སོག་ཡུལ་དུ་བསྐྱོད་དེ་མི་སྣ་རླབས་ཆེན་གྱི་རྗེས་ཤུལ་ལ་བལྟས་པ། རྨེ་གྲྭ་ཚེ་རིང་བསམ་འགྲུབ།
1162-1227 སོག་རྩྭ་ཐང་མི་ཡི་ཞིང་ཁམས། སོག་ཇིང་གུར་རྒྱལ་པོ་ནི་འཛམ་གླིང་སྟེང་ས་ཁོངས་ཆེས་ཆེ་བའི་བཙན་རྒྱལ་འཛུགས་མཁན་གཅིག་པུ་དེ་ཡིན། ཁོང་ཆུང་དུས་ཕ་ཡབ་ནི་སོག་སྡེ་གཅིག་གི་སྡེ་དཔོན་ཡིན་སྐབས་གཞན་གྱིས་དུག་དྲངས་ཏེ་བསད་ཁོང་མ་བུ་ཚང་མ་ཡུལ་ཕུད་བཏང་ནས་ཉམས་ཐག་ཅིང་སྡུག་བསྔལ་བའི་འཚོ་བ་སྐྱོ་བོ་རོལ་དགོས་བྱུང་། ཕ་མཐའ་མི་མངོན་པའི་རྩྭ་ཐང་ཞིག་ནས་བུ་བཞི་བུ་མོ་གཅིག་བཅས་མིང་སྲིང་ལྔ་པོ་མ་ཡུམ་གཅིག་གིས་བསྐྱང་ནས་འོང་སྐབས་ཁོ་ཚོ་ལ་ཉིན་གཅིག་ཨ་མས་མདའ་ལྔ་ལྷན་དུ་ཐག་པས་བཅིངས་ནས་བཤད་རྒྱུར། ཁྱེད་ཚོ་མིང་སྲིང་ལྔ་པོ་མདའ་ལྔ་ལྷན་ཏུ་བཅིངས་པ་ནང་བཞིན་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་བསྟེན་ན་དགྲ་བོས་རྒོལ་མི་ཐུབ་ལ། མདའ་ལྔ་ལྷན་ཏུ་གཅོག་མི་ཐུབ་ལ་རེ་རེ་གཅོག་པར་ལས་སླ་བོ་ཡོད་པ་ནང་བཞིན་ཡིན་ཞེས་པའི་སློབ་གསོ་ཚིག་དུམ་འདི་ནི་ཇིང་གུར་གྱི་མི་ཚེ་བྱ་གཞག་སྒྲུབ་པ་ལ་ཆེས་རླབས་ཆེ་པའི་དཔུང་གྲོགས་དང་གདམས་ངག་གཅིག་པུར་གྱུར། རིམ་གྱི་འབད་བརྩོན་ལྷོད་མེད་བྱས་ཏེ་རྩྭ་ཐང་དང་འགྲོགས་ནས་དཔའ་རྒོད་དུ་ཆགས།
ཡབ་ཀྱི་དགྲ་ཤ་བླངས་ནས་སྡེ་དཔོན་དུ་གྱུར། རྒྱུན་པར་ནང་འཁྲུགས་རྒྱག་བཞིན་པའི་སྐབས་དེའི་སོག་པོའི་རྒྱལ་ཕྲན་ཚོ་ཁག་ལྔར་གྱེས་ཡོད་པ་གཅིག་གྱུར་བྱས་ཏེ་1206ལོར་སོག་བཙན་རྒྱལ་བཙུགས་ནས་སྡེ་ཁྲི་ཕྲག་བཞི་བཅུ་སྟེ་སོག་པོའི་རྩྭ་ཐང་ཡོངས་རྫོགས་ཁོང་གི་སྟོབས་ཤུགས་ཀྱིས་མནན། དང་པོ་ཕ་མེད་ཡུལ་འཁྱམ་གྱི་དྭ་ཕྲུག་ཅིག་གི་ཁེར་རྐྱང་ངང་ཡར་ལངས་ཏེ་སོག་ཚོ་ཁག་ལྔ་པོ་གཅིག་གྱུར་བྱས་ཏེ་སོགས་བཙན་རྒྱལ་བཙུགས།
དེ་ནས་སོག་བཙན་རྒྱལ་གྱི་མངའ་ཁོངས་རྒྱ་བསྐྱེད་པའི་སྙིང་སྟོབས་རྒྱས་ཏེ་དང་ཐོག་རྟ་དམག་འབུམ་གཉིས་ལ་མ་ལོང་བ་ཞིག་གི་དཔུང་ཤུགས་བསྐྱོད་དེ་གོ་ལའི་ཤར་དང་ནུབ་བྱང་སོགས་ཀྱི་རྒྱལ་ཁབ།
ཨུ་རུ་སུ། ལྷོ་བྱང་ཁོ་རེ་ཡ། རྒྱ་དཀར་ནགདབྱི་རག ཨ་ལ་པོ། ཡུག་རེན། དབྱི་སི་ལི། པོ་ལན། ཨ་ཧྥུ་ཀ་ནི་སི་ཐན། རོ་མ་ནི་ཡ།
བོད་དུའང་དབང་ཤུགས་སླེབས་པ་སོགས་རྒྱལ་ཁབ་བཞི་བཅུ་ལྷག་ལ་གཡུལ་འཁྲུགས་ཐེངས༦༠ལྷག་བརྒྱབ་སྟེ་སྤྱི་ལེ་གྲུ་བཞི་མ་བྱེ་བ་གསུམ་ལྷག་ད་ལྷའི་ཀྲུང་གོའི་ས་ཁྱོན་གསུམ་ཙམ་སྟེ་འཛམ་གླིང་གི་ཕྱེད་ཀ་དང་མི་གྲངས་དུང་ཕྱུར་ལྔ་ལྷག་ཁྱབ་འབངས་སུ་བཅུག སྐབས་དེར་འཛམ་གླིང་ཁྱོན་ཡོངས་ན་མི་གྲངས་དུང་ཕྱུར་བཅུར་མ་ལོང་ཙམ་ལས་མེད་པར་སྣང་། འཛམ་གླིང་ལོ་རྒྱུས་ཁྲོད་སྲིད་དབང་ཞིག་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་མོ་འཕྲེད་ཀྱིས་བཅད་དེ་དཔལ་ཡོན་དང་རིག་གནས་ལྡན་པའི་རྒྱལ་ཁབ་མང་པོ་ཞིག་དང་མི་གྲངས་བྱེ་བ་མང་པོ་སྤ་བཀོང་ཞིང་རྟའི་རྨིག་སྒྲའི་འོག་ཏུ་མནན་པ་འདི་འདྲ་ཞིག་བསྐལ་བ་སར་ཆགས་ཉི་ཟླ་གནམ་ལ་ཤར་ནས་སྔར་བྱུང་མ་མྱོང་ལ་ཕྱེས་སུ་འབྱུང་མི་སྲིད་པའི་བཙན་རྒྱལ་ཆེན་པོ་ཞིག་བཙུགས་ཏེ་འཛམ་གླིང་སྟེང་ས་ཁོངས་ཆེས་ཆེ་བའི་བཙན་རྒྱལ་དུ་གྱུར་བའི་ཟིན་ཐོ་བཞག ལོ་རྒྱུས་སྨྲ་བ་ཚོས་དུས་རབས་བཅུ་གསུམ་པ་ནི་སོག་བཙན་རྒྱལ་གྱི་དུས་རབས་ཡིན་ཞེས་བཤད་དགོས་བྱུང་བ་དང་འཇར་མན་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་སྐབས་དེར་འཇིགས་སྣང་ལས་ཐར་མི་ཐུབ་པར་བྱས་ཤིང་ཕྲུ་གུ་རྣམས་ལ་སོག་པོ་སླེབ་འོང་ཞེས་འཇིགས་སྐུལ་བྱེད་སྲོལ་དུ་ཆགས་པ་བྱུང་། སོག་རྟ་དམག་གིས་ནུབ་ཕྱོགས་སུ་དམག་འཁྲུག་བརྒྱབ་པ་དེ་རྒྱལ་རབས་གསུམ་ཙམ་ཟིན་ཡོད་ནའང་སྟོབས་ཤུགས་ལ་ཡ་ལན་དང་མི་བསད་ལ་དགྲ་ཤ་མ་ལོན་པ་ནི་ཇི་གུར་རྒྱལ་པོ་གཅིག་པུ་དེ་ཡིན། དེ་བས་ནུབ་ཕྱོགས་ཞིབ་འཇུག་པས་བཤད་ན་ཤེས་རིག་མ་དར་བའི་དམག་དཔུང་ཞིག་གིས་སྟོབས་འབྱོར་ཤེས་རིག་ལྡན་པའི་རྒྱལ་ཁབ་མང་པོ་ཞིག་དབང་དུ་བཅུག་པ་ནི་གློག་དམར་འཁྱུག་པའི་གཡུལ་འཐབ་ཀྱི་རྣམ་པ་སྤྱད་པས་སོ།ཞེས་པ་ནང་བཞིན་བསམ་དབང་དྲན་དབང་གི་གོ་སྐབས་མ་སྤྲད་པར་མངའ་འོག་ཏུ་བཅུག་པའི་གཡུལ་འཐབ་ཁྱད་པར་བ་ཞིག་ཡིན། ཇིང་གུར་རྒྱལ་པོས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་འོག་རྟ་དང་མ་བྲལ་རྒྱབ་ཁྲབ་དང་མ་བྲལ་བར་རླུང་འཚུབ་གཡུགས་པ་བཞིན་དུས་ཡུན་ཐུང་ངུའི་ནང་སའི་གོ་ལ་འཕྲེད་ཀྱིས་གཤེགས་ཏེ་འཛམ་གླིང་ཕྱེད་ཀའི་རྒྱལ་པོར་གྱུར། མཐར་མི་ཉག་རྒྱལ་ཁབ་འདུལ་སྐབས་གློ་བུར་དུ་དཔའ་བོ་དགྲས་མི་ཐུབ་གཉེན་གྱིས་འདུལ་ཟེར་བའི་དཔེ་ལྟར་འཕྲལ་དུ་ཚེ་མཇུག་རྫོགས་པ་ནི་སོག་བཙན་རྒྱལ་གྱི་འབྱུང་འགྱུར་ལ་གོད་ཆག་བརྗོད་མི་ཤེས་པ་ཞིག་བྱུང་བར་ངོས་འཛིན་ཆོག་ལ། ཁོང་གིས་མངའ་ཐང་རྒྱ་བསྐྱེད་པ་ལས་ལྷག་པའི་དཔལ་འབྱོར་རིག་གནས་དམག་དོན་སོགས་རྒྱལ་ཁབ་སྲ་བརྟན་གྱི་ལས་ཀ་མང་པོ་ཞིག་གི་ཚེ་སྲོག་བསྐྱར་གསོ་མ་ཐུབ་པར་འདི་ལྟར་བཞག་ནས་བཞུད་སོང་།