རིགས་དྲུག་གྲོང་འདི་སྟོང་གཟུགས་མ་འགྱུར་བར། །
བརྩེ་བའི་ཐུགས་རྗེ་གཟིམ་པ་མི་སྲིད་པའི། །
སྐྱབས་གཅིག་མཆོག་གྱུར་འཇམ་དཔལ་རྡོ་རྗེ་དེས། །
གང་དུ་བཞུགས་ཀྱང་བདག་ལ་གྲོགས་ཤིག་མཛོད། །
དག་པའི་ཞིང་ནས་ཁ་བ་གངས་ཅན་བར། །
ཕྲིན་ལས་རྒྱ་མཚོ་ཆེན་པོའི་རླབས་ཕྲེང་སྟེ། །
དུས་དང་དུས་སུ་འབབ་པའི་རླབས་པོ་ཆེ། །
མེ་སྤྲུལ་ཐུབ་བསྟན་རྒྱ་མཚོར་གསོལ་བ་འདེབས། །
རབ་བྱུང་བཅུ་དྲུག་ཆུ་མོ་ལུག་གི་ལོར། །
ཟླ་བ་བཅུ་གཉིས་ཚེས་ཆེན་བཅོ་ལྔ་ཉིན། །
བཀྲ་ཤིས་ཉི་གཞོན་གསར་པའི་དུས་ཚོད་ལ། །
མཚན་བཟང་ལེགས་པར་བལྟམས་ལ་གསོལ་བ་འདེབས། །
འཛམ་གླིང་ས་ཡི་ལྟེ་གནས་གངས་ཅན་ལྗོངས། །
མདོ་ཁམས་སྒང་དྲུག་ཡ་གྱལ་སྨར་ཁམས་སྒང་། །
དཔལ་ཡོན་རབ་ཏུ་རྒྱས་པའི་ས་བཟང་སྟེང་། །
དར་མདོར་འཁྲུངས་པའི་སྐུ་ལ་གསོལ་བ་འདེབས། །
འཇམ་དབྱངས་མཁྱེན་བརྩེ་བླ་མས་ལུང་བསྟན་ལྟར། །
ཡབ་ནི་བསོད་ནམས་མིང་ཅན་རིགས་རྒྱུད་བཟང་། །
ཡུམ་ནི་སྒྲོལ་མའི་མཚན་ཅན་འཛངས་ལྡན་མ། །
གཅེས་ཕྲུག་འཇམ་དབྱངས་རྒྱལ་མཚན་གསོལ་བ་འདེབས། །
ན་ཚོད་སྨྱུག་གཞོན་གསར་པའི་དུས་སྐབས་ནས། །
རང་བཞིན་སྔོན་གནས་རྗེས་སུ་དྲན་པའི་སྟོབས། །
རང་དགོན་གྲྭ་གསུམ་གྲོང་སྡེར་འཕྲད་པའི་སྐབས། །
རང་བཞིན་མཁྱེན་པ་མཛད་ལ་གསོལ་བ་འདེབས། །
ཡུམ་གྱིས་པང་སྟེ་ཕྱི་རུ་ལོག་པའི་དུས། །
སྣ་མང་མེ་ཏོག་ཡལ་བ་མ་འགྱུར་སྔོན། །
བསུ་བར་ཤོག་ཅེས་ཞལ་ཕྱིར་གཟིགས་མཛད་པའི། །
ངོ་མཚར་བརྗོད་ལས་འདས་ལ་གསོལ་བ་འདེབས། །
དགུང་ལོ་དྲུག་ཐོག་རང་དགོན་ཕྱོགས་སུ་ཕེབས། །
ཕྱོགས་ལས་རྣམ་རྒྱལ་གཙོས་པའི་འདུས་སྡེ་ཡིས། །
འཁྲུལ་མེད་རྒྱལ་ཚབ་འཛིན་པའི་ཁྲི་སྟོན་མཛད། །
མ་བཅོས་བསྟན་པའི་བདག་པོར་གསོལ་བ་འདེབས། །
དུས་འགྱུར་རྐྱེན་ངན་མུན་པ་འཐིབས་པའི་སྐབས། །
མ་རུང་དམག་སྟོང་གདོང་ཐུག་གྱུར་ན་ཡང་། །
མི་འཇིག་སྐུ་ལུས་རྡོ་རྗེ་རང་གྲུབ་གིས། །
མདའ་མཚོན་སྟོང་འཁོར་བཅོམས་ལ་གསོལ་བ་འདེབས། །
འཇིག་བྲལ་བླ་མ་ཕྱོགས་ལས་རྣམ་རྒྱལ་དང་། །
ཀཿ ཐོག་མཁན་ཆེན་རྒྱལ་མཚན་འོད་ཟེར་སོགས། །
རིས་མེད་དགེ་བའི་བཤེས་གཉེན་དུ་མའི་མདུན། །
ཆོས་ཚུལ་རྒྱ་མཚོ་གསན་ལ་གསོལ་བ་འདེབས། །
མདོ་སྔགས་ཆོས་ཀྱི་ཆུ་གཏེར་རླབས་ཕྲེང་ལ། །
བརྩོན་འགྲུས་རྟ་མཆོག་གོམ་ཁ་མ་ལྷོད་པས། །
དགེ་འདུན་བརྒྱ་ཕྲག་འདུས་པའི་དཀྱིལ་དབུས་ནས། །
ཡང་ཡང་བསྔགས་པའི་མཆོག་ལ་གསོལ་བ་བདེབས། །
ཕྱི་ཡི་གཙུག་ལག་ཁང་བཟང་གསར་དུ་བཞེངས། །
ནང་གི་སྐུ་གསུང་ཐུགས་རྟེན་རྒྱན་དུ་བསྐྲུན། །
གསང་བས་སྒྲུབ་པའི་བསྟན་པ་སླར་ཡང་སྤེལ། །
བསྟན་འཛིན་སྐྱེས་བུ་ཁྱེད་ལ་གསོལ་བ་འདེབས། །
རྒྱལ་མགོན་བསྟན་པའི་སྒྲོན་མེ་གཟིམ་ཉེ་དུས། །
སླར་ཡང་བཤད་སྒྲུབ་གཉིས་ཀྱི་ལས་མཛད་དེ། །
ལུང་རྟོགས་བསྟན་པ་ཉི་བཞིན་རྒྱས་མཛད་པའི། །
སྟོན་པ་གཉིས་པར་གྲགས་ལ་གསོལ་བ་འདེབས། །
འཇང་ཡུལ་གཡུ་འབྲུག་དགོན་པ་གཙོས་བྱེད་པའི། །
ཁྱད་པར་ཉམས་ཆག་སོང་བའི་དགོན་རྣམས་ལ། །
ལྷག་བསམ་དག་པའི་སླར་ཡང་ཉམས་གསོ་བྱས། །
རིས་མེད་བསྟན་པ་འཛིན་ལ་གསོལ་བ་འདེབས། །
རང་སྡེ་བརྒྱ་ཤོག་ལྔ་དང་འཇང་ཕྱོགས་སུ། །
འདུལ་བྱ་ཉམས་ཐག་སྐྱེ་འགྲོ་སེམས་ཅན་ལ། །
དབང་ལུང་མན་ངག་ཆོས་ཀྱི་ཚིམས་པར་བྱས། །
འགྲོ་བའི་མགོན་པོ་ཁྱེད་ལ་གསོལ་བ་འདེབས། །
འདི་ནས་ཡར་རྩིས་ལོ་འཁོར་བརྒྱད་ཙམ་ནས། །
དགུང་ལོ་དོན་གསུམ་ཐོག་ནས་མྱ་ངན་འདས། །
འཇའ་དང་སྤྲིན་གྱི་རྟགས་མཚན་དུ་མ་སྟོན། །
རེ་ཞིག་བདེ་བར་གཤེགས་ལ་གསོལ་བ་འདེབས། །
ཀཿ ཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་གྱིས། །
ཐུགས་དམ་དཀྲོགས་ནས་གོང་མའི་ཕྱག་རྒྱུན་ལྟར། །
བདུན་ཕྲག་གསུམ་རྗེས་སྐུ་གདུང་ལེགས་བཞུས་ཏེ། །
སྤྲིན་དང་སྨུག་པར་འཐིམ་ལ་གསོལ་བ་འདེབས། །
ཁྱེད་ཀྱི་རྣམ་ཐར་མཚོ་ཆེན་རབ་ཏུ་ཟབ། །
སྐལ་དམན་བདག་གིས་མྱོང་བ་མ་ནུས་ཀྱང་། །
དད་པའི་སྟོབས་ཀྱིས་ཅུང་ཟད་བརྗོད་པ་འདི། །
བླ་མ་ཁྱེད་ཉིད་དགྱེས་པའི་མཆོད་སྤྲིན་ཤོག །
ཅེས་པ་འདི་སྤྱིའི་ལོ་༢༠༢༣ལོའི་བོད་ཟླ་༡༡་པའི་ཚེས་༡༣ཉིན་ཁོང་གི་རྣམ་ཐར་མཇལ་ཞོར་དུ་མེ་ཏོག་ར་བར་ཆོས་མཇལ་འགྲོ་སྐབས་འོད་ལྡན་མས་བྲིས་པའོ།།
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།