ཁྱོད་དྲན་ཚུལ་གཞན་ཞིག།༼ཁག་དང་པོ།༽

文摘   2024-06-06 10:34   青海  

རྒྱ་དར་རྒྱས།
སྨུག་པ་ཁོག་ནས་འཐིབས་ཤིང་སྨིག་རྒྱུ་སྒང་ནས་བཞུར་དུས།།

ཉི་འོད་ཁད་ཀྱིས་འཕྲོས་ཤིང་འཛིན་མ་དྲོད་ཀྱིས་བལྟམས་དུས།།
ཕ་ཡུལ་ལྷ་སྡེའི་འདབས་ཀྱི་བཞོ་ཟེའུ་བཟུང་བའི་བུ་མོ།།
རྒྱང་མིག་རྡུལ་གྱིས་བཀང་ཡང་མིག་ཟུང་སུ་ལ་བགྲད་ཡོད།།

རྩྭ་ལྡུམ་ཟིལ་བའི་ཁྲོད་ནས་གོས་ལྭ་ཆར་གྱིས་རླན་ནམ།།
ཆར་ཆུ་དྲག་ཏུ་བབས་པས་སྐུ་ལུས་གྲང་བས་གཙེས་སམ།།
ས་ཆེན་མེ་ལོང་ངོས་སུ་ལུས་རྟེན་མི་ལུས་ཐོབ་པའི།།
བུ་ཆུང་འཁྱམ་པོ་ཞིག་གིས་ཁྱོད་ཉིད་དྲན་པ་ཚོར་རམ།།

གསར་བཞད་མེ་ཏོག་ཆུང་ཆུང་འཛུམ་གྱིས་བཞད་པ་བདེན་ལ།།
དཔྱིད་ཀྱི་རྒྱལ་མོ་ཁོང་ཡང་མོན་ནས་ཕེབས་པ་རྫུན་མིན།།
རོང་འབྲོག་སྐྱེ་བོའི་ཚོགས་ཀྱང་ངལ་རྩོལ་ལས་ལ་བརྩོན་ཡང་།།
བརྩེ་བའི་ཞིང་ལྡུམ་གསེབ་ནས་ང་རང་གཏན་སྡོད་འདོད་ཀི།།

དང་པོ་ཁྱོད་དང་འུ་གཉིས་ཕན་ཚུན་ངོ་ཡང་མི་ཤེས།།
སློབ་སྦྱོང་བརྒྱུད་རིམ་ནང་ནས་དལ་གྱིས་གྲོགས་སུ་གྱུར་སོང་།།
སོས་དལ་བག་ཕེབས་སྐད་ཆས་བདག་ཡིད་རྨང་ནས་བསྒུལ་ཡོང་།།
བརྩེ་བའི་ས་བོན་ཆུང་ཆུང་འདེབས་པའི་དབུ་འཁྱུད་དེ་ཡིན།།

ཡིད་འོང་སྐད་ཆ་རེ་རེས་བདག་སེམས་བུ་ཆུང་གཞོན་ནུ།།
བརྩེ་བའི་མཚོ་ལ་བསྐྱིལ་ནས་མཚོ་མོའི་གཞུང་ལ་སིམ་སོང་།།
ནང་སེམས་བརྩེ་བའི་རི་མོ་དལ་གྱིས་ཁྱོད་ལ་བསྟན་ཀྱང་།།
ཁྱོད་གཤིས་བག་དང་ལྡན་པས་ཡོད་ཚད་སྟོན་པར་མ་ནུས།།

བརྩེ་བ་རྒྱ་སེའུ་བཞིན་དུ་མཐོན་པོའི་སྒང་ནས་བཞད་ཡོད།།
དུང་བ་གཡུ་མཚོའི་འགྲམ་གྱི་འདམ་སྐྱེས་མེ་ཏོག་རྐང་གཅིག །
ཡིད་ཀྱི་གཙང་བོ་ཆུང་ཆུང་དལ་གྱི་ཁྱོད་སར་བཞུར་ན།།
ཁྱོད་སེམས་ཨ་ཆེན་ཐང་ནས་ལྟེམས་མེར་འཁྱིལ་ན་ཆོག་གམ།།

དཔྱིད་དུས་ནམ་ཟླའི་དྲོ་གྲང་འགྱུར་ལྡོག་ནམ་མཁའི་འཇའ་རེད།།
དྲོ་ན་ཁྱོད་ལུས་ཡིད་འོང་རྔུལ་ཆུས་རླན་ནམ་སེམས་ཡོད།།
འཁྱག་ན་ཉིད་ཀྱི་སེམས་སུ་ཁོང་འདར་ཤོར་རམ་འདོད་དོ།།
དྲོ་གྲང་གང་ལ་གནས་ཀྱང་སེམས་འདི་བདེ་ཐབས་མི་འདུག །

ངག་མ་ངག་གི་ལྷ་ཡིན་བདག་གི་བརྗོད་བྱ་གཅིག་པུ།།
ངག་མ་སེམས་ཀྱི་དྲོད་ཡིན་སྐད་ཆས་མྱི་སེམས་གསོས་ཡོད།།
ངག་མ་དྲན་པའི་རྟེན་པའི་ཡིན་དག་པའི་ཞིང་གི་ལྷ་ཡིན།།
ངག་མ་འཇིག་རྟེན་མི་ཡིན་བརྩེ་བ་འཕྲོག་མཁན་ཞིག་ཡིན།།

ངག་མ་ངག་མ་ཟེར་ན་འཇིག་རྟེན་མི་ཞིག་མ་འདོད།།
ངག་མ་བདག་སེམས་བཞུགས་པའི་ས་བཅུའི་སེམས་དཔའ་ཆེན་མོ།།
ངག་མ་ངག་མ་ཟེར་དུས་ལྷག་པའི་ལྷ་རུ་མ་སེམས།།
ངག་མ་བདག་གི་བརྩེ་བའི་ཉིང་བཅུད་སྦྱིན་ས་ཞིག་ཡིན།།

མདོར་ན་འདི་སྣང་ཆོས་ལ་ངེས་གཏན་དེ་འདྲ་མེད་ཀྱང་།།
མི་ཚེའི་བཞུད་ལམ་རིང་མོ་གང་དགར་རོལ་ན་ལོས་ཆོག །
བདག་ཀྱང་འཁོར་བའི་འདམ་གྱི་འདོད་ལྡན་མི་རུ་སྐྱེས་ཡོད།།
རང་སེམས་བརྩེ་དུང་རྣམ་དག་ཡི་གེར་ཕབ་མཁན་ཞིག་ཡིན།།

ངག་མ་ངག་མ་ཟེར་ན་ལྷ་ཡིན་མི་ཡང་ཡིན་ནོ།།
ངག་མར་སྙན་ངག་བྲིས་ན་བརྗོད་བྱ་སྟེར་བའི་ལྷ་ཡིན།།
ངག་མར་བརྩེ་བ་བཅངས་ན་རེག་ཡོད་མི་ཞིག་ཡིན་པས།།
ངག་མ་བདག་གི་སེམས་ཀྱི་ལྷ་ཡིན་མི་ཡང་ཡིན་ནོ།།

འཇིག་རྟེན་འཁོར་བའི་འདབས་སུ་སྙན་ངག་ཆར་བ་བབ་ན།།
ངག་མ་ལྷ་ཡི་སྤྲུལ་པས་ལྷ་རྫས་ཕབ་པ་ཡིན་ལ།།
བརྩེ་དུང་མངར་ཁ་རོལ་དུས་ངག་མ་མི་ཡི་ཟོལ་གྱིས།།
འཛུམ་དམུལ་གདོང་ལ་ངོམས་བཞིན་གནས་འདིར་བྱོན་པ་ལོས་ཡིན།།

དྲན་པའི་རི་བོ་བརྒལ་ན་ལ་ལུང་མང་པོས་ཆོད་ཡོད།།
དུང་བའི་གཡུ་མཚོ་བཏུང་བར་དཀའ་ཚེགས་དེ་ཙམ་མེད་འདྲ།།
བརྩེ་བའི་འོད་ཟེར་དམར་པོ་ལམ་ལམ་ཁྱོད་སར་འཕྲོས་ཡོད།།
གནས་མལ་བུ་ཆུང་ཞིག་གི་བརྩེ་དུང་གླེང་ཕྱོགས་འདི་ཡིན།།

འུ་གཉིས་བར་ཐག་རིང་ཡང་སེམས་ཀྱི་ཁ་ཐག་ཉེ་ན།།
གངས་དཀར་རི་བོའི་འདབས་ཀྱི་སྤང་ལྗོངས་གྲུ་བཞི་ཞིག་ལ།།
གཞིས་ཆུང་སྦྲ་ནག་ཕུབ་ནས་དུ་བ་དགུང་ལ་འཕྱུར་ན།།
གངས་དཀར་ཨ་མའི་གདོང་གི་འཛུམ་མདངས་སྔར་ལས་ཡག་སྲིད།།

ལྷས་འདབས་ནོར་གྱིས་བརྒྱན་ནས་འབྲི་མོས་ངུར་སྒྲ་སྒྲོགས་དུས།།
བེའུ་ལུག་རྩེད་བྲོ་ལྡིང་ཞོར་རམ་དཀར་རྩྭ་མཆོག་ཟ་དུས།།
སྒོ་ཁྱིའི་ཟུག་སྐད་བཙན་པོ་དགྲ་རྐུན་སྙིང་ལ་གཟན་དུས།།
འུ་གཉིས་གཞིས་ཆུང་དེ་ཀའི་བདག་པོ་ཡིན་ན་སྐྱིད་པ།།

མར་ཉལ་རྨི་ལམ་ནང་ནས་བརྩེ་བའི་སྙིང་གཏམ་གླེང་མྱོང་།།
ཡར་ལངས་དྲན་པའི་གསེབ་ཏུ་ཁྱོད་ཀྱི་གཟུགས་བརྙན་བཞེངས་མྱོང་།།
མདོར་ན་འགྲོ་འདུག་བར་ནས་རྟག་ཏུ་དྲན་པའི་ངག་མ།།
ཁྱོད་ཀྱི་འཚོ་བའི་ཁ་ཡིག་འབྲི་ས་གང་དུ་ཡོད་དམ།།


ཁྱོད་རང་ནམ་མཁའི་དབྱིངས་ཀྱི་སྤྲིན་གྱི་འདབ་མ་ཡིན་འདྲ།།
མིན་ན་སྤང་གཞུང་དཀྱིལ་གྱི་སེར་ཆེན་མེ་ཏོག་རྐང་གཅིག །
བདག་ཡིད་གཡུ་སྦྲང་གཤོག་དྲུག་འཁོར་ས་ཆགས་ས་ཡིན་འདྲ།།
མིན་ཡང་དྲན་པའི་རི་མོ་འབྲི་སའི་ཤོག་ལྷེ་ཆུང་ཆུང་།།

གྲོང་ཁེར་ཆུང་ཆུང་ཞིག་ནས་དྲན་པའི་ཁུར་བོ་ལྗིད་མོ།།
ཤུགས་ཀྱི་ཕྲག་ལ་བླངས་ནས་བརྩེ་འཕྲིན་འདི་ལྟར་བྲིས་ན།།
ཡིད་ཁམས་རྡོ་རྗེའི་རི་མོ་དུང་མཚོའི་ཁ་ནས་སྐྱོམས་སམ།།
བརྩེ་བའི་སྣང་བ་དམར་པོར་འོད་མདངས་སྔར་ལས་རྒྱས་སམ།།

ཁང་ཆུང་གྲུ་བཞི་ཞིག་གི་སྒེའུ་ཁུང་ཀུན་གསལ་འདི་ཉིད།།
རྟག་ཏུ་ཁྱོད་རང་སྒོམ་སའི་བློ་བཟོའི་རི་མོ་འབྲི་ས།།
གནམ་རྒྱན་དཀར་ནག་མཚམས་ཀྱི་གློག་ཏོག་འོད་གསལ་གཡས་འཁྱིལ།།
ཁྱོད་ཞལ་ཡིན་པར་འཁྲུལ་ནས་ཡང་ཡང་བལྟས་པ་ལན་མང་།།

ཁྱོད་གཤིས་གཡང་དཀར་བལ་ཡིན་དུག་ཤིང་ཚེར་མས་བསེད་མེད།།
ཁྱོད་ངག་འཇོལ་མོའི་དབྱངས་ཡིན་བདག་སེམས་འགུགས་པའི་གཞས་ཡིན།།
ཁྱོད་སེམས་དར་དཀར་ཡུག་གཅིག་ནག་པོའི་དྲི་དང་བྲལ་འདུག །
ཁྱོད་ལུས་ལྡེམ་འགྲོས་སྟོང་ལྡན་སྟག་ཤར་སེམས་ཀྱི་སྨོན་གནས།།

ང་ཡི་དྲན་པ་མེ་ཡིན་མེ་ལྕེ་ཁྱོད་སར་བསྐྱོད་ཡོད།།
ང་ཡི་དུང་བ་ཤེལ་ཡིན་ཀུན་གསལ་ཤེལ་ལ་ཁྱོད་བྲིས།།
ང་ཡིས་སྙན་ངག་བྲིས་ཡོད་བརྗོད་པའི་སྙིང་བོ་ཁྱོད་ཡིན།།
ང་ཡིས་སྨོན་ལམ་བཏབ་ཡོད་ཁྱོད་ལ་སྐྱབས་འཇུག་ཞུས་ཡོད།།

མཚན་མོའི་མུན་ནག་ནང་ལ་ཁྱོད་ཀྱི་གཟུགས་བརྙན་ཤར་རམ།།
ཉི་མའི་ཟེར་ཐིགས་ངོགས་ན་འཛུམ་པའི་བཞིན་རས་འདུག་གམ།།
དྲན་གདུང་འཁྲུལ་སྣང་མིན་ན་བདག་སེམས་སྣང་བའི་ཁམས་ན།།
ཡོད་ཚད་ཁྱོད་ལ་དབང་བའི་འཇིག་རྟེན་གསར་བ་ཞིག་ཡོད།།

ཁྱོད་སར་རླུང་བུ་ལྡང་དུས་རླུང་བུའི་སྒྲ་ལ་གསོན་དང་།།
ང་ཡིས་ཁྱོད་རང་དྲན་པའི་སྙིང་གཏམ་ཚིག་གསུམ་བཤད་ཡོད།།
ཁྱོད་སར་ཆར་བ་བབས་ན་ཆར་ཆུའི་ནང་ལ་གཟིགས་དང་།།
ང་ཡིས་ཁྱོད་ལ་སྤྲིངས་པའི་ཡིག་ཆུང་འགའ་རེ་བྲིས་ཡོད།།

ན་བུན་སབ་སོབ་བར་ན་གཞས་ལ་བྲིས་པའི་ཁྱོད་རང་།།
སྤྱན་མིག་ལྷེམ་ལྷེམ་འགུལ་བཞིན་ང་ལ་བལྟས་ནས་འཛུམ་ཡོད།།
རླུང་བུ་འཇམ་པོ་ཞིག་གིས་ན་བུན་དགུང་ལ་སྤུར་ན།།
བདག་སེམས་ཤེལ་ཀྱི་ཁང་པ་སེར་སྣའི་སྨུག་པས་བསྒྲིབས་ཡོང་།།

ཆར་བ་ཤག་ཤག་བབས་ནས་འཛིན་མའི་བཞིན་རས་རླན་ན།།
རླུང་བུ་ངང་གིས་ལྡང་ནས་རྩི་ཤིང་ཡོམ་ཡོམ་བསྒུལ་ན།།
ཡིད་དུ་མཛེས་པའི་མེ་ཏོག་གྲང་བས་མནར་རམ་བསམ་ན།།
སེམས་ཀྱི་ཨ་ལོང་ནང་ནས་སེམས་ཁུར་དབང་མེད་ཤོར་ཀི།

ཉི་ཟེར་ཁད་ཀྱིས་ཤར་ཞིང་ས་གཞི་དྲོད་ཀྱི་བསྟམས་ན།།
ཁྱུ་བྱུག་དབྱངས་སྙན་འཇེབས་པོ་འབྲོག་རུའི་སྤང་ལ་བསྒྲགས་ན།།
སྙིང་གི་དྲན་ཤིང་དམར་པོས་ཡིད་སེམས་དགའ་ཡོད་འདོད་ན།།
སེམས་དང་སེམས་ཀྱི་བར་ལ་བཅོས་མིན་འཛུམ་མདངས་རྒྱས་ཡོང་།།

རི་སྒང་མཐོ་ས་ཞིག་ནས་ཀི་རིང་ལན་གསུམ་བཏབ་ཡོད།།
ཀི་སྒྲ་ཁྱོད་སར་ཕྱོགས་ཡོད་ཡོད་ཚད་དེ་ལ་སྦས་ཡོད།།
ཆུ་བོ་ཆེན་པོའི་འགྲམ་ནས་བརྩེ་བའི་གཞས་ཤིག་བྲིས་ཡོད།།
ཚིག་དོན་ཁྱོད་སར་སྤྲིངས་ཡོད་འཕྲོད་པའི་སྨོན་ལམ་བཏབ་ཡོད།།

དབྱངས་གསལ་ཕྲེང་ལ་བསྟར་བའི་བདེན་དོན་གནམ་གྱི་ཀ་བ།།
འགྱུར་མེད་དན་རྟགས་ཡིན་ཞེས་སེམས་ཀྱི་དཀྱིལ་ལ་འཆང་ཡོད།།
སེམས་གཏིང་བརྩེ་བའི་རི་མོ་ནམ་མཁའི་མཐོངས་སུ་བྲིས་ཡོད།།
ཆར་རྗེས་འཇའ་དང་འགྲོགས་ནས་ཁྱོད་སར་ཤར་ན་བསམ་ཡོད།།

འཇིག་རྟེན་དཀར་ནག་རེས་མོ་སྐྱིད་སྡུག་དེ་དང་གཅིག་ཡིན།།
ཁྱོད་ཉིད་འཁྱམ་པོ་བདག་གི་སྐྱིད་ཡ་སྡུག་རོགས་ཡིན་ན།།
འཚོ་བའི་གནོད་ཤུགས་ལྕི་རུང་ཤེད་ཀྱིས་ཕྲག་ལ་ལེན་འདོད།།
དགའ་སྡུག་འཚོ་བའི་རི་མོ་འཛུམ་མདངས་རྐྱང་བས་འབྲི་བསམ།།

མདོར་ན་བདག་ཡིད་ཁམས་ན་ཁྱོད་རང་སྒྲོལ་མ་དཀར་མོ།།
བདག་གི་སྐྱིད་སྡུག་ཞུ་སའི་མ་མ་ངག་གི་ལྷ་ཡིན།།
ཡི་གེའི་ཚིག་ཕྲེང་བར་གྱི་བརྗོད་བྱ་གཅིག་པུ་ཁྱོད་ཡིན།།
ཁྱོད་ནི་བདག་གི་ཡོད་ཚད་ཕུལ་བར་ནུས་པའི་དཔུང་ཡིན།།


                                  མུ་འགོད།

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章