲིད་པ་ཆགས་ནས་ཚུན་ཆོད་དུ
སྐྱེ་བ་འདིའི་བར་ཐག་གིས
ང་ཁྱོད་ཀྱི་ཉེ་བར་བཅར་ཐབས་མི་འདུག

13
ངས་བལྟས་ན། 

ངས་བལྟས་ན
འགུལ་གྱིན་པ་ནི་ས་མ་རེད

ངས་བལྟས་ན
འགུལ་གྱིན་པ་ནི་མི་སེམས་རེད

14
སྙིང་ཉེ་བའི་མི།

ངས་ནམ་ནམ་ཁྱོད་ཀྱི་འདྲ་པར་ལ་ཅེར་ནས
འདྲ་པར་ལ་འོ་བྱས་པ་ཡིན
ངས་ནམ་ནམ་ཁྱོད་ཀྱི་འདྲ་པར་བྲང་ལ་སྦྱར་ནས
འདྲ་པར་ལ་ཁེར་ལབ་བྱས་པ་ཡིན
དྲང་མོར་བཤད་ན
ང་ལ་དེ་ལས་གཞན་ཐབས་ཤེས་མི་འདུག  

15
སྙན་ངག

ངས་བུད་མེད་ཅིག་ལ
སྙན་ངག་མང་དུ་བྲིས
མཐའ་མར་སྙན་ངག་ནི
བུད་མེད་ལས་ཀྱང་སྙིང་དུ་སྡུག་སོང

16
ང་རང་གཏན་དུ་གཉིད་སོང་ན།

ནམ་ཞིག་གི་ཚེ་ན
ང་རང་གཏན་དུ་གཉིད་སོང་ན
ཁྱེད་ཚོས་ངུ་འབོད་དང་ཀི་སྒྲའི་ཀློང་ནས
བདག་གི་རྨི་ལམ་མི་དཀྲོཊ་རོགས

17

ངའི་རྣམ་ཤེས་ཁྱོད་ལ་འཁོར་ངེས།

ངའི་མིག་ཟུང་ལོང་བར་གྱུར་ཀྱང
ངས་སེམས་ཀྱིས་ཁྱོད་རང་མཐོང་ངེས
ངའི་རྣ་བ་འོན་པར་གྱུར་ཀྱང
ངས་སེམས་ཀྱིས་ཁྱོད་རང་ཚོར་ངེས
ངའི་ངག་སྒོ་ལྐུགས་པར་གྱུར་ཀྱང
ངས་སེམས་ཀྱིས་ཁྱེད་རང་གླེང་ངེས
ངའི་ཚེ་ཡི་འདུ་བྱེད་རྫོགས་ཀྱང
ངའི་རྣམ་ཤེས་ཁྱོད་ལ་འཁོར་ངེས

18
ང་ད་དུང་དྭ་ཕྲུག་མིན། 

ཨ་ཕ

གཉེན་ཉེ་དག་གི་སེམས་སུ
ཁྱེད་འཇིག་རྟེན་འདི་དང་ཁ་གྱེས་པ་ནས་བཟུང
ང་རང་དྭ་ཕྲུག་བདག་མེད་ཅིག་རེད་འདོད་ཡོད
འོན་ཏེ     ང་ད་དུང་དྭ་ཕྲུག་མིན   
ང་ལ་བོད་ཡིག་ཅེས་པའི་ཨ་ཕ་ཞིག་ཡོད
ང་ལ་བོད་སྐད་ཅེས་པའི་ཨ་མ་ཞིག་ཡོད

19
གྲིབ་མ།

ཁེར་རྐྱང་དང་སུན་སྣང་གིས་མནར་བའི་དུས་སུ
ང་ལ་རང་ཉིད་ཀྱི་གྲིབ་མ་ལས་འགྲོ་རོགས་མེད
ཨ་ཕ་དང་ཨ་མ་སོགས་ང་དང་བྲལ་རུང
གྲིབ་མ་ཁོ་ན་ང་དང་ཁ་བྲལ་མ་མྱོང

20
ཟི་ལིང་།

ཆུང་དུས་སུ་ཨ་ཕས་ང་རང་ཁྲིད་དེ
ཟི་ལིང་དུ་ཐེངས་གཅིག་ལ་འགྲོ་རྒྱུ་བྱས་མྱོང
ངའི་ཨ་ཕ་ནི་རླངས་འཁོར་ཁ་ལོ་བ་ཞིག་ཡིན
དེ་བས  ཕ་ལགས་ཟི་ལིང་དུ་ཐེངས་མང་པོར་འགྲོ་མྱོང་ཡོད
རྗེས་སུ་ཕ་ལགས་གཤེགས་སོང
ང་རང་ཟི་ལིང་དུ་ཐེངས་མང་པོར་འགྲོ་ཐུབ་པ་བྱུང་མོད
ཕ་ལགས་དང་མཉམ་དུ་འགྲོ་བའི་སྐལ་བ་མ་བྱུང
དེ་རིང་ང་ཟི་ལིང་དུ་འབྱོར་བ་ན་ཡིད་ལ་ཕ་ལགས་འཁོར་ཞིང
ཕ་ལགས་ཀྱི་རླངས་འཁོར་དེ་ཡང་དྲན་ཡོང
ཆུང་དུས་སུ   ཟི་ལིང་མཐོང་མ་མྱོང་མོད
ཟི་ལིང་ཞེས་པ་ནི་ཆ་ཡོད་ཆ་ཡོད་ཅིག་ཏུ་སྣང་ལ
ད་ལྟ་ཕ་ལགས་མེད་པས
ཟི་ལིང་ནི་ཆ་མེད་ཆ་མེད་ཅིག་རེད

21

སྐད་ཆ་དྲང་མོར་བཤད་ན།

ང་ནི་ཉི་མ་མིན་པས
ངས་ཁྱོད་ལ་དྲོད་ཁོལ་སྟེར་མི་ནུས
ང་ནི་སྤྲིན་པ་མིན་པས
ངས་ཁྱོད་ལ་བསིལ་གྲིབ་སྦྱིན་མི་ནུས
སྐད་ཆ་དྲང་མོར་བཤད་ན
ངས་ཁྱོད་ལ་ཅི་ཡང་མི་ནུས

22

བོར་སོང་།

ངས་མི་ཞིག་བོར་སོང

རྨི་ལམ་དང་བཅས་ཏེ་བོར་སོང


ངས་རོགས་ཤིག་བོར་སོང

བརྩེ་དུང་དང་བཅས་ཏེ་བོར་སོང

23

ཁྭ་ཏ།

ཁྭ་ཏའི་སྐད་ངག་མི་སྙན

ཁྭ་ཏའི་སྤུ་མདོག་མི་མཛེས

དེ་བས   ཁྭ་ཏ་ལ་དགའ་མཁན་མེད་ཀྱང

ཁྭ་ཏས་རང་ལ་མཐོང་ཆུང་བྱས་མ་མྱོང

ཁྭ་ཏས་གཞན་ལ་མགོ་བོ་སྒུར་མ་མྱོང

ཁྭ་ཏས་རང་ཉིད་སེམས་ནས་བོར་མ་མྱོང

ཁྭ་ཏས་རང་ཉིད་བསྒྱུར་བཅོས་བཏང་མ་མྱོང

24

ང་ཚོ་རྒྱང་རིང་ལ་དགའ།

ང་ཚོ་ནམ་མཁའི་བྱ་ཁྱུ་བཞིན་གཤོག་པ་བརྐྱངས་ཏེ

གཙང་བོ་དང་རི་བོ་བརྒལ་ནས

རྒྱང་རིང་ལ་འཕུར་མི་ཆོག་མོད

ཡིན་ནའང   ང་ཚོ་རྒྱང་རིང་ལ་དགའ

རྒྱང་རིང་ན་འཚོ་སྡོད་བྱེད་པའི་མི་རེ་རེ་ལའང་སྙིང་ནས་དགའ

25

སྙན་ངག་ཟེར་བ་ཞིག་མེད་ན།

གལ་ཏེ

སྙན་ངག་ཟེར་བ་ཞིག་མེད་ནའང


འཇིག་རྟེན་སྔར་བཞིན་གནས་སྲིད་ལ

ངའང་སྔར་བཞིན་གསོན་ཐུབ་མོད


འོན་ཀྱང  

ངའི་ཚེ་སྲོག་ལ་ཆག་སྐྱོན་འབྱུང་སྲིད

26

སེམས་ཁྲལ།

ང་འབྲོག་ནས་ཡོང་ཞོར་དུ་ལམ་ནས་ངས་འདི་ལྟར་བསམ

ལོ་འགའི་རྗེས་སུ


འབྲོག་པ་མཐོང་ཐུབ་བམ་རྟ་ནོར་མཐོང་ཐུབ་བམ

འབྲོག་ཁྱི་མཐོང་ཐུབ་བམ


ངས་འདི་ལྟར་སེམས་ཁྲལ་སྒྱེ་མོ་གང་ཁུར་ནས

སློབ་གྲྭར་བུད་སོང

27

མེ་ལོང་ལྟ་བུའི་གྲོགས་པོ་ཞིག

ང་ལ་མེ་ལོང་ལྟ་བུའི་གྲོགས་པོ་ཞིག

ཡོད་ན་བསམ་མྱོང


ངུ་ན་ང་དང་མཉམ་དུ་ངུ་ནི་ཞིག

བགད་ན་ང་དང་མཉམ་དུ་བགད་ནི་ཞིག

28

ཨ་ཕྱིའི་གདོང་གི་གཉེར་རིས།

གཉེར་རིས་དང་པོ་དེ་ནི

ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ

དཀའ་སྡུག་མྱངས་ནས་བཏོད་པ་རེད


གཉེར་རིས་གཉིས་པ་དེ་ནི

ཚེ་སྔོན་ལན་ཆགས་ཤིག་གམ

མི་འདོད་ནད་ཀྱིས་མནར་ནས་བཏོད་པ་རེད


གཉེར་རིས་གསུམ་པ་དེ་ནི

ང་དང་ངའི་ནུ་བོ་གཉིས་ལ་སློབ་ཡོན

སྡུག་གསོག་མུག་གསོག་བྱེད་སྐབས་བཏོད་པ་རེད


གཉེར་རིས་བཞི་བ་དེ་ནི

ཚ་བོ་ཚ་མོ་དག་ལ་ལྟ་སྐྱོང་བྱེད་ཆེད

ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་བཏོད་པ་རེད

29

ཁ་བ་སྙིང་ལྕགས།

ཁྱེད་རང་མཚོ་སྔོན་པོའི་གཏིང་རིམ་ལ་འཐིམས་ནས

ཏག་ཏག་མི་ལོ་ལྔ་འགོར་སོང་མོད  ཡིན་ནའང


བྱིས་སྒྲུང་ལ་དགའ་བའི་བྱིས་པ་ཚོས་ཁྱེད་རང་བརྗེད་མི་སྲིད་ལ

འབུ་མེ་ལྕེབས་ཀྱིས་ཁྱེད་རང་དེ་བས་བརྗེད་མི་སྲིད


ད་སྐབས་ཁྱེད་རང་གང་དུ་ཡོད  གང་ཞིག་ལ་བུད་སོང

གང་ཞིག་ནས་བྱིས་པ་ཚོར་བྱིས་སྒྲུང་འབྲི་བཞིན་ཡོད


གང་ཞིག་ནས་འབུ་མེ་ལྕེབས་ལ་རྩོམ་ཡིག་འབྲི་བཞིན་ཡོད

གང་ཞིག་ནས་གསེར་ཉྭའི་ལས་དབང་གླེང་བཞིན་ཡོད

30

ཅི་ཡང་མེད། 

འུ་གཉིས་ལ་འདས་དོན་ཞིག་གང་ན་ཡོད

མཐའ་ན    སྒོ་སམ་སྟེང་གི་ཡི་གེ་ལྟ་བུའི

སློབ་ཐུན་གཅིག་གི་རྗེས་སུ་བསུབ་དགོས་པ་ཙམ་ཡང་མེད


སློབ་མཐར་ཕྱིན་རྗེས

ང་དམར་ལམ་ལམ་གྱིས་འབར་ཞིང

ཁྱོད་ཤག་ཤག་གིས་བཞུར་སོང


ངས་བཤད་མ་ཕོད་པའི་སྙིང་གཏམ་དེ་དག

ཁྱོས་སྒུག་སྒུག་མཐར

ངའི་མགྲིན་པ་ནས་རུལ་སོང


འུ་གཉིས་ལ་ལས་དབང་མེད་པས་གཏམ་རྒྱུད་མེད

ཅི་ཡང་མེད    ཅི་ཡང་མེད

31

ཁ་སང་དེ་རིང་གི་ཁྱོད།

ཁ་སང་ཁྱོད་ནི་སྤྲིན་དཀར་བཞིན་ནམ་མཁའ་ན་རྒྱུ

དེ་རིང་ཁྱོད་ནི་འཇའ་ཚོན་བཞིན་མེད་པར་གྱུར

ཁ་སང་ཁྱོད་ནི་མེ་ཏོག་བཞིན་སྤང་ལ་བཞད

དེ་རིང་ཁྱོད་ནི་ཕྱེ་ལེབ་བཞིན་མེད་པར་གྱུར

ཁ་སང་ཁྱོད་ནི་ཕ་མ་བཞིན་ང་ལ་དགའ

དེ་རིང་ཁྱོད་ནི་དགྲ་བོ་བཞིན་ང་ལ་སྡང

ཁ་སང་ཁྱོད་ནི་ཆུ་རྡོ་བཞིན་བརྟན་རབ་བཤད

དེ་རིང་ཁྱོད་ནི་གྱང་རྩྭ་བཞིན་རླུང་གིས་ཁུར

33

ཚོད་ཚོད་ལ།

ཚོད་ཚོད་ལ

ཁྱོད་རང་འཁྱགས་རོམ་ལྟར

བདག་གི་ལུས་སྟེང་དུ་ཞི་བཞིན་འདུག


ཚོད་ཚོད་ལ

ཁྱོད་རང་མེ་ལྕེ་བཞིན

བདག་གི་སེམས་ཁོང་དུ་འབར་གྱིན་འདུག

33

ཨ་མ་ལྟ་བུའི་ཨ་ཕྱི།

ད་སྐབས    ཨ་ཕྱི་ནི་རྒས་པོ་ཞེ་དྲག་རེད

ངས་ལོ་བདུན་ཅུ་ཅན་གྱི་ཨ་ཕྱི་མཐོང་བྱུང

སྐད་ཆ་རྡབ་རྡིབ   གོམ་པ་འཁྱར་འཁྱོར

ད་དུང་སྐྲ་ལོ་དུང་ལྟར་དཀར་བས

ལོ་འགའི་སྔོན་དང་འདྲ་བོ་མི་འདུག

ལོ་འདི་དག་གི་རིང་དུ

སེམས་ཚེགས་དེས་ཨ་ཕྱི་ནད་པར་བཏང་སོང

ད་དུང   བུ་བུ་མོ   ཚ་བོ་ཚ་མོ་ཚོའི་དོན་དུ

ལག་རྟེན་ལྟ་བུའི་ཨ་ཕྱི     ཆགས་ལ་ཁད

ཨ་མ་ལྟ་བུའི་ཨ་ཕྱི      ལོག་ལ་ཁད

34

འདོད་པ།

ངས་ཁྱོད་རང་ཁྲིད་དེ

ཐག་རིང་ཐག་རིང་ཞིག་ལ་འགྲོ་ན་འདོད


ས་དེ་ན

གཉེན་ཉེ་དང་གྲོགས་པོ་མེད


ངས་ཁྱོད་ལ་ས་ཆ་དེ་ནས་སྐྱེ་བ་སྔོན་མ་ཞིག་ལ

འདི་ནས་ངས་ཁྱོད་ལ་བསྒུག་མྱོང་ཞེས་བརྗོད་ན་འདོད

35

ངས་ཤུ་རེ་བྱེད་ཀྱིན་ཡོད།

ངས་ཤུ་རེ་བྱས་ནས་ལས་ཀ་ལས་ཏེ

དཔེ་ཆ་ཀློག་ཞོར་དུ་སྙནངག་དང་གཞས་ཚིག

རི་མོ་དང་བརྩམས་སྒྲུང་འབྲི་བཞིན་ཡོད

 

འོན་ཏེ

ཁྱིམ་མི་ཚོས་ང་ལ་ནུས་པ་མི་འདུག

དཔེ་ཆ་ཁོ་ནས་ཅི་ཡང་མི་ནུས་ཟེར


རྨས་ཕོག་པའི་སེམས་པ་དང་ལོ་ཟླའི་ནང

ཡིད་ཚིམས་པའི་བརྩམས་ཆོས་ཤིག་ཕུལ་མ་ཐུབ

དགོངས་དག་ཞུ  ཁྱིམ་མི་ལགས

36

ངས་ཅིའི་ཕྱིར་སྙན་ངག་བྲིས་པ་རེད།

ངས་ཅིའི་ཕྱིར་སྙན་ངག་བྲིས་པ་རེད

རྒྱུ་མཚན   ང་སྙན་ངག་ལ་དགའ་བས་ཡིན

ངས་ནམ་རྒྱུན་སྙན་ངག་འབྲི་དུས

གློ་རྡེག་ཏུ་ངས་ཅིའི་ཕྱིར་སྙན་ངག་བྲིས་པ་རེད་བསམ་བྱུང


ངས་དེ་ལྟར་གློའུ་འདང་བརྒྱབ་པ་ཡིན

འདང་མ་ཕོག་ཚེ   དེ་ནི་མནར་གཅོད་ཅིག་རེད

འདང་ཕོག་ཚེ    དེ་ནི་བདེ་སྐྱིད་ཞིག་རེད

37

དེ་རིང་ནས་བཟུང་།

འུ་གཉིས་ཀྱིས

དེ་རིང་ནས་བཟུང

ཉིན་མོ་ཉི་འོད་ཀྱི་དྲོད་ཁོལ་མཉམ་དུ་སྤྱད

མཚན་མོ་སྐར་ཚོགས་ཀྱི་གྲངས་འབོར་མཉམ་དུ་བརྩི

38

མ་བརྗེད་ཅིག

ངས་ཡིག་ཉོག་མང་པོ་ཞིག་བྲིས་པ་བརྩེ་དུང་གི་ཆེད་དུ་ཡིན

ང་ལ་ད་སྐབས་ཡོད་པ་ཡིག་ཉོག་འདི་དག་ཡིན

ཡིག་ཉོག་འདི་དག་མ་བརྗེད་ཅིག


​39

ཡིག་ཉོག་འགའ་རེ་མ་བྲིས་ན།

ཁྱོད་ཉིད་མེད་པའི་ལོ་ཟླ་ལ

ཆང་དང་དུ་བ་སྤྱོད་ཀྱིན་མེད

ཡིན་ནའང  ཡིག་ཉོག་འགའ་རེ་མ་བྲིས་ན

གློ་མཆིན་སྔར་བཞིན་ནད་ཀྱིས་བཟུང

40

དྲི་མེད་ཀུན་ལྡན།

ལྷ་སྲས་དྲི་མེད་ཀུན་ལྡན་ལགས

ང་ལ་ཁྱེད་ཀྱི་ཆུང་མ་མི་དགོས

ང་ལ་ཁྱེད་ཀྱི་བུ་ཕྲུག་མི་དགོས

ང་ལ་ཁྱེད་ཀྱི་མིག་ཡང་མི་དགོས

ང་ལ་དགོས་པ་ནི་ཁྱེད་ཀྱི་སྟོང་ཕོད་དེ་ཡིན

ཁྱེད་ཀྱིས་ང་ལ་མ་སྟེར་རུང

ཐེངས་གཅིག་བསྐྱི་རུང་ངམ

ཡང་ན་གཡར་ཆོག་གམ

41

བརྩི།

ཁྱོད་ཀྱི་རིམ་ནས

ཞག་མ་གཅིག་ཡིན་རུང

ཐ་ན་རླངས་འཁོར་ནང་ཡིན་རུང

ངས་དེ་ཆེས་བདེ་སྐྱིད་ལྡན་པའི་མཚན་མོ་ལ་བརྩི

42

ཁྱོད་ནི།

རྨ་ཆུ་ལྟ་བུའི་ཁྱོད་ནི

ཕྱི་ཐག་རིང


མེ་ལྕེ་ལྟ་བུའི་ཁྱོད་ནི

དབལ་ཚ


ཀ་ར་ལྟ་བུའི་ཁྱོད་ནི

རོ་མངར


མདོར་ན   ཁྱོད་ནི་ཆུ་ཚན་ཟོ་གང་དང་འདྲ་ལ

དེས་ངའི་ལུས་སེམས་བཀྲུ་ཆོག

43

ང་ནི་ཅི་ཡང་མིན།

ང་ནི་ས་ཡིན་ན

ང་ནི་ཆུ་ཡིན་ན


ང་ནི་མེ་ཡིན་ན

ང་ནི་རླུང་ཡིན་ན


དྲང་མོར་བཤད་ན

ང་ནི་ཅི་ཡང་མིན


ང་ནི་ང་རང་ཁོ་ན་ཡིན

ང་ནི་རང་ལས་ཅི་ཡང་མིན

གལ་ཏེ། ཉིད་ཀྱིས་འདི་རུ་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章