ཞོགས་པ་ཞིག་ཏུ །
ཉི་འོད་ལམ་ལམ་འབར་ཡོང་གིན་པ་དེ་མ་རེད །
འབའ་སྒྲ་འཁྱིལ་བའི་མཐའ་འཁོར་ན །
མཐིང་སྨུག་གཡུ་སྦྲའི་གོང་རུ །
སྔོ་ལྟེམ་མེར་འཕྱུར་བའི་དུ་བ་ཡང་མ་རེད །
དྲག་ཆར་བབས་ཤུལ་དུ །
རྨས་ཟིན་པའི་སྐྲ་ལོའི་གསེང་གི་ཁྲག་དམར་ཡང་མ་རེད །
འདུ་འཛོམས་གང་ཞིག་གི་ཁྲོད་དུ །
འཛུམ་དཀར་སེམས་གཏིང་ལ་སིམ་པའི་སྣང་བ་ཡང་མ་རེད།
ནམ་མཁའི་འཇའ་ཚོན་བཞིན །
མཛེས་མའི་འཛུམ་བག་ལྟར །
ཧམ་སེམས་ཀྱི་ལྕགས་ཀྱུའི་ཟོལ །
དོན་མེད་དུ །
དོན་ཡོད་ཡོད་འདྲ་བའི་ནང་སེམས་ཀྱི་གཡོ་སྐྱོམ་དག
རེས་མོས་ཀྱིས་འཁོར་བ །
ཆོས་ཉིད་ཀྱིས་གྲུབ་པ་ཡིན་ཡང་།
རང་ཉིད་སྐྱོར་མཁན་ནི་རང་ལས་སུ །
༢༠༢༤་༡༠་༡༣