སྒྲུང་རྩོམ་ཁག་དང་པོ།

文摘   2023-11-22 15:53   青海  


སྒྲུང་རྩོམ་ཁག་དང་པོ།


ཟག་མེད་མཁའ་འགྲོའི་བརྡ་གླུ།།

ཤིང་ཕོ་སྟག་གི་དབྱར་ཟླ་འགོ་མའི་ཉེར་ལྔའི་ཐོ་རངས་ཁར་གླིང་རྗེ་གེ་སར་རྒྱལ་པོ་གཟིམས་ཡོད་པའི་མནལ་ལམ་དུ། བསིལ་ཟེར་སྤྲིན་གྱི་ལྡིང་ཁང་ནས་བརྒྱད་གཉིས་ལོན་པ་ལྷ་ཡི་བུ་མོ་མཛེས་ཤིང་འཛུམ་བག་ལྡན་པ། དབུ་སྐྲ་ནག་སྣུམ་འཇའ་འོད་འཁྱུག་གེ་ལ་རིགས་ལྔའི་ཅོད་པན་བཅིངས་བ། སྐུ་སྟོད་གསེར་གཡུའི་རྒྱན་བཟང་སྤྲས་ཤིང་སྤྲིན་རིས་དར་དཔྱང་ལོངས་སྐུའི་ཆས་དང་ལྡན་པ།། སྐུ་སྨད་དར་གྱི་ཨང་རག་མཛེས་ཤིང་སྲབ་འཇམ་ཡང་བ་ལྷ་ཡི་གོས་བཟང་མནབས་པ། སེང་གེ་སྒ་མེད་སྲབ་མེད་ཀྱི་སྟེང་དུ་རྐྱང་སྐུམ་གར་གྱི་བཞུགས་ཤིང། ཕྱག་གཡས་རྡོ་རྗེར་མདའ་དར་དགུང་ལ་འཕྱར་ཞིང། གཡོན་པའི་མཛད་མེད་བདུད་རྩིའི་བུམ་པ་ཐུགས་ཀ་ཐད་དུ་འཛིན་པ་ཞིག་གིས་སྙན་ཞིང་འཇེབས་པའི་བརྡ་གླུ་འདི་སྐད་དོ།།
གླུ་ཨ་ལ་ཟག་མེད་སྟོང་ཆེན་བརྡ།།
མ་ཐ་ལ་འགག་མེད་འོད་གསལ་བརྡ།།
དོན་དབྱེར་མེད་རང་ཤར་རང་གྲོལ་བརྡ།།
བརྡ་སྟོན་པ་རང་བྱུང་མཁའ་འགྲོའི་བརྡ།།
ས་འདི་ཡི་ས་ངོ་མ་ཤེས་ན།།
མཐོ་བར་སྣང་སྤྲིན་གྱི་ལྡིང་ཁང་རེད།།
སྤྲིན་ལྡིང་བ་རང་བྱུང་འཇའ་རིས་དག།།
རླུང་རྒྱུ་བ་དྲི་བཟང་སྤོས་ངད་འཐུལ།།
གནས་བསིལ་ཟེར་དྲི་མེད་ལྷ་ཡི་དལ།།
སྤྲིན་སེང་གེ་དཀར་མོ་ཆིབས་ཐོག་གི།།
མ་བཅུ་དྲུག་རྫོགས་པ་ལྷ་ཡི་ལུས།།
ལྷ་ཚངས་པ་དཀར་པོ་ལྕམ་སྲིང་ཡིན།།
མིང་འབོད་ན་གནམ་སྨན་དཀར་མོ་སྒྲོན།།
སྟེང་དག་པ་ལྷ་དང་དཀར་པོ་གླིང།།
ལས་དོན་ཆེན་སྒྲུབ་པའི་བྱ་མ་རྟ།།
ངོ་ཤེས་སམ་ཚ་བོ་ལྷ་ཡི་སྲས།།
ད་མ་ཡེངས་ཨ་ནེ་བརྡ་ལ་གསོན།།
བུ་ཁྱེད་ཀྱིས་ཕྲིན་ལས་དཀར་པོ་དེས།།
སྟེང་ལྷ་གཉན་དགྱེས་ཤིང་འགྲོ་རྣམས་སྐྱིད།།
དྲིན་ཆེ་ལེ་གནམ་སའི་བར་ལ་གསལ།།
དུས་ད་དུང་ལས་འཕྲོ་དགའ་རེ་གདའ།།
གངས་རྨ་རྒྱལ་ཤེལ་གྱི་ཕོ་བྲང་དེ།།
ཕྱི་ནི་ཤེལ་དཀར་ལྷ་རྫོང་ལ།།
ནང་ནི་དོན་ཟབ་ཆོས་རྫོང་ཡིན།།
ད་མ་སྦས་གནད་གསང་དཀྲོལ་དགོས་ཡོད།།
དུས་སྙིགས་མའི་སེམས་ཅན་གོ་དཀར་ཡང།།
བུ་ལས་ཅན་རྣམས་ལ་སྟོན་གལ་ཆེ།།
རྡོ་བྲག་རི་ཐམས་ཅད་ལྷ་སྐུ་ཡིན།།
དེ་མ་བཞེངས་སྐུ་དང་ཡེ་གེ་དག།།
མི་ཕལ་པ་རྣམས་ཀྱི་མི་དད་ཡང།།
བུ་དད་ལྡན་དག་པའི་མིག་ཕྱེ་དགོས།།
ལྷ་དངོས་བྱོན་རྒྱལ་བློན་དྭངས་སྨན་ཚོ།།
སྐུ་མ་སྦས་རྒྱལ་བའི་དཀྱིལ་འཁོར་ཕྱེ།།
ཡང་སྐལ་མེད་རྣམས་ཀྱི་མི་མཐོང་ཡང།།
བུ་སྐལ་ལྡན་གྲོལ་བའི་དགོས་པ་ཡོད།།
ཁྱེད་རྒྱལ་བློན་དྭངས་སྨན་སྐུ་འཁོར་རྣམས།།
ལྷ་པད་མའི་མངགས་པའི་ཕོ་ཉ་རེད།།
འབྲེལ་ཐོགས་ཚད་འགྲོ་བ་སྒྲོལ་ནུས་ཀྱང།།
ལམ་མྱུར་མོ་བྱིན་རླབས་ཚན་ཁ་འབར།།
དུས་ད་ལྟ་ཉིད་དུ་སངས་རྒྱས་སར།།
བགྲོད་འདོད་པའི་སྐལ་ལྡན་རེ་བ་སྐོང།།
དཔེ་མར་མེ་གཅིག་ལས་གཅིག་འཕྲོས་ལྟར།།
གནས་མུན་པའི་སྐལ་བ་འོད་ཀྱིས་འཇོམས།།
སྔོན་སྐལ་མང་གོང་ནས་ད་ལྟའི་བར།།
སྐུ་འོ་རྒྱལ་མཛད་པ་བརྗེད་མི་སྲིད།།
དུས་ད་དུང་སྐལ་བ་མ་སྟོང་བར།།
སྐུ་རྡོ་རྗེ་ཆོས་སུ་བཞུགས་སོ་འདེབས།།
བརྡ་སྟོན་ནོ་སྐུལ་ལོ་ལྷ་ཡི་སྲས།།
བརྡ་འདི་ལ་འཁྲུལ་བ་ཡེ་ནས་དག།།
བརྡ་གོ་ན་ཐུགས་ཀྱི་དཀྱིལ་དུ་བཟུང།།
བརྡ་མ་གསན་པ་ནི་དཔེ་མི་སྲིད།།
ཞེས་གསུང་སྟེ་ཐུགས་བརྩེ་བའི་རྣམ་འགྱུར་ཚད་མེད་པར་སྟོན་ཞིང་འབྲལ་མི་ཕོད་པའི་ངང་དུ་མི་སྣང་བར་འགྱུར། ༢༠༢༣.༩.༢༦.རྗེས་མ་རེ་བཟའ་ཕུར་བུའི་ཉིན་ཡུལ་གྱར་གླག་མོས་བྲིས་པ་དགེ།
རིག་རྩལ་རླུང་གིས་བསྐུལ་བའི
ཐོལ་བྱུང་སྒྱུ་མའི་ཉམས་གླུ།།
བྱང་དཔའ་མོ་ཨ་སྟག་ཀླུ་མོ་དེ་ཉིད་བུ་མེད་སྤྱི་དང་མཐུན་པར་ཁྱིམ་ལས་ལ་འབད་བཞིན ཁྱིམ་ལ་རྒྱུན་སྡོད་བྱེད་མཁན་ཞིག་གཏན་ནས་མ་ཡིན་ཏེ། ཕོ་དཔའ་བོ་ཞིག་གི་རང་གཤིས་ལྡན་ཞིང། སྔོན་གྱི་ལས་སྨོན་མཐུ་བཙན་པའི་གླིང་རྗེ་བློན་རྣམས་དང་དགོང་པ་མཐུན་ཞིང་དཀར་དམར་ལང་ཚོ་ལྟ་བའི་མི་ངོམས་པར་དགའ་བཞིའི་ཉམས་བརྒྱ་འབར་བའི་སྲིང་ཅིག་ཡིན་ལ། ནག་ཕྱོགས་བདུད་ཀྱི་གཤེད་དུ་ལངས་ཚེ་མཐིང་ནག་རྔམ་པའི་ཞལ་རས་ཁྲོ་གཉེར་ལྡན་ཞིང་ཆགས་མེད་སྟོང་ཆེན་ཡེ་ཤེས་མེ་འོད་རབ་དུ་འབར་བའི་བསྒྲལ་འདྲེན་གཉིས་ཀྱིས་བདག་མོ་གཅིག་པུ་ཡིན། དོན་ལ་ཡེ་ཤེས་རྒྱུ་མའི་རིག་རྩལ་ལ་རང་དབང་ཐོབ་པའི་གྲུབ་ཆེན་བརྒྱད་ཅུའི་གྲལ་འཛིན་པ་ཞིག་ཡིན་ངེས་སོ། གང་ལྟར་ཀྱང བྱང་རི་ཤུའི་བུ་མོ་ཁེར་འདུག་དཔའ་ཨ་སྟག་འཁྱིལ་བའི་ཀླུ་མོ་དེ་ཉིད་བྱང་མི་མེད་ལུང་སྟོང་ས་ན་རི་དྭགས་རྔོན་ཏེ་ཀོ་སྦྲ་རོག་པོ་སྒོ་ཁ་ན་རྟ་སྒ་ལ་རྒྱབ་སྙེས་བྱེད་ཏེ་རྡོ་ནག་སུམ་བསྒྲིགས་གི་སྟེང་ལ་གཡའ་ལེབ་ནག་པོ་ཞིག་བཞག དེའི་ཐོག་ལ་འབྲོང་ཤ་སྲེག་ཡོད་པའི་སྐབས་ཤིག་ན། བྱ་རོག་ཞིག་གི་དགྲ་སྐད་ལན་གསུམ་བརྒྱབ་པས། དཔའ་མོའི་དགོང་པ་ལ་དགྲ་ཇག་ཡོང་ངེས་སྙམ་སྟེ དེ་མ་ཐག་རྟ་ལ་སྒ་ཆས་སྤྲས་ལུས་ལ་གོ་མཚོན་ཐོགས་ནས་བལྟས་པས། གུ་ནེ་མོན་གྱི་ཇག་པ་འགའ་ཁྲེལ་དགོད་འུར་ཆིལ་ལེ་ཐོན་ནས། ཡ་བུ་མོ་བུ་ལ་བརྫུས་མཁན་ཁྱོད། ས་ཟད་གང་ནས་ཡོང་ལེ་ཡིན། མི་ཟད་གང་གི་ཡུགས་མོ་ཡིན། མོ་བདག་མེད་ཡིན་ན་མོན་ལ་འཁྲིད། ཇ་བསྐོལ་ཆུ་ལེན་བྱེད་སར་འཇོག་ཟེར་ཞིང་དཔུང་པ་གཡས་བརྫེས་གཡོན་བརྫེས་བྱེད་པའི་སྐབས་འདེར། དཔའ་ཨ་སྟག་འཁྱིལ་བའི་ཀླུ་མོ་དེ་ཉིད་རྟ་རག་དཀར་འཕུར་ཤེས་ཀྱི་གོང་ན་འགྱིང་འདུག་ཞིག་བྱས་ཏེ་དཔའ་གླུ་འདི་ཤ་ཟན་སྟག་མོ་འགྱིང་གླུ་ལ་དྲངས་ནས་གསུངས་སོ།
གླུ་ཨ་ལ་སྐྱེ་མེད་བདེ་ཆེན་ཀློང།།
མ་ཐ་ལ་ཐ་མའི་འགྲོ་བ་སྒྲོལ།།
དཔལ་ཡེ་ཤེས་ཁྲོས་པའི་རོལ་པ་ལ།།
མ་དཔལ་ལྡན་ལྷ་མོ་དྲག་མོ་རྒྱལ།།
ཞིང་མེ་རུ་འཁྱིལ་བའི་ཀློང་ནས་བཞེངས།།
དགྲ་ཐུག་ཚད་བསོད་ལ་ཐོགས་པ་མེད།།
ཡིད་མ་བཅོས་དག་པའི་རང་སྣང་ལ།།
དཔལ་གདོད་མའི་མགོན་པོ་འོད་མི་འགྱུར།།
དོན་དབྱེར་མེད་ཆོས་སྐུའི་ཀློང་ནས་བཞེངས།།
ཡང་བསྒྲལ་ཚད་འདྲེན་ལ་རང་དབང་ཐོབ།།
ས་འདི་ཡི་ས་ངོ་མ་ཤེས་ན།།
བྱང་མི་མེད་ལུང་སྟོང་རི་དྭགས་ས།།
ས་བྱང་སྟོད་རྫ་ནག་ཁུག་ཟུར་རེད།།
མ་ང་འདྲའི་ང་ངོ་མ་ཤེས་ན།།
མིང་ཐོས་ཙམ་དགྲ་བོ་སྙིང་རྩ་འདར།།
ཕོ་དཔའ་མེད་ཁྱོད་ཚོའི་སྲོག་བདག་ལ།།
དཔའ་ཨ་སྟག་འཁྱིལ་བའི་ཀླུ་མོ་ཟེར།།
ང་ཁྲ་ཡག་རྫ་ལ་འགྲོ་ཉིན་མོ།།
རུ་དམར་འབྲོང་ལ་རྩལ་འགྲན་བྱེད།།
གཡག་ཕོ་འབྲོང་རྣམས་ལ་ཐོད་མདའ་སྤྲད།།
ང་མདའ་ཁ་སྐྱེན་པའི་ཐོག་ལྕེ་ཡིན།།
འབྲི་མོ་འབྲོང་རྣམས་དེ་རྭ་འཛིན་བྱེད།།
ང་དཔའ་སྙིང་ཆེ་བའི་སྟག་མོ་ཡིན།།
ང་ན་དམར་གཞུང་ལ་འགྲོ་ཉིན་མོ།།
ཁ་དཀར་རྐྱང་དང་བང་འགྲན་བྱེད།།
རྐྱང་ཕོ་ཆེན་རྒྱབ་ལ་ཤིང་སྒ་བཏོད།།
རྐྱང་རྒོད་མའི་མགོ་ལ་སྲབ་མཐུར་སྐོན།།
ང་འགྲོས་ལྡན་གོང་གི་གླག་མོ་ཡིན།།
ང་ནགས་སྤང་གཉིས་སུ་འགྲིམ་ཉིན་མོ།།
སྨུག་ཆུང་ཤྭ་བ་གར་འགྲན་བྱེད།།
ཤྭ་ཕོ་ཆེན་མགོ་ཡི་རྭ་བཅུ་བླངས།།
དེའི་མི་ཚད་གླ་བའི་གླ་རྩི་ཕྲོགས།།
ང་ཟ་ཁ་དར་བའི་སྤྱང་མོ་ཡིན།།
དཔའ་ལན་མེད་རྒྱ་སྟག་ངར་མ་འདྲ།།
ལུས་འཛུམ་དྲུག་འཁྱིལ་ལེ་ནགས་ལ་འགྱིང།།
དཔའ་ཨ་སྟག་འཁྱིལ་བ་དེ་ནས་ཐོགས།།
ལུས་ཕོ་ཆས་སྤྲས་ནས་བསྒྲལ་ལས་བྱེད།།
ཡང་ལ་ལའི་ཨ་སྟག་བདུད་མོ་ཟེར།།
ལུས་མཛེས་སྡུག་ལྷ་ཀླུའི་ཡང་རྩེ་སོན།།
ང་ལྷ་མོ་ཀླུ་མོ་དེ་ནས་ཐོགས།།
ཡིན་ངེས་པ་རིག་འཛིན་རྣལ་འབྱོར་མ།།
མོ་ཡིན་ན་དཔའ་མོ་འདི་འདྲ་ཡིན།།
ས་ཟད་ནས་ས་འདི་བྲོས་བ་མིན།།
ས་ཨ་སྐྱིད་ནས་གི་ཡང་སྐྱིད་དེ།།
ངེད་ཕ་ཡུལ་གླིང་དཀར་སྟོད་པ་ཡོད།།
གནས་པདྨ་འོད་དང་ཅིག་མཚུངས་ཡིན།།
མི་ཟད་ནས་བུ་མོ་འཁྱར་བ་མིན།།
ཕོ་ཨ་རྒོད་ནས་གི་ཡང་རྒོད་དེ།།
ངེད་གླིང་དཀར་དཔའ་བརྟུལ་སུམ་བཅུ་ཡོད།།
ལྷ་པད་འབྱུང་རྗེ་དང་དབྱེར་མེད་ཡིན།།
ཡ་ཁོ་རེ་སྨོན་ལོག་བདུད་ཀྱི་བུ།།
ཡར་ལྟོས་དང་ལྟད་མོ་ག་འདྲ་འདུག།།
སྤྲིན་རླུང་བུ་གཉིས་ཀྱི་རྒྱུ་མཚམས་ན།།
བྱ་རྒོད་པོ་གཤོག་འགྱུར་ཉི་ལི་ལི།།
གླག་རོག་མོ་གཤོག་སྡེབ་དུ་རུ་རུ།།
སྤྱང་དར་མའི་ཤ་སྐད་སི་ལི་ལི།།
ད་ཤ་ཟ་ལས་ཀྱི་མཁའ་འགྲོ་ཚོགས།།
ཨཱོ་ཨ་ཧཱུཾ་དགྲ་བོ་ཤ་ཁྲག་མཆོད།།
ནང་རྣམ་ཤེས་སྐུ་གསུམ་ཞིང་ལ་བཅོལ།།
ངས་རང་བྱུང་འཕྲུལ་གྱི་མདའ་མོ་དེས།།
ཕྱི་གཉིས་སྣང་བདུད་ཕུང་ཐལ་བར་གཏོར།།
ཁྱོད་དགའ་དོ་བསམ་མམ་སྡུག་དོ་བསམ།།
ཀི་བསྭོ་བསྭོ་ཆེ་འོ་ལྷ་རྒྱལ་ལོ།།
ཞེས་གསུངས་ཏེ་མདའ་ཞིག་འཕངས་པ་དང་མཉམ་དུ་ནམ་མཁའི་དབྱིངས་ནས་ཆར་མེད་ཀྱི་འབྲུག་སྒྲ་གྲག་ཅིང་རླུང་ནག་འཚུབ་པའི་ཀློང་ནས་རྒོད་སྒྲོ་གླག་སྒྲོ་རྣོ་ལ་སྲ་བ་གྲངས་ཀྱི་མི་ལོན་པར་སེར་རྒོད་འབབ་པ་ལྟར་བྱུང་ནས་ཁོ་ཚོའི་ལུས་ལ་ཟུག་མ་ཐག་མེ་ལྕེ་དྲག་ཏུ་འབར་ནས་ཤ་ཁྲག་གི་ཕུང་པོ་རྡུལ་ཙམ་ཡང་ས་ལ་མ་འཐོར་བར་ཤུལ་མེད་བསྲེགས། དེ་མ་ཐག་འབྲུག་སྐད་ཆག་པ་དང་རླུང་འཇམ་པའི་མཚམས་སུ་བར་སྣང་སྤྲིན་དཀར་གྱི་འཇའ་རིས་འཁྱིལ་བའི་ཀློང་ནས་ཡེ་གེ་དྲུག་མའི་སྒྲ་དབྱངས་སྙན་ལྷང་ལྷང་གྲག་པས། ལས་ངན་བདུད་ཀྱི་རྣམ་ཤེས་དེ་དག་བར་དོར་མེད་པར་རིགས་ལྔའི་ཞིང་ཁམས་སུ་དྲངས་བར་གདའོ།།
མ་རིག་ལོག་རྟོག་ཀྱི་སྐྱེ་བོ་ཚོའི་སྣང་ངོར་ཁོ་མོ་མ་སྲིད་ཚོད་མེད་ཀྱི་བདུད་མོ་མཐོང་སྟེ་གཙང་རྨེ་ལྟ་ཞིང་སྨོད་ཚིག་ཤོར་སྲིད་མོད། དོན་ལ་ནི་ཁོ་མོ་ཡེ་ཤེས་སྒྱུ་མའི་རོལ་གར་ཡིན་པས། ཅི་མཛད་པ་ཐམས་ཅད་བསྟན་འགྲོའི་དོན་ཁོ་ནར་ཡིན་ངེས་སོ།
༢༠༢༣.༩.༡༠.ཉིན་གློ་བུར་བའི་དྲན་སྣང་ཞིག་གིས་སྐུལ་ཏེ་ཡུལ་གྱར་གླག་མོ་འབོད་པས་མྱུར་མོ་བྲིས་པ་དགེ།།
གླིང་བཟའ་ཟླ་བ་འོད་སྒྲོན་གྱི་བླངས་བའི་
རྫི་གླུ་སྦྲང་ཆར་དལ་འབབ།།
ཡུལ་གྱར་གླག་མོས།།
གླུ་ཨ་ལ་ལེན་ན་ཉམས་རེ་སྤྲོ།།
མ་ཐ་ལ་འགུག་ན་བག་རེ་དྲོ།།
ཨ་ཐ་ལ་གླིང་གི་ལེན་སྲོལ་རེད།།
གླུ་ལེན་པའི་འགོ་མ་བཟང་བར་ཤོག།།
དགོན་པད་འབྱུང་རྗེ་དང་དབྱེར་མེད་པའི།།
དཔོན་བཀའ་དྲིན་འགྲན་བྲལ་གེ་སར་རྒྱལ།།
བདག་རྩེ་གཅིག་དད་པའི་སྙིང་ནས་འབོད།།
ལས་ཅི་བྱས་ཆོས་སུ་འགྲོ་བར་ཤོག།།
ས་འདི་ཡི་ས་ངོ་མ་ཤེས་ན།།
ལྷ་མངོན་སུམ་མི་གཟུགས་བྱོན་སའི་ཞིང་།།
མི་མངོན་སུམ་ལྷ་ལུས་སྒྲུབ་པའི་གནས།།
ཡུལ་ངོ་མཚར་གླིང་དཀར་སྟོད་པ་རེད།།
མ་ང་འདྲའི་ང་ངོ་མ་ཤེས་ན།།
ང་གླིང་བཟའ་ཟླ་བ་འོད་སྒྲོན་ཟེར།།
གླིང་དྭངས་སྨན་བདུན་པོ་མན་ཆད་ནས།།
སྨན་ང་དང་འདྲ་བ་རེ་རེར་ཙམ།།
གླུ་འདི་ཡི་གླུ་ངོ་མ་ཤེས་ན།།
ངའི་རྫི་གླུ་སྦྲང་ཆར་དལ་འབབ་ཟེར།།
དེའི་རམ་འདེགས་ཁུ་བྱུག་སྔོན་མོ་རེད།།
དེའི་མི་ཚད་རྫ་ཆབ་བསིལ་མ་ཡོད།།
དེ་ཉན་མཁན་གཡང་དཀར་ལུག་ཁྱུ་རེད།།
དེའི་མི་ཚད་རི་དྭགས་རྣ་ཚོགས་ཡོད།།
རྩ་རྩི་ཐོག་རྣམས་ཀྱང་མགོ་བོ་འདུད།།
དེ་བུ་མོ་སྐད་ངག་སངས་བས་རེད།།
སེང་དཀར་མོ་བསྟོད་པའི་གླུ་རེ་ལེན།།
སེང་དཀར་མོ་རྒྱལ་དུས་ཕམ་དུས་སྲིད།།
གླིང་གེ་སར་དཔའ་ལ་ཐོགས་པ་མེད།།
དོན་དམ་པའི་གེ་སར་བསྟོད་གླུ་ལེན།།
རླུང་བསིལ་མ་བསྟོད་པའི་གླུ་རེ་ལེན།།
རླུང་བསིལ་བུ་དལ་དུས་བྲེལ་དུས་རེད།།
རྟ་རྐྱང་བུའི་འགྲོས་ལ་དར་རྒུད་མེད།།
དོན་དམ་པའི་རྐྱང་བུ་བསྟོད་གླུ་ལེན།།
དགུང་གཡུ་འབྲུག་བསྟོད་པའི་གླུ་རེ་ལེན།།
དགུང་འབྲུག་ཆུང་གྲག་དུས་འཁུམ་དུས་རེད།།
སྲུ་འབྲུག་མོའི་གྲགས་ལ་རྒྱུན་ཆད་མེད།།
དོན་དམ་པའི་འབྲུག་མོ་བསྟོད་གླུ་ལེན།།
སྟག་དམར་ཡག་བསྟོད་པའི་གླུ་རེ་ལེན།།
སྟག་དམར་ཡག་མཆོང་དུས་བྲོས་དུས་སྲིད།།
གླིང་དཔའ་བརྟུལ་དགྲ་ལ་བྲོས་དུས་མེད།
དོན་དམ་པའི་དཔའ་བརྟུལ་བསྟོད་གླུ་ལེན།།
སྤང་མེ་ཏོག་བསྟོད་པའི་གླུ་རེ་ལེན།།
སྤང་མེ་ཏོག་བཞད་དུས་སྐམ་དུས་རེད།།
གླིང་དྭངས་སྨན་ལང་ཚོ་དར་རྒུད་མེད།།
དོན་དམ་པའི་དྭངས་སྨན་བསྟོད་གླུ་ལེན།།
རྨ་ལྷ་རི་དཀར་པོ་གཡས་ཟུར་ནས།།
རྨ་ལུ་མའི་ཁུག་སོ་གཡོན་ཟུར་ནས།།
རྟ་མགྱོགས་པ་ཐང་དཀར་ལྡིང་འདྲའི་སྟེང།།
བུ་རྒོད་པོ་ཉི་མ་ཤར་འདྲ་གདའ།།
ཕོ་ཁྱེད་ཚོའི་གསང་གསུམ་ཡོན་ཏན་དེ།།
ཚིག་བསྟོད་པའི་མི་ཚིམས་རོལ་བས་ཚིམ།།
མིག་ལྟ་བའི་མི་ངོམས་འཁྲིལ་བས་ངོམ།
མ་བསོད་ནམས་ཅན་གྱི་གྲོགས་སྐལ་རེད།།
མ་བསོད་ཅན་བྲན་མོ་ནང་ན་ཡོད།།
སྨན་བསོད་ཟད་རྒྱལ་མོའི་གྲས་ལ་སྲིད།།
རྟ་འདོ་བའི་ཆིབས་ཁ་ཚུར་ལ་འཐེན།།
ཐུགས་ལྷོད་ནས་རི་ཀླུང་ལྟད་མོར་གཟིགས།།
ཡར་རི་བརྒྱ་རྩི་ཐོག་ན་བཟའ་ཅན།།
སྤོས་སྨན་བཟང་དྲི་བསུང་ཐུ་ལུ་ལུ།།
དེ་ནད་བརྒྱ་སེལ་བའི་སྨན་མཆོག་རེད།།
འདི་སྣུམ་ན་སྣང་སྐྱིད་རིག་པ་དྭངས།།
མར་ལུང་བརྒྱ་ཆུ་ཕྲན་གཏེར་ཁ་ཅན།།
སྒྲ་སྙན་མོ་རང་བབ་ལྷུང་ལྷུང་དཀྲོལ།།
དེ་བདུད་རྩི་ཡོངས་གྱི་དྭངས་མ་རེད།།
འདི་བཞེས་ན་ལུས་བདེ་གཟི་བྱིན་རྒྱས།།
མ་ངེད་ཀྱི་སྐྱེ་ལུས་གཙང་མ་ཡིན།།
གོས་ཚ་རུ་མིན་པར་རེག་མྱོང་མེད།།
ཕོ་སྐྱེས་ཚད་མིག་ནང་མི་འཇོག་སྟེ།།
ཕོ་ཁྱེད་ཚོ་མིག་ལམ་སྐར་ཆེན་རེད།།
སྡེ་གླིང་དཀར་ལྷ་མི་འཛོམས་ཉིན་མོ།།
སྨན་འབྲུག་མོ་ཡིན་ན་སྐྱིད་ལ་བསམ།།
མཛེས་ལྡེམ་མེར་ཇ་ཆང་འདྲེན་དུས་སུ།།
བུ་མ་ཚད་བུ་མོའི་ཟུར་མིག་འཕྲོག།།
ལྷ་སྒྲོལ་མ་དཀར་མོ་སྐྱེས་བ་རེད།།
ཤར་ཁྲ་མོ་གླིང་གི་དཔོན་མོ་རེད།།
གླིང་རྗེ་བློན་སེམས་ཀྱི་མེ་ཏོག་རེད།།
སྨན་དེ་ཚོ་ཡིན་ན་ལོས་རེ་སྐྱིད།།
ང་བུ་མོ་རི་ཁའི་དར་ལྕེ་ལ།།
ཕོ་ཁྱེད་ཚོ་དབང་ཆེན་བསིལ་རླུང་རེད།།
བརྡ་གོ་འམ་སྨུག་པོ་ལྡོང་གི་སྲས།།
དོན་དཔྱད་དམ་དཔའ་བོ་སྐུ་ཟིལ་ཅན།།
དེ་ཞུ་ཕོད་མིན་སྟེ་རྒྱུ་ཕྱོགས་རེད།།
མ་བཅུ་དྲུག་བུ་མོའི་སྣང་བ་རེད།།
ཐུགས་སུན་པ་མ་གནང་ཡིད་འོང་པོ།།
ཚིག་ཁ་ཕོ་ཤོར་ན་བཟོད་པ་གསོལ།།
ཞལ་ཡང་ཡང་མཇལ་གི་སྨོན་ལམ་འདེབས།།
ཁྱེད་རྒྱལ་བློན་དྭངས་སྨན་གང་བཞུགས་སར།།
ངོ་ཤེས་བཞིན་དགའ་གདུང་ཟབ་མོ་ངང།།
བདག་འཁོར་གྱི་ཐོག་མར་སྐྱེས་བར་ཤོག།།
དེ་སྐྱེས་ནས་འགྲོ་བ་སྒྲོལ་ནུས་པར།།
ངག་བདེན་ཚིག་གོང་མ་ལྷ་ལ་བཅོལ།།
གླུ་འཁྲུལ་བ་སོང་ན་མཐོལ་ལོར་བཤགས།།
ངག་འཁྱལ་བ་སོང་ན་བཟོད་པ་གསོལ།།
༢༠༢༣.༩.༢༣

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།

柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章