ང་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་ཏེ།
ངུ་ངག་གི་རྟ་དབྱངས་སྤྲ་འདབས་ནས་མི་ཡུལ་དུ་གྱེར།
ཁོ་མོའི་བྱམས་སྐྱོང་དྲོད་པོའི་འོག
ངའི་ལུས་པོ་ལ་གཉོམ་ལག་རྒྱས་ཤིང་།
ངའི་ལང་ཚོར་གསོན་ཤུགས་རྒྱས།
ངའི་ལུས་སེམས་འདི་ནར་སོན་དུ་བཅུག
དེ་ནས།——
ངའི་སློབ་མ་ཆུང་ཆུང་ཞིག་གི་མཚན་ཉིད་བླངས་ཏེ།
ང་དང་ང་འདྲ་བའི་བྱིས་པ་ཆུང་ཆུང་མང་པོ་ཞིག་དང་མཉམ་དུ།
ཁོར་ཡུག་གཙང་བའི་ཤེས་བྱའི་དགའ་ཚལ་ཞིག་དུ་འགྲིམས་མགོ་བརྩམས།
ཤེས་བྱའི་དགའ་ཚལ་ཏེ།
ང་གླག་ཕྲུག་གི་གཤོག་རྩལ་ངོམས་ས།
ང་རྟ་ཕོ་ཡི་བང་རྩལ་འགྲན་ས།
ང་ཁུ་བྱུག་གི་གསུང་སྐད་གྲགས་ས།
ང་སློབ་བུ་ཡི་བློ་རིག་སྦྱོང་ས།
འདོར་ན། ཤེས་བྱའི་གླིང་ཀ་འདི་ནི།
ངའི་རྨི་ལམ་གྱི་དག་ཞིང་ཆེན་མོ།
ངའི་རྨི་ལམ་གྱི་མགོ་བརྩམ་གནས།
ངའི་རྨི་ལམ་གྱི་གོམ་པ་ཐོག་མ་དེ་ནས་སྤོས།
ངའི་ལང་ཚོ་ལ་གསོན་ཤུགས་ཐོག་མ་དེ་ནས་རྒྱས།
ལོ་དང་ཟླ་བ་བརྒྱུད་ནས་ངས་ཤེས་བྱའི་གླིང་ཀ་མང་པོ་འགྲིམས་ཟིན།
བརྒྱུད་རིམ་དེ་དག་ལས།
ངས་རང་མི་རིགས་ཀྱི་སྐྱིད་སྡུག་མཐོང་བྱུང་།
རང་མི་རིགས་ཀྱི་གངས་རི་དང་རྩྭ་ཐང་སྨུག་པའི་འཐིམས་ཡོད་པ་མཐོང་བྱུང་།
རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་དབང་མེད་པ་མཐོང་བྱུང་།
རང་མི་རིགས་ཀྱི་མི་འབོར་ཇེ་ཉུང་འགྲོ་བཞིན་པ་མཐོང་བྱུང་།
རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བརྗེད་བཞིན་པ་མཐོང་བྱུང་།
རང་མི་རིགས་འདི་རང་དབང་མེད་པ་མཐོང་བྱུང་།
རང་མི་རིགས་འདི་འཇིག་ལ་ཉེ་བ་རྟོགས་བྱུང་།
རང་མི་རིགས་འདིའི་ལས་དབང་མཐོང་བྱུང་།
དེ་དུས། ངའི་སེམས་སུ། ངའི་སྣང་ངོར་དུ།
ང་སེང་ཕྲུག་གངས་རིའི་རྩེ་མོ་འགོས་ནས།
གཡུ་རལ་གསིག་བཞིན།
རང་མི་རིགས་ལ་རང་དབང་དགོས་ཟེར་འདོད།
ང་གླག་ཕྲུག་འཁའ་དབྱིངས་སུ་འཕུར་ནས།
གཤོག་རྩལ་ངོམས་བཞིན།
རང་མི་རིགས་འདི་སྐད་དང་ཡི་གེ་རྒྱུད་འཛིན་བྱས་ན་འདོད།
ང་རྟ་ཕོ་མུ་བྲལ་རྩ་ཐང་དུ་རྒྱུགས་ནས།
བང་རྩལ་འགྲན་བཞིན།
རང་མི་འདིའི་ལས་དབང་བསྒྱུར་ན་འདོད།
འོན་ཏེ།
ཡོད་ཚད་ནི་རྨི་ལམ་གྱི་འཕྲུལ་སྣང་ཙམ།
གཤོག་པ་རློན་ཤོར་བའི་ཁ་བའི་ནང་གི་བྱིའུ་བཞིན་འཕུར་བའི་རང་དབང་མེད་པར།
ལང་ཚོ་དང་རྨི་ལམ་འདི་ལྟར་མཇུག་རྫོགས་དགོས་བྱུང་།
ཀྱི་ཧུད། ང་ཡི་ལང་ཚོའི་རྨི་ལམ།
རྨི་ལམ་གྱི་ལང་ཚོ།
ཆེས་ཆེས་འབྱུང་འགྱུར་དཀའ་བའི་རྨི་ལམ་ཞིག
ཀྱི་ཧུད་་་་་་་
༢༠༢༠ ལོ་ཞིག་ལ།