བསྟོད་ཚིག་དབྱངས་ཀྱི་མཆོད་པ།

文摘   2022-11-27 09:29  
བསྟོད་ཚིག་དབྱངས་ཀྱི་མཆོད་པ།


མཁན་རིན་པོ་ཆེ་ཚེ་དབང་རྒྱ་མཚོར་ཕུལ་བའི་དད་གསུམ་འཛུམ་པའི་མེ་ཏོག

རྟེན་གྱི་མཆོག་གྱུར་ལྷ་དང་མིའི།།
སྤྱི་བོས་ཀྱང་ནི་རེག་འོས་པའི།།
ཡང་དག་བླ་མའི་ཞབས་ཀྱི་རྡུལ།།
བདག་གི་མཆོད་པའི་རྒྱན་དུ་བཀོད།།

ཉིན་བཞིན་གཙུག་ལག་དུ་མའི་ཀླུང་།།
གང་གི་ཐུགས་ཟབ་ཡངས་པའི་མཚོར།།
ལེགས་པར་བབས་ཀྱང་མི་ངོམས་པའི།།
སྡེ་སྣོད་གཏེར་གྱུར་སླར་ཡང་གུས།།

རྨད་བྱུང་མདོ་རྒྱུད་གཞུང་བཟང་ལ།།
ཕུལ་བྱུང་བློ་གྲོས་ཡངས་པ་ཁྱེད།།
སྔོན་བྱོན་དམ་པ་ཇི་བཞིན་དུ།།
མཁས་པའི་བྱ་བ་དག་གིས་བྲེལ།།

ཤེས་རབ་རྒྱས་ཀྱང་ཁེངས་པ་བྲལ།།
སློབ་བུ་རྗེས་བཟུང་ལ་མི་ངལ།།
མཆོག་དམན་སུས་ཀྱང་བསྟེན་སླ་བ།།
དགེ་བའི་བཤེས་ཁྱོད་འདྲ་བ་ཉུང་།།

རྟག་ཏུ་ཞི་དུལ་སྤྱོད་པས་མཛེས།།
ལེགས་བཤད་སྒྲ་བརྒྱ་སྒྲོག་ལ་དཔའ།།
གདུལ་དཀའི་ཐབས་ཀྱིས་འདུལ་བ་སོགས།།
ངེས་དོན་བཤེས་གཉེན་གཤིས་སུ་མཐོང་།།

སྐབས་བབས་ཆོས་མཐུན་གཏམ་དག་ལས།།
གྲུབ་མཐའི་ཕྱོགས་འཛིན་སོགས་ཀྱི་ཚིག།
ཞལ་ལས་འོངས་བ་བདག་མ་ཐོས།།
འདིས་ཀྱང་དགེ་བའི་བཤེས་སུ་ཤེས།།

སྲིད་པའི་འབྲོག་དགོན་ལམ་སྣེ་རུ།།
ལེ་ལོ་སོགས་ཀྱི་ཆོམ་རྐུན་གྱིས།།
ལམ་སྒུག་བུ་དག་རྗེས་བཟུང་བའི།།
བཤེས་གཉེན་ལ་ནི་དགའ་ཞིང་གུས།།

བརྩེ་ལྡན་པདྨར་ཉེར་སྦྲུམ་པའི།།
བཅུད་ལྡན་ལེཊ་བཤད་མངར་མོ་ནི།།
སྐལ་ལྡན་སློབ་བུ་ལ་གནང་ཚེ།།
དོན་ལྡན་དལ་འབྱོར་འདི་ཀོ་སྙམ།།

བསླབ་པའི་གཞི་ལ་ཤེས་རབ་མདའ།།
སྦྱར་ཏེ་མང་མང་སློབ་བུའི་ཚོགས།།
རྨོངས་པའི་རྩ་བ་ལ་རྒོལ་བའི།།
གང་གི་བཀའ་དྲིན་མཐའ་མ་རིག།

བདག་བློ་ལུས་ཕྲ་མ་ཡིས་ནི།།
བྱས་པའི་ཚིག་རོ་སྤུང་པ་འདི།།
མང་ཐོས་དགེ་བའི་བཤེས་ཀྱི་སར།།
གཟིགས་མོར་ཕུལ་བ་རེ་གནོངས་ཀྱང་།།

དྲན་པ་ནང་དུ་བཀུག་པ་ན།།
ཡིད་དུ་འཐད་པའི་ཡོན་ཏན་དག།
མ་བཅོས་ཤུགས་ཀྱིས་རྡོལ་བ་འགའ།།
གྲོགས་དག་དགྱེས་ཕྱིར་གཟུགས་སུ་བྱས།།

ལེགས་པར་སྟོན་ཞིང་ཉེས་པ་བཟློག།
མུན་པ་སེལ་ལ་སོགས་པ་ཡི།།
ཡོན་ཏན་བཤེས་གཉེན་ལ་ལྡན་ཕྱིར།།
ཕ་མ་དག་དང་མཚུངས་པར་གསུངས།།

དེ་ཕྱིར་ཐབས་ཚུལ་སྣ་ཚོགས་ཀྱིས།།
བློ་ཁ་ལམ་དུ་སྒྱུར་བྱེད་པའི།།
བཀའ་བསྩལ་རྗེས་གནང་ཅི་བྱུང་ཡང་།།
དད་པའི་བུ་གར་ཤོང་གྱུར་ཅིག།

ཐོས་ཆུང་བདག་བློའི་རྫིང་བུ་ནས།།
བསྟོད་ཚིག་ངང་མོ་གཤོག་འགྱུར་ཅན།།
དྭངས་གསལ་བློ་གྲོས་རབ་ཡངས་པའི།།
བཤེས་གཉེན་མཚོ་མོའི་ཕྱོགས་སུ་སོང་།།

ངོ་བསྟོད་སོགས་ཀྱི་སྡིག་པ་མེད།།
སེམས་བསྐྱེད་ཀྱིས་བྱས་དགེ་བ་མེད།།
འོན་ཏེ་འདི་བྱས་རྣམ་དཀར་ཆ།།
བདོག་ན་རྣམ་ཀུན་མགོན་བཅས་ཤོག།

ཅེས་ཚིག་དོན་ཉིས་ཆར་བཀླག་རི་བ་ཞིག་མི་འབྱོན་ཡང་ལོ་འཁོར་མོ་གཅིག་གི་བཤེས་གཉེན་གྱི་སྐལ་བར་ཐོབ་པ་གང་གི་སློབ་བུ་རྒྱ་གྲོལ་ལམ་པདྨ་ཚུལ་ཁྲིམས་ཀྱིས་ཕུལ།

࿐དགེ་རྒན་ལ་ཕུལ་བའི་དྲན་ཁོལ་སྙིང་གི་ཟླ་འོད།

ཕོ་བྲང་ལྷ་ཡི་གཟི་བརྗིད་དམ་པའི་སྐུ་ལ་རྒྱན་ཞིང་།།
བདེན་བཞིའི་ཆོས་བདུད་ཟབ་དབྱངས་བླ་མའི་ངག་ལ་གྱེར་བཞིན།།
དྲི་མེད་འོད་གསལ་གཡང་ལ་ཕེབས་པའི་མངའ་བདག་མགོན་པོ།།
རྒྱལ་བ་མི་ཡི་དེད་དཔོན་སྤྱི་བོའི་ནོར་ལ་ཞབས་འདུད།།

བརྩེ་བ་རི་རྒྱལ་ཟབ་མོ་ཕྲག་སྟེང་སྒང་ལ་འཁྱེར་ཞིང་།།
དཀའ་བ་སྡུག་གི་རྒྱ་མཚོ་ལན་བུན་འབུམ་ཕྲག་བརྒལ་ཏེ།།
གསེར་སྲང་རིན་ཆེན་ནོར་བུ་བསྟན་པའི་གཟི་འོད་རྙེད་པར།།
གཅིག་ལྷག་གཉིས་སུ་མ་ཆད་སློབ་བུ་ངེད་ཅག་གནང་བྱུང་།།

འཁོར་བ་གྲུ་བཞིའི་མགྲོན་པོ་ཐ་ཤལ་སློབ་བུ་ང་རང་།།
ཚོར་བའི་མདུན་ལམ་རྙེད་ཅིང་མི་ལུས་ཉི་འོད་དྲོན་པོ།།
ཨ་སྔོན་དམ་པ་ཁྱེད་ཀྱི་ལྷད་མེད་བཀའ་དྲིན་སྒང་ལས།།
འཆར་བའི་ལྔ་རིག་སྡེ་ཁག་གཅིག་པུ་དོན་གཞན་མ་རྙེད།།

མགོན་པོ་རྒྱུ་སྐར་ཚོགས་ནས་ང་ཡི་སྙིང་གི་ཟླ་འོད།།
བཀའ་དྲིན་བརྗོད་པ་དཀའ་བས་སྲིད་འདིར་དཔེ་ཞིག་ཟད་མ།།
ལྷད་མེད་ཐུགས་རྗེའི་འོད་ཁྱིམ་ནམ་ཡང་བྲལ་མེད་ཚུབ་རོགས།།
དྲན་པ་དད་པའི་མེ་ཏོག་འགྲིམ་དབྱངས་ཕྱོགས་སུ་གཡོ་ཐལ།།

ཅེས་སྤྱི་ལོ ༢༠༢༢_༡༡_༢༦_སྟེ་བོད་རབ་རྒྱན་ཆུ་སྟག་ལོའི་བོད་ཟླ་བཅུ་པའི་ཚེས་གསུམ་ཉིན་བྲིས་ནས་སྔ་འགྱུར་གདན་ས་ཆེན་པོ་ཤར་རྒྱལ་བ་ཀ༔ ཐོག་དགོན་བཅུ་ཕྲག་རིག་པའི་སློབ་གླིང་དུ་སློབ་གཉེར་བ་མིང་ཙམ་འཛིན་པ་ཉག་བཀྲ་ཤིས་རྡོ་རྗེ་ནས་བྲིས་པ་དགེའོ།།

«བསྟོད་ཚིག་ངག་གི་མེ་ཏོག» 

རྩོམ་པ་པོ་བུར་ཤིང་།

 ༡

སྟོན་པའི་དམ་ཆོས་རྣམ་གཉིས་ཁོ་ན་རུ།།
སྐུ་ཚེ་གང་བོར་ཐོས་བསམ་ལས་ལ་གཞོལ།།
བསླབ་གསུམ་གཙང་མས་རང་རྒྱུད་ཆོས་ལ་སྦྱོར།།
མཁས་བཙུན་བཟང་གསུམ་ལྡན་པའི་བཤེས་གཉེན་བསྟོ༷ད།།

 ༢

རྣམ་དཔྱོད་རིགས་ལམ་ཐོས་པས་མཐའ་རྒྱ་བཅད།།
མདོ་སྔགས་བཅུ་ཕྲག་རིག་གཞུང་མཐར་སོན་པས།
ལྟ་ངན་ཕས་གྱི་རྒོལ་བ་ཚར་གཅོད་པ།།
དགེ་བའི་བཤེས་གཉེན་མཆོག་ལ་གུས་པས་བསྟོ༷ད།།


 ༣

འཆད་རྩོད་རྩོམ་པའི་གཏེར་ལ་དབང་འབྱོར་བ།།
གྲུབ་མཐའ་ཁག་ལ་དག་སྣང་ཁོ་ན་ལས།།
མ་དག་ཕྱོགས་རེར་འཛིན་པ་རྒྱང་དུ་དོར།།
ལུགས་གཉིས་ཀུན་རྫོགས་མཁས་པ་ཁྱེད་ལ་བསྟོ༷ད།།




སྤང་བྱ་དུག་ལྔའི་མགོ་བོ་ཟིལ་གྱིས་མནན།།
བླང་བྱ་ཡང་དག་གནས་ལ་ངང་གིས་ཆས།།
ལྷོད་མེད་བརྩོན་པ་དྲག་པོའི་ལྕགས་ཀྱིས་བསྐུལ།།
ཤེས་རབ་ཐང་ཆེན་ཉུལ་བ་ཁྱེད་ལ་བསྟོ༷ད།།



དཀའ་བ་ཁྱད་བསད་ངལ་བ་ཁུར་བཞེས་ནས།།
སློབ་བུ་བརྒྱ་ཕྲག་དུ་མའི་ཤེས་རབ་མིག།
འབྱེད་པའི་ཐབས་ལམ་སྐྱོང་མཁས་ངག་གི་གཏེར།།
ཟླ་བྲལ་མཚུངས་མེད་ཁྱེད་ལ་ཡང་ཡང་བསྟོ༷ད།།




མི་མཐུན་སྐྱོན་དག་ཀུན་གསལ་སྤྲིན་བྲལ་བཞིན།།
མཐུན་པའི་ཡོན་ཏན་ལྡན་པ་གཏེར་གྱི་མཛོད།།
ཕྱི་གསལ་ནང་གཙང་པད་མའི་སྦུབས་འདྲ་བར།།
ནག་ནོག་དྲི་མ་དང་བྲལ་ཁྱེད་ལ་བསྟོ༷ད།།

 ༧

ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དག།
གང་ཟག་སུ་དག་གིས་ནི་མཐོང་ཐོས་དང་།།
དྲན་རེག་ཐམས་ཅད་རྫོགས་སྨིན་མཐར་ཕྱིན་ནས།།
བདེ་ལྡན་དག་པའི་ཞིང་དུ་འདྲེན་ནུས་ཤོག།



མགོན་པོ་ཁྱེད་ཀྱི་ཡོན་ཏན་མཁས་བཙུན་དག།
ཤེས་དམན་བླུན་རྨོངས་བདག་འདྲས་བརྗོད་དཀའ་བས།།
རེ་ཞིག་ཉག་ཉོག་ཚིག་གིས་མ་བསྒྲིབས་པར།།
བསྟོད་པའི་ཚིག་འགའ་མཆོད་པའི་རྒྱན་དུ་གྱུར།། 


—ཛམ་ཐང་ཤེས་དམན་པ་གྲྭ་དོན་རབ་ཏུ་འབོད་པས་སློབ་གྲོགས་ཤིག་གིས་བསྐུལ་ངོར་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་མཁན་ཚེ་དབང་རྒྱ་མཚོ་ལ་མཆོད་པའི་ཚབ་ཏུ་
ཀཿ ཐོག་བཅུ་ཕྲག་སློབ་གླིང་གི་རང་ཤག་ནས་གང་ཤར་བྲིས་པའོ།།    
༢༠༢༢/ བོད་ཟླ་/༡༠་/ཚེས་/༣་ཉིན།  བཀྲིས་པར་གྱུར་ཅིག་གུ།།

དགེན་དྲིན་པོ་ཆེ་ལ་བསྟོད་པ་དྲི་ཟའི་བུ་མོ་དགྱེས་པའི་གླིང་བུ།

མཚོན་མེད་དཔའ་མཛངས་གསུམ་ལྡན་དྲིན་ཅན་ཏེ། །
ངུར་སྨྲིག་མདངས་ལྡན་ཆོས་གོས་སྐུར་གསོལ་བའི། །
སྙིང་རྗེའི་རང་གཟུགས་འདྲ་བའི་བཤེས་གཉེན་ལགས། །
ཁྱེད་དང་ཕྲད་པ་སློབ་བུའི་བསོད་ནམས་ཡིན། །


བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་ལགས། །
རྣམ་ཤེས་ཕྲ་མོ་ཁྱོད་ཀྱིས་མ་གནང་ཡང་། །
བདག་གི་སྒོ་གསུམ་སྐྱོན་གྱིས་ཁེབས་པ་ལ། །
ཡིད་འོང་འདབ་གཤོག་གནང་མཁན་ཁྱེད་ཉིད་ཡིན། །


རྩོད་པའི་སྤོབས་དང་རྩོམ་པའི་ངག་གི་དཔལ། །
འཆད་པའི་རྣམ་དཔྱོད་རིག་པའི་གནས་ཀུན་ལ། །
དབྱར་དུས་རྔ་བོ་ཆེ་ལྟར་ཕྱོགས་ཀུན་ཁྱབ། །
སྔོན་བྱོན་དམ་པའི་རྗེས་འབྲངས་ཚུལ་མཐུན་པ། །


ཚུལ་ཁྲིམས་འདམ་གྱིས་མ་གོས་ཤེལ་དཀར་བཞིན། །
ཁ་ཞེ་མཐུན་ཞིང་དམན་པའི་ཡུལ་ལ་བྱམས། །
གཡོ་སྒྱུ་མེད་པ་དྲང་པོའི་ལས་ལ་བརྩོན། །
ཉི་མའི་གཉེན་གྱུར་རྗེས་འབྲངས་ཚུལ་མཐུན་པ། །


མིག་ཟུར་ཤེས་ཡོན་ཕྱུག་བའི་བཤེས་གཉེན་ལགས། །
ཐུགས་སེམས་གངས་དཀར་འདྲ་བའི་བཤེས་གཉེན་ལགས། །
དཔག་བསམ་ལྗོན་བཟང་འདྲ་བའི་བཤེས་གཉེན་ལགས། །
སྐུ་ཚེ་བརྟན་ཞིང་མཛད་ཕྲིན་རྒྱས་པར་སྨོན།

ལྷ་མཆོག་ཚེ༵་དཔག་མེད་ཀྱི་བྱིན་རླབས་དང་། །
འཇིག་རྟེན་དབ༵ང་ཕྱུག་ཉིད་ཀྱི་སྙིང་རྗེ་དང་། །
གེ་སར་ཐུགས་རྒྱ༵་ཆེ་བའི་ནུས་མཐུ་ཡིས། །
མི་མཐུན་བར་ཆད་མཚོ༵་ལས་བསྒྲལ་བར་མཛོད། །

༢༠༢༢ལོར་དགེན་ཁྱེད་ཀྱི་སློབ་མའི་མིང་ཙམ་འཛིན་པ་དབྱངས་གསལ་ལམ་དཀོན་མཆོག་སྐྱབས་ཀྱིས་ཕུལ་ལོ།




ངུར་སྨྲིག་མཛེས་རྒྱན། 

     དྷཱི་བློ་མིག་ནས།

 

འཆད་པའི་སྒྲ་བརྒྱ་འབུམ་ལྡིར་ཞིང་།།  

རྩོད་པའི་རིགས་ལམ་ཐོག་ལས་བཙན།། 
རྩོམ་པའི་ཀུ་མུད་ཕྱོགས་མཐར་བཞད།། 
འཆད་རྩོད་རྩོམ་པས་ཁྱེད་ཅག་དགེ།། 

སོ་ཐར་ཁྲིམས་ཀྱིས་ལེགས་མཛེས་ཤིང་།།
བྱང་ཆུབ་སེམས་ཀྱི་རྩ་བ་བརྟན།། 
དམ་ཚིག་གཙང་མ་གོས་སུ་བཀླུབས།། 
སྡོམ་པ་གསུམ་གྱིས་ཁྱེད་ཅག་མཛེས།། 

ཚུལ་ཁྲིམས་འོད་ཀྱི་གཟི་བྱིན་འབར།། 
ཏིང་འཛིན་ནང་གི་ཉམས་རྟོགས་འབར།། 
ཤེས་རབ་རྣོ་དབལ་ཡོངས་སུ་རྫོགས།།

བསླབ་པ་གསུམ་གྱིས་ཁྱེད་ཅག་མཛེས།།                             

བསླབ་པ་གསུམ་ལ་སློབ་སྦྱོངས་བྱེད།། 

ཁ་དོག་ངུར་སྨྲིག་ཅན་གྱིས་ཁྱེད་ཅག་མཛེས།།

མི་ལུས་ཐོབ་ཀྱང་དོན་ལྡན་ཐོབ།།

འདི་འདྲ་ཡིན་པ་ཁྱེད་ཅག་བསོད་ནམས་རེད།།



ཀྭ་ཡེ་སློབ་གྲོགས།

རྩོམ་པ་པོ་གནག་རྫི།

ཆུ་འཛིན་གྱི་ཕུང་པོ་ཕྱོགས་གཞན་ཞིག་ནས་
མཉམ་དུ་འགྲོགས་ནས་དཀྱུས་གཅིག་ཏུ་སླེབ་ཡོང་
ས་སྲོད་ནི་གྱེས་བྲལ་གྱི་ནང་ནས་བྲལ་བའི་དུས་ཚིགས་ཤིག་སྟེ་
ཡང་ན་ དེའི་རྗེས་ཀྱི་ཕྱིར་དྲན་ཁོ་ན་དེ་ཡིན་

ཀྭ་ཡེ་སློབ་གྲོགས་
ཁྱོད་རང་གླུ་དབྱངས་ཁོ་ན་ལ་དགའ་མི་སྲིད་དེ་
ཁོ་ཡང་བརྙན་འཕྲིན་གཅིག་པུ་ལ་མི་དུང་
ང་ཡང་དེ་བཞིན་རྩེད་རིག་རྐྱང་བ་ལ་ཞེན་པ་མེད་
བདེན་དེ་ ང་ཚོ་ནི་སྣང་བ་བན་བུན་གྱི་ཁྲོད་ནས་
དམིགས་ཡུལ་མེད་པའི་བར་སྣང་གི་བྱ་ཁྱུ་དག་དང་མཚུངས་ཨང་

སྤྲིན་པ་ལ་བློ་གཏད་མེད་པ་འུ་ཚོས་ཤེས་ཀྱང་
ང་ཚོ་ནི་སྤྲིན་པ་ལ་དུང་    རྒྱུ་མཚན་
མཚམས་སྤྲིན་ཁོ་ནས་ང་ཚོའི་གྱེས་བྲལ་དང་
དེ་ཡི་ནང་སེམས་ཀྱི་དགའ་སྐྱོ་རྟོགས་ངེས།
2022’11’24’


འདས་ཟིན་པའི་ལོ་ཟླའི་སྣང་བརྙན།   འཛམ་ཐང་རས་པ།

ང་ནི་ཅི་ཡང་མེད་པའི་བླུན་པོ་ཞིག།

ང་ནི་མིན་ནག་ནང་གི་ལོང་པ་ཞིག།

ང་ནི་ཁང་པ་སྒོ་མེད་ཞིག་གི་ནང་དཀྱིལ་དུ། །

རྟ་བདུན་འོད་ལ་སྙེགས་པའི་མི་བུ་ཞིག།


ང་ཚོས་ནི་དགེ་རྒན་གཅིག་ལ་བསྟེན་ནས་ལོ་འཁོར་གཅིག་བཞུད་ཟིན།  ལོ་ཟླ་དེ་དག་གི་ཁྲོད་ན་དགའ་སྐྱོ་གང་མང་ཞིག་གིས་བསྐྱེལ་ཡོད་པར་ཤེས་དགོས། དགེ་རྒན་གྱིས་ང་ཚོའི་ཆེད་དུ་ཉིན་མཚན་གྱི་དབྱེ་བ་མེད་པར་དཔེ་ཀློག་དང་སེམས་ཁུར་གནོན་ཤུགས་ཆེན་པོས་དཀའ་ངལ་ཅི་ཙམ་བརྒྱབ་ཡོད་པར་ཤེས་དགོས། མ་ཟད་ང་ཚོའི་རྒྱུད་ལ་མི་གཞི་བཟང་པོ་ཞིག་འབྱོར་ཐབས་དང་ཤེས་ཡོན་རིག་གནས་གང་མང་ཞིག་འཕེལ་ཐབས་ལ་སེམས་ཁུར་ག་ཚོད་བྱས་ཡོད་པར་ཤེས་དགོས། དགེ་རྒན་ནི་དཔེར་ན་མཚན་མོའི་མུན་ནག་གི་ཁྲོད་དུ་སྒྲོན་མེ་སྦར་བ་ལྟ་བུར་འོད་ཆེ་ལ་གཟི་བརྗིད་ཆེ། སློབ་དཔོན་ནི་མདུན་ལམ་འོད་སྟོང་ལྡན་པ་ཞིག་སྐྲུན་མཁན་དེ་ཡིན་ལ། རྨོངས་པའི་འཇིག་རྟེན་མེད་པར་གཏོང་མཁན་དེ་ཡང་དགེ་རྒན་ཡིན།


དགེ་སློབ་ཚང་མའི་ཚེ་ཆོས་མཐའ་རུ་ཕྱིན། །

འཆད་རྩོད་རྩོམ་པའི་བྱ་བ་གེགས་མེད་འགྲུབ། །

མྱུར་དུ་ཀཿཐོག་བསྟན་ལ་བྱ་བྱེད་པས། །
ཚེ་གཅིག་འཇའ་ལུས་འགྲུབ་ལ་མངོན་པར་བསྟོད། །


.. ཅེས་ཐ་ཤལ་བ་དཀོན་མཆོག་དགའ་བ་ནས་ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་དུ་ཤར་མར་བྲིས་སོ་དགེའོ།།

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章