དབེན་རི་ལ་ཤོར་བའི་ཕྱིར་མིག

文摘   2024-11-10 10:13   西藏  
འཇམ་དཔལ་བཟང་པོ།


《MELANCHOLY》苏樱木:如果没听完我会伤心的OK (节目),宝藏挖掘机

གནས་མཆོག་རི་ལ་རང་བྱོན་རི་མོ་ཡིས་གང་འདུག །
གང་སྣང་འཁོར་འདས་བར་གྱི་ལམ་བྱང་དང་འདྲ་བ། །
མ་དག་བདག་བློའི་ཆུ་བུར་མིག་གིས་རང་མཇལ་ན། །
དག་པའི་སྤྱན་ཆེན་མངའ་རྣམས་ཅི་འདྲ་འང་ཡག་པ། །

བྲག་ཁུང་སྐམ་པོ་རིག་ན་སྐྱིད་ཉམས་རང་འདུག་པ། །
གནས་རི་ཡ་མཚན་རིག་ན་འདུག་ཉམས་རང་སྤྲོ་བ། །
གནས་བདག་སྣང་བ་མཐུན་སའི་རི་བྲག་གི་ཕུ་ན། །
རྗེ་བཙུན་མི་ལའི་རྣམ་ཐར་སྐྱིད་སྣང་ཞིག་འཆར་བ།

གནམ་ས་མ་གཏོགས་མི་མཐོང་མི་མེད་ཀྱི་རི་ན། །
དམ་ཆོས་མ་གཏོགས་མི་བསམ་ཆོས་པ་རེ་རིག་ན། །
ཉལ་ཐོག་ལག་པ་བྲང་ཐོག་ཁེར་འདང་གི་བློ་རྩེ། །
གནས་མཆོག་རི་ལ་སྐྱིད་པའི་སྣང་བ་རེ་སྐྱེ་ཡོང་། །

རྫ་འགོ་གཡའ་རི་རྫ་སྐེད་ནག་ཀློང་གིས་སྤྲས་པ། །
བྱ་དང་བྱི་འུའི་སྐད་ཀྱིས་ཏིང་འཛིན་དེ་བཀུག་ཡོང་། །
ནང་ན་སྐྱིད་ཉམས་གང་བའི་སྒྲུབ་ཁང་གི་ཕུ་ན། །
སྣང་སྟོང་སྒྱུ་མའི་ལྟད་མོ་ངོ་མ་དེ་འཆར་འདྲ། །

ཞོགས་ཉི་བྲག་ལ་རྒྱག་པའི་དུས་ཚིགས་དེ་བྱུང་ཚེ། །
གནས་དང་འབྲལ་མི་ཕོད་པའི་སྣང་བ་རེ་སྐྱེ་ཡོང་། །
འོན་ཀྱང་ལས་ཀྱིས་བཀོད་པའི་ལོ་ཟླ་དེ་མ་འདྲ། །
ང་ཡང་ལས་ཀྱི་རླུང་གིས་སོ་སོ་རུ་འདེད་སོང་། །

མི་ཚེ་ཕྱིར་མིག་ཤོར་བའི་བྲག་དཀར་གྱི་རི་བོ། །
ཚེ་ཡི་བུ་ལོན་མང་པོས་གྱེས་དགོས་རང་བྱུང་བ། །
བྱམས་བརྩེའི་སྙིང་ནོར་གལ་བའི་ཚོར་བ་ཡི་རྩེ་མོ། །
ད་དུང་སེམས་ལ་སྨིན་པའི་རེ་འདུན་དེ་ལྷག་འདུག །

མ་འོངས་བྱམས་བརྩེའི་རི་མོ་ཟོལ་མེད་རེ་བྱུང་ན། །
མི་ཚེའི་གཏམ་རྒྱུད་མི་མེད་དབེན་རི་ལ་འབྲི་འདོད། །
སྣང་བ་སྒྱུ་མར་འཐབ་པའི་བྱིས་ཚུལ་གྱི་བདག་བློ། །
ངེས་མེད་དབེན་རིར་ཉུལ་བའི་སྨོན་ལམ་རེ་བྱུང་ཤོག །

  2024/11/5/ལ་བྲིས། ཡར་འབར་གྱིས།

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章