ཕ་ཡུལ་དང་ཁ་གྱེས་ཏེ་སློབ་གྲྭར་ལོག་པའི་དགོང་མོ་དེར། ངས་ཡར་མར་བཅོ་བརྒྱད་ལ་བསམ་བློ་ཡང་ཡང་འཁོར། དེ་དུས་ང་རང་ལོ་བཅུ་གསུམ་ཡིན། དེ་ཡང༢༠༡༣ལོའི་དབྱར་ཁ་རེད། ཨ་མྱེས་ལགས་ང་དང་གཏན་དུ་གྱེས་སོང་། ཁོང་གིས་སུས་ཀྱང་ལན་འདེབས་མི་ཐུབ་པའི་དྲི་བ་མང་པོ་ཞིག་ང་ཁོ་ནར་བསྐྱུར་ནས་བུད་སོང་།
༢
སྟོང་སིང་སིང་དང་སྐྱོ་ལྷང་ལྷང་གི་སེམས་པ་བསྐྱོར་ནས་ཟླ་ངོ་གཅིག་ལྷག་བཙན་གྱིས་སྐྱེལ་ཐབས་བྱས། ཨ་མྱེས་ལགས་འདས་པ་དེས་ང་ལ་བཟོད་དུ་མེད་པའི་ན་ཟུག་ཅིག་བསླངས་ཤིང་སོས་ཐབས་དཀའ་བའི་རྨ་ཁ་ཞིག་བཟོས་པས། ངའི་འཇིག་རྟེན་ལ་གློ་བུར་དུ་དགུན་ཁ་ཚེས་པ་བཞིན། འཁྱག་སྣང་ཟད་མི་ཤེས་པ་ཞིག་གིས་ཀུན་ནས་མནར་ཞིང་ཡང་ཡང་གཙེས།
༣
སྐབས་དེ་དག་ཏུ། ངས་ཨ་མྱེས་དྲན་པའི་སྐྱོ་གདུང་མཚོན་བྱེད་ཀྱི་ཉིན་ཐོ་མང་པོ་བྲིས་ཤིང་། དབྱངས་དང་གསལ་བྱེད་ཀྱི་འོད་སྣང་ལ་བརྟེན་ནས་རང་སེམས་ལ་དྲོད་ཁོལ་རེ་སྦྱིན་ཅི་ཐུབ་དང་། ཨ་མྱེས་ལགས་དང་གཟུགས་མེད་ཀྱི་ཁ་བརྡ་ཞིག་བྱེད་ཐུབ་སོང་སྙམ་ནས་སྐྱོ་བ་འདྲེས་མའི་དགའ་མགུའི་སྣང་བ་སེམས་ལ་བསྐྱིལ་བ་ཡིན། ཁོང་གི་བུ་རྒྱུད་ཅིག་ཡིན་པའི་ཆ་ནས། ཁོང་ནི་ངའི་སྐྱེ་བ་འདིའི་ཆེས་གོང་བཀུར་བྱ་སའི་སྐྱེས་བུ་དེ་ཡིན་པས། དུས་ཚོད་ཀྱི་སྔ་ཕྱི་གང་ཞིག་ཡིན་རུང་ཆེས་བརྗེད་པར་མི་བཏུབ་པའི་དྲིན་ཅན་དེ་ཅིས་ཀྱང་ཡིན།
༤
ལས་དབང་གནམ་གྱི་རྒྱལ་མོའི་བཀོད་སྒྲིག་གི་དབང་གིས་ཨ་མྱེས་ལགས་དང་མཉམ་འགྲོ་མཉམ་འདུག་གིས་འཚོ་བའི་ལོ་ཟླ་ཡོངས་སུ་ཟད་སོང་། ཨ་མྱེས་དང་འབྲེལ་བའི་དོན་དག་མང་པོ་ཞིག་ཕྱིར་དྲན་ཁོ་ནར་ལུས། ཆུང་དུས་བསམ་མ་ཤེས་ཟེར་ནས་ཁོང་ལ་ཁ་ལེན་ཚིག་བརྩི་སོགས་ཀྱི་སྲི་ཞུ་ཡག་པོ་ཞིག་ཀྱང་མ་ནུས་པས། ཁ་དཔེར"བླ་མ་ཡོད་དུས་དད་པ་མེད་དང་དད་པ་ཡོད་དུས་བླ་མ་མེད"ཟེར་བའི་དཔེ་བཞིན། ད་ནི་བསམ་ཅུང་ཟད་ཤེས་ཡོད་ནའང་ཡོད་ཚད་རང་ཉིད་དང་རྒྱང་ཐག་གིས་ཆོད་འདུག་པ་ཚོར་ནས། ཞེ་སྨྲེང་བའི་མཆི་མ་ཁོང་ལ་མིད་དགོས་བྱུང་།
༥
ན་མཉམ་ཚོའི་ཁ་ནས་རང་ཁྱིམ་གྱི་ཨ་མྱེས་དང་ཨ་ཕྱི་ཞེས་གླེང་ཐེངས་རེ་རེར། ངས་རང་དབང་མེད་པར་ཁོ་ཚོའི་བདེ་སྐྱིད་ཚོར་ཡོང་ལ། རང་དབང་མེད་པར་ཨ་མྱེས་དྲན་ཡོང་། ཨ་མྱེས་ལགས་ཀྱི་བྱམས་བརྩེ་དང་ཐུགས་གཅེས་དྲན་ཡོང་། གལ་སྲིད་ཨ་མྱེས་ཁྱེད་ཀྱང་འཇིག་རྟེན་དཀར་ངོགས་འདི་དང་བྲལ་མེད་རྒྱུ་ན་སྙམ་པའི་འདོད་འདུན་དེ་ཅི་ཞིག་གིས་མཚོན་ཨང་། རང་ཉིད་གཅིག་པུ་ནི་གར་སྟེགས་སུ་ལུས་པའི་ཁེར་རྐྱང་གི་འཁྲབ་སྟོན་པ་ཞིག་ནང་བཞིན། སེམས་ཀྱི་སྡུག་ཡུས་བཤད་ས་མེད་པར་ལྐུགས་པའི་ཟློས་གར་འབའ་ཞིག་གིས་རང་མགོ་གཡོག་དགོས།
༦
བསམ་བློ་ཞིབ་ཏུ་བཏང་ན། འཚོ་བ་ཟེར་བ་ནི་མ་གཞི་ནས་འདི་འདྲ་ཞིག་ཡིན་ངེས་ཤིང་མི་ཚེ་ཟེར་བའང་འདི་འདྲ་ཞིག་ཏུ་ངེས་ཏེ། སྙིང་ཉེ་ཉེ་འདྲ་བའི་ཁོར་ཡུག་གི་མི་མང་པོ་ཞིག ཡུན་གྱིས་ཚེ་དང་སྐལ་བས་རྒྱང་དུ་ཕྱེར་ནས་འཚམས་འདྲི་ཞིག་གནང་རྒྱུའང་རྨི་ལམ་ལྟ་བུར་གྱུར་དུས། ཕན་ཚུན་ལ་སེམས་གཏམ་ཟེར་བ་ཞིག་ཇི་ལྟར་གློད། བཅོས་འཛུམ་ཞིག་གིས་རང་ཉིད་ཀྱང་དོགས་མི་བདེ་བར་བཟོས་པའི་སྐབས་དང་སྐབས་རེ་རེར། ལྷད་མེད་པའི་བརྩེ་བ་ཞེས་པར་འགྲེལ་བཤད་ཇི་ལྟར་གནང་། ཁེར་རྐྱང་ལས་ཀྱང་ཁེར་རྐྱང་དུ་ལུས་པའི་མཚན་མོ་འདིར། ངས་ཨ་མྱེས་ཀྱི་རུམ་ཁོང་དྲན། ཨ་མྱེས་ཀྱི་བྱམས་བརྩེ་ལྟ་བུའི་དྲོད་ཁོལ་ཅིག་ལ་ཅི་འདྲའི་རེ་ཨང་།
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།