འཛམ་གླིང་གི་མི་འབོར་དུང་ཕྱུར80ཟིན་པ།

文摘   2022-11-18 22:51  
འཛམ་གླིང་གི་མི་འབོར་དུང་ཕྱུར80ཟིན་པ།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས2022ལོའི་ཟླ11པའི་ཚེས15ཉིན་འཛམ་གླིང་གི་མི་འབོར་དུང་ཕྱུར80ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས།


         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཀྱི“མི་འབོར་དུང་ཕྱུར80ཟིན་པའི་ཉིན་མོའི”ལེ་ཚན་ནང་དུ། འདི་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་རེད།  འཛམ་གླིང་ཧྲིལ་པོའི་མི་འབོར་མང་དུ་འགྲོ་དོན་ནི་སྤྱི་པའི་འཕྲོད་བསྟེན་དང་།  འཚོ་བཅུད།  མི་སྒེར་གྱི་འཕྲོད་བསྟེན། དེ་བཞིན་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་ལས་མིའི་རིགས་ཀྱི་ཚེ་ཚད་རིང་དུ་ཕྱིན་པ་དང་འབྲེལ་བ་ཡོད། གཞན་ཡང་རྒྱལ་ཁབ་ཁག་ཅིག་གི་ཕྲུ་གུ་སྐྱེ་ཚད་མང་པོས་ཀྱང་མི་འབོར་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།


         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས།  འདི་ནི་མིའི་རིགས་ཀྱིས་ཐུན་མོང་ཐོག་སའི་གོ་ལར་འགན་འཁུར་རྒྱུའི་ཐད་ལ་བསམ་གཞིག་བྱེད་དགོས་པའི་དུས་སྐབས་ཤིག་རེད་ཅེས་བསྟན།


         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཐོག་ཏུ།  འཛམ་གླིང་ཧྲིལ་པོའི་མི་འབོར་དུང་ཕྱུར70ནས་དུང་ཕྱུར80བར་འཕར་བར་ལོ12ཙམ་གྱི་དུས་ཚོད་འགོར་ཡོད་མོད།  འོན་ཀྱང2037ལོར་མི་འབོར་དུང་ཕྱུར90ཟིན་པར་ལོ15ཙམ་གྱི་དུས་ཚོད་དགོས་པ་དེའི་ཐོག་ནས།  འཛམ་གླིང་ཧྲིལ་པོའི་མི་འབོར་གྱི་སྤྱིའི་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་པ་མཚོན་ཡོད་ཅེས་བསྟན་ཡོད།


         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཐོག་ཏུ།  ཕྲུ་གུ་སྐྱེ་ཚད་མང་བའི་རྒྱལ་ཁབ་དག་ནི་ནམ་རྒྱུན་མི་རེའི་ཆ་སྙོམས་ཡོང་འབབ་དམའ་བའི་རྒྱལ་ཁབ་དག་ཡིན་ཞིང་།  དུས་ཀྱི་འཁོར་ལོ་མདུན་དུ་འཁོར་བ་དང་བསྟུན་ནས།  འཛམ་གླིང་ཧྲིལ་པོའི་མི་འབོར་མང་དུ་འགྲོ་བ་དེ་འཛམ་གླིང་ཐོག་གི་ཆེས་དབུལ་ཞིང་ཕོངས་པའི་རྒྱལ་ཁབ་ཁག་ཏུ་གཅིག་སྡུད་བྱེད་བཞིན་ཡོད་པ་དང་།  དེའི་ཁྲོད་ཀྱི་མང་ཆེ་བ་ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁ་གླིང་དུ་གནས་ཡོད།  རྒྱལ་ཁབ་དེ་དག་གི་ཁྲོད་དུ།   མི་འབོར་རྒྱུན་མཐུད་དུ་འཕར་བ་དེས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་འགོག་རྐྱེན་བཟོ་ངེས་ཤིང་།   རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ནི་སྔར་བཞིན་འཛམ་གླིང་བདེ་སྐྱིད་དང་སྐྱོན་བྲལ་གྱི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།


         དྲ་ཚིགས་ཐོག་ཏུ།  མི་རེའི་ཆ་སྙོམས་དངོས་པོའི་ཐོན་ཁུངས་ཟད་གྲོན་དང་དྲོད་ཁང་གི་རླངས་གཟུགས་འབུད་མང་ཤོས་ཀྱི་རྒྱལ་ཁབ་ནི་ནམ་རྒྱུན་མི་རེའི་ཆ་སྙོམས་ཡོང་འབབ་ཅུང་མཐོ་བའི་རྒྱལ་ཁབ་ཡིན་པ་ལས་མི་འབོར་འཕར་ཚད་མགྱོགས་པའི་རྒྱལ་ཁབ་དག་མིན།《ཕ་རི་སིའི་གྲོས་ཆོད》ནང་གཏན་འབེབས་བྱས་པའི་དྲོད་ཚད་འཕར་རྒྱུར་ཚོད་འཛིན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་དང་དུས་མཚུངས་སུ།  རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩ་དེ་རྒྱུན་མཐུད་མིན་པའི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་ལ་བཀག་འགོག་བྱ་རྒྱུར་རག་ལས་ཡོད་ཅེས་བསྟན།

ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།


内容来源:新华网

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章