མཁྱེ༵ན་པའི་ཤེས་རབ་རྒྱལ་ཀུན་འདུས་པའི་དཔལ།།
བརྩེ༵་བའི་ཐུགས་རྗེ་འགྲོ་དྲུག་འདྲེན་པའི་སྤྱན།།
ནུས༵་པའི་བློ་གྲོས་མཁའ་ལམ་ལས་ཡངས་པའི།།
འཇམ་དབྱངས་སྨྲ་བའི་ཉི་མས་བདག་བློ་སྐྱོངས་།།
འཇི༵ག་མེ༵ད་འགྲོ་བའི་དོན་དུ་སྤྲུལ་པ་ལ།།
ཕུན༵་ཚོག༵ས་ཐུགས་སྐྱེད་རྨད་བྱུང་དུས་སྨིན་པའི།།
ལས་སྐལ་གདུལ་བྱའི་ཕན་བདེ་འབྱུང༵་གན༵ས་ཆེ།།
སྲིད་འདིར་ཕེབས་ཚུལ་སེམས་ན་བདག་ཡིད་ཚིམ།།
འོན་ཀྱང་དབང་མེད་གློག་བུར་བྱུང་བ་ཡི།།
ལས་རླུང་བཙན་པོ་ཞིག་གིས་གདན་འདྲེན་པའི།།
གསེར་ཞལ་པདྨའི་ཚལ་བཞིན་དགྱེས་པའི་མགོན།།
དེ་རིང་འདི་ནས་གདུང་བའི་འབོད་སྙིང་འདོད།།
འགྲོ་བའི་མགོན་དུ་བྱོན་པའི་བླ་མ་རྗེ།།
ལུང་རྟོགས་ཆོས་ཀྱི་མངའ་བདག་མི་བོ་ཆེ།།
ཞིང་གཞན་འདུན་པ་གཏད་པའི་ཚུལ་བསམ་ན།།
དྲན་གདུང་ཙམ་གྱིས་མཆོད་པའི་ཚིག་ཙམ་འབུལ།།
སྲིད་འདིར་མཁས་པའི་རྒྱུ་སྐར་བཀྲ་ན་ཡང་།།
སྔོན་གྱི་ཐུགས་སྐྱེད་རྨད་པོ་རྩལ་ཞིག་ལས།།
འཁྲུངས་བས་སྙིགས་བདོ་མུན་པ་གསལ་བ་ལ།།
ཁྱེད་འདྲ་མཐོང་བ་དཀོན་ནོ་བླ་མ་རྗེ།།
སྲིད་པ་འདི་ནི་མུན་པའི་གླིང་ཡིན་ཀྱང་།།
ཁྱེད་ཀྱི་བྱམས་བརྩེས་འོད་སྣང་ཁྱབ་པ་ནས།།
འབྲེལ་ཚད་རྗེས་སུ་འཛིན་པའི་སྐལ་བཟང་ཞིག།
ཤར་བས་དགའ་ནས་བཟི་ཡོད་བླ་མ་རྗེ།།
གཞན་ཕན་ལྷག་བསམ་གངས་ཀྱི་གཟི་མདངས་དེ།།
བརྩེ་བའི་མཁའ་ནོར་འོད་ཀྱིས་བཞུར་བ་ཡིས།།
འབབ་པའི་བྱིན་རླབས་བདུད་རྩིའི་ཆར་རྒྱུན་དེ།།
གང་བཞུད་དག་ཞིང་འདྲེན་པའི་བླ་མ་རྗེ།།
མཐའ་ཡས་རྒྱུ་སྐར་གྲངས་ཀྱིས་མ་ཆོད་པའི།།
འགྲན་པའི་ཟླ་བོ་བཞིན་དུ་བཀྲ་བ་ཡི།།
ཤེས་བྱའི་ཕ་ཁྱིམ་གསང་ཆེན་དབེན་ཁྲོད་དེ།།
མཐོང་ན་མཛད་རྗེས་དྲན་ནོ་བླ་མ་རྗེ།།
མཁས་པའི་ཡོན་ཏན་གང་ལངའ་མ་རྨོངས་ཞིང་།།
བཙུན་པའི་གོ་ཆ་གཏོར་ཀྱང་མི་ཐུབ་པའི།།
བཟང་པོའི་འཕྲིན་ལས་ལྷོ་གླིང་མཛེས་བྱེད་པའི།།
འཁོར་གྱི་སློབ་ཚོགས་བསམ་ན་ངོ་མཚར་དྲན།།
ངག་དབང་གསུངས་ཀྱི་ཀ་ལ་པི་ཀས་ཚིག།
བློ་གྲོས་ཡངས་པོས་ཞལ་ཆེམས་སླུ་མེད་པའི།།
དག་པའི་ཞིང་དུ་སྒུག་ཞེས་བདེན་ཚིག་འགས།།
འབྲེལ་ཚད་དོན་ལྡན་ངོ་བོར་འོད་དཔག་མེད།།
ཤེས་བྱ་མ་ལུས་ཐུགས་སུ་མཁྱེན་པ་དང་།།
བརྩེ་ཆེན་བློ་གྲོས་འགྲོ་བའི་ལམ་སྟོན་པའི།།
གང་ལ་གང་འདུལ་ཐབས་ཀྱིས་སྐྱོང་ཚུལ་སོགས།།
བསམ་ན་ཤེས་རབ་སྐུ་དང་དབྱེར་མ་མཆིས།།
མདོར་ན་ཁྱེད་ནི་ས་སྟེང་ནོར་གཅིག་སྟེ།།
མཁྱེན་བརྩེ་ནུས་པའི་ཡོན་ཏན་བརྗོད་དཀའ་ཡང་།།
བདག་སོགས་འཁོར་བའི་བསོད་ནམས་གསོག་ཕྱིར་དུ།།
མཆོད་པའི་སྟོད་ཚིག་གང་ནུས་འབུལ་བ་ལགས།།
སངས་རྒྱས་དངོས་འདྲ་བླ་མ་ཁྱེད་ཡིན་ཀྱང་།།
དངོས་ཞིག་མཇལ་བའི་སྐལ་བ་མ་ལྡན་རུང་།།
དད་པའི་སེམས་སུ་རྟག་ཏུ་བཞུགས་ནུས་པའི།།
བྱིན་གྱིས་རློབས་ཤིག་མཚུངས་མེད་བླ་མ་རྗེ།།
ནམ་ཞིག་རྣམ་ཤེས་རླུང་གིས་སྤུར་བའི་དུས།།
གང་འགྲོ་མི་ཤེས་བར་བདོར་འཁྱམ་པ་ན།།
མགོན་པོ་ཁྱེད་ཀྱི་ཞབས་དྲུང་པདྨོ་རུ།།
འཁྲིད་པའི་དད་དཔོན་མཛོད་ཅིག་བླ་མ་རྗེ།།
ཚེ་འདིར་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་།།
མགོན་དེ་དགྱེས་པའི་གྲལ་ལས་མི་ཡོལ་བར།།
ཕྱི་མ་བདེ་ལྡན་དག་པའི་ཞིང་ཁམས་སུ།།
འཁོར་གྱི་ཐོག་མ་ཉིད་དུ་སྐྱེ་བར་ཤོག།
ཅེས་རབ་རྒྱན་ཆུ་ཡོས་ལོའི་ཟླ་༡༡ཚེས་༡༥ཉིན་ཆོས་རྗེ་བླ་མ་གང་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་ལོ་འཁོར་༢༠ལོན་པའི་རྗེས་དྲན་གྱི་ཚུལ་དུ་ཁེར་འཕུར་གྱིས་ཤར་མར་དུ་བྲིས་པ་དགེའོ། །
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།