ང་ལ་ཡོད་པ་ནི་ཡིག་ཉོག་འདི་དག་ཡིན།

文摘   2024-08-03 11:16   青海  
༼ཁག་དང་པོ།༽ 


ང་ལ་ཡོད་པ་ནི་ཡིག་ཉོག་འདི་དག་ཡིན།     

འཕྲིན་ཡིག 

 རིག་པ་རྡོ་རྗེ།

                      
    ཉེ་ལམ་བདེ་མོ་ཡིན་ནམ། ད་བར་གང་དུ་ཡོད། ཁྱེད་ཀྱིས་དཔེ་ཆ་ཀློག་གི་ཡོད་དམ། རུས་མཛོད་འབྲི་བཞིན་ཡོད། ངས་ཁྱོད་ལ་འཕྲིན་ཡིག་ཞིག་བསྐུར་འདོད་ནས་ཡུན་རིང་འགོར་མོད་ད་བར་དུ་འབྲི་ཐུབ་མ་སོང་། དྲང་མོར་ལབ་ན། ང་ནི་སེམས་གཏམ་ཡིག་ཐོག་ལ་ཕབ་ནས་ཡིག་ཟམ་དུ་བཅུག་སྟེ་རང་གི་གྲོགས་པོ་དག་ལ་བསྐུར་བའི་ཡིག་འབྲི་བ་ཞིག་དང་། འཕྲིན་ཡིག་འབྲི་བར་བྱང་ཆ་ལྡན་པ།བསམ་ཚད་ཡི་གེར་འགོད་ནུས་པའི་ལག་རྩལ་བ་ཞིག་གཞི་ནས་མིན། ཡིན་ནའང་། ངས་ཁྱོད་ལ་དགོངས་དག་ཞུ་མི་སྲིད། འཇིག་རྟེན་གྱི་བྱ་དངོས་མང་པོ་ཞིག་ལ་དགོས་དག་ཙམ་ཞུས་པས་ག་ལ་ཆོགདགོངས་དག་ནི་མ་མཐའི་བརྩི་བཀུར་ཙམ་ལགས་པས་དགོངས་དག་ཞུ་མི་སྲིད། 

  ཕུ་བོ། ལ་ལས་བཤད་ན་འུ་གཉིས་ཉེ་ས་ཞིག་ཀྱང་ཡིན་རབས་ལབ་པ་གོ་མྱོང་། ཡིན་ནའང་། ང་ནི་མི་སྐོར་ལོག་ཞིག་ཡིན་ལ་དྭ་ཕྲུག་ཞིག་ཡིན་པས་ཨ་ཁུ་ཨ་ཞང་སོགས་ཀྱིས་ཀྱང་དེ་འདྲ་ཉེ་འདང་མེད། ང་ཡང་ཁོ་ཚོར་དེ་འདྲ་དགའ་བོ་མེད། འུ་གཉིས་ནི་དངོས་གནས་གཞན་དང་མི་འདྲ་བའི་འདང་བརྩེ་ཅན་ཞིག་ཏུ་གྱུར་སོང་། དེའི་རྒྱུ་མཚན་ནི་ཕལ་ཆེར་དཔེ་ཀློག་ལ་དགའ་བས་ཡིན་པ་འདྲ། སྔོན་ཆད་ཁྱོད་ཀྱི་མིང་གོ་བ་ལས་ཐུག་འཕྲད་མེད་མོད།ངས་ཁྱོད་ལ་ནམ་ནམ་ཐུག་པའི་རེ་བ་ཆེན་པོ་བཅངས་མྱོང་། དེ་ལྟར་ད་ཆ་དངོས་སུ་ཐུག་འཕྲད་བྱུང་བར་མ་ཟད། ཁྱེད་དང་མཉམ་དུ་དཔེ་ཆ་ཀློག་པ་དང་།དཔེ་ཀློག་གི་སྐོར་ནས་ལབ་གླེང་གང་མང་ཞིག་ཐུབ་སོང་། དེ་ནི་ང་ལ་མཚོན་སྔོན་ཆད་ཡིད་ལའང་ཤར་མ་མྱོང་བའི་དོན་དག་ཅིག་རེད།དངོས་གནས་མི་ཟེར་བ་ནི་འདི་འདྲ་ཞིག་ཡིན་སྲིད། གལ་ཏེ་ཁྱོད་ཀྱིས<བདེན་པའི་ཁ་རླངས>བརྩམས་རྗེས་ཁྱེད་ཕྱིར་ལ་འོངས་རྒྱུ་མེད་ན། ད་སྐབས་ཁྱོད་ཏག་ཏག་གླེང་སྲིད་ལ་འགའ་ཞིག་གིས་ཁྱོད་ཡུལ་མགོ་ལོག་གི་ཤེས་ཡོན་ཅན་གྱི་མི་བུ་འཇོན་ཐང་ཅན། རྟ་ཕོ་རིན་ཐང་ཅན་གཅིག་པུ་ཡིན་ཟེར་ནའང་ཐང་མོད། འོན་ཀྱང་། གསོན་ནས་བསྡད་སྐབས་དེ་འདྲ་མཐོང་ཆེན་བྱེད་ཀི་མ་རེད། གཅིག་ནས་ཁྱོད་ཤི་མེད་པས་ཡིན་ལ། གཉིས་ནས་ཡུལ་འདི་ཕྱོགས་ན་དཔེ་ཆ་ལ་དགའ་མཁན་ཉུང་བའི་ཡིན་སྲིད། འོ་རེད། དེ་དག་གླེང་འཚམས་བྱེད་མ་གཏོགས་ཉོག་འགྲོ་ཤས་ཆེ།      

    ཁྱོད་ཀྱིས་སྐད་འཕྲིན་བར་སྟོང་དུ་སྤེལ་བའི “ཤེས་ཡོན་པའི་ངུ་ཟུག” ཞེས་པའི་རྩོམ་ཡིག་དེ་ཀའི་ནང་དུ་བཤད་པ་ནང་བཞིན། རང་ཡུལ་ན་དངོས་གནས་ཤེས་ཡོན་པ་མེད་པས་ཁྱོད་ཀྱི་འཇོན་ཐང་དང་། ཁྱོད་ཀྱི་བསམ་བློ་ལ་དགའ་མཁན་ཡོད་མི་སྲིད། ས་འདི་ནས་གྲོང་ཆོག་པ་དང་། གཞུང་ཞབས་པ་གཙོ་བོར་འཛིན་པ་ལས་རིག་གནས་དང་། ལྷག་བསམ་གྱི་རིན་ཐང་ཟེར་བ་ཞིག་གཏན་ནས་ཁས་ལེན་མི་སྲིད།ཁ་ནས་གླེང་མོལ་ཙམ་བྱེད་མཁན་ཞིག་ཀྱང་ཉིན་མོའི་སྐར་མ་ལྟར་དུ་སྣང་། མ་ཟད་ངས་གྲོགས་པོ་འབར་ལ་བྲིས་པའི་འཕྲིན་ཡིག་ནང་དུ་སྟོང་སྐྱབས་དགོན་པར་མི་ཚེ་ཆོས་ལ་བསྟིམས་པས་མཁན་པོ་དང་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ས་ཆ་ཞིག་ཡིན་ན་ཡང་། རིག་པའི་ཀློང་བརྡོལ་བའི་ཨ་ཁུ་སྒོ་ཤེར་དང་། རི་བོང་དགེ་འདུན་ལྷུན་གྲུབ་ལྟ་བའི་རྩོམ་རིག་གི་ལས་དབང་གི་ཐད་ལ་དོན་དངོས་ཀྱི་སེམས་ཁུར་དང་འབད་བརྩོན་གནང་མཁན་ནི་ཧ་ཅང་ཉུང་ཉུང་རེད་ཅེས་ལབ་པ་ལྟ་བུ་ཞིག་ཡིན་པ་འདྲའོ།། གང་ལྟར་སོ་སོའི་འདོད་པ་ལྟར་གསོན་ཐུབ་དགོས་མོད་དེ་ནི་ཧ་ཅང་དཀའ་མོ་ཞིག་རེད། ངའི་ཁྱིམ་མི་དང་གཉེན་ཉེ་འགའ་རེས་ང་ལ་ད་ཁྱོད་ཀྱིས"བྱ་བ་ཚད་ལྡན་ཞིག་འཚོལ་རན་རེད"ཅེས་སློབ་གསོ་རྒྱག་བྱུང་། ཁོ་ཚོའི་སྣང་བ་ཞིག་ལ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་དང་། ཡང་ན། ནུ་བོ་འོད་ཟེར་བཞིན་ལས་ཁུངས་ཞིག་གི་ནང་དུ་མགོ་རྒྱག་པར་རེ་བསྒུག་བྱེད་ཀྱིན་ཡོད། གལ་ཏེ་དེ་ལྟར་བྱེད་ནུས་ན། དེ་ནི་བྱ་བ་ཚད་ལྡན་ཞིག་ཏུ་སེམས་ཡོད་མོད། འོན་ཀྱང་། ང་དེ་ལས་ལྡོག་སྟེ་རང་དབང་གི་ངང་ནས་མི་ཚེ་དཔེ་ཀློག་ལ་བསྟིམས་ཤིང་། བརྩམས་སྒྲུང་ཡག་པོ་འགའ་རེ་འབྲི་ཨེ་ཐུབ་བལྟས་ན་འདོད་བྱུང་། དེ་ལྟར་སྒྲུབ་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ག་ལ་མིན།དེ་བས་ད་ལྟ་ཨ་ཕྱི་དང་ངའི་གཉེན་ཉེ་ཚོའི་སེམས་ན་ང་ནི་དྲན་རྒྱུ་མང་ཞིང་། ལས་ཁུངས་ཤིག་གི་ནང་དུ་ཚུད་མི་ཐུབ་པའི་མི་ནུས་མེད་ཞིག་རེད་འདོད་ཡོད། ཕུ་བོ་ཁྱེད་ཀྱིས་བཤད་པ་བཞིན"སྤྱི་ཚོགས་ཟེར་བའི་གར་སྟེགས་ཆེན་པོ་འདིའི་སྟེང་ནས་དཔེ་ཀློག་ཙག་ཙིག་རེ་བྱེད་ཞོར་རང་དབང་གི་འཚོ་བ་ཞིག་རོལ་རྒྱུ་ནི་བདེ་སྐྱིད་དང་ལྡན་པ་ཞིག་ཡིན་ན་ཡང་། དེ་འདྲའི་རང་དབང་གི་འཚོ་བ་སྟབས་བདེ་ཞིག་རོལ་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་རེད"ཅེས་པས་སྐད་ཆ་དེ་དྲན་བྱུང་།      

     ཕུ་བོ། བྱ་བ་ཚད་ལྡན་ཞེས་པ་ནི་ག་འདྲ་ཞིག་ལ་ཟེར། ཡང་སྙིང་ག་འདྲ་ཞིག་ཡིན་ནམ་སྙམ། སློབ་ཆུང་གི་སྐབས་ནས་བཟུང་མ་འོངས་པ་ན་མེས་རྒྱལ་གསར་པ་འཛུགས་སྐྲུན་བྱེད་མཁན་ནི་ང་ཚོ་ཡིན་པར་འདོད་ལ་མེས་རྒྱལ་གསར་བ་འཛུགས་སྐྲུན་ཞེས་པའི་ཚིག་དུམ་ཞིག་བློར་བཟུང་མྱོང་། དེ་ནི་བྱ་བ་ཚད་ལྡན་ཞིག་འཁྱོངས་ཡོད་དམ་སྙམ། ད་དུང་ཕ་ཡུལ་གྱི་མི་འགའ་རེ་དང་སྡེ་དཔོན།བླ་མ།ད་དུང་ཁྱིམ་མི་ཚོས་ཀྱང་མི་བཟང་པོ་བྱེད་རྒྱུ་ནི་མི་ཚེ་འདིའི་སྙིང་པོ་ཡིན་ཟེར། སྐབས་དེར། དེ་ནི་བྱ་བ་ཚད་ལྡན་ཞིག་ཡིན་པར་འདོད། ད་ལྟ་བསམ་བློ་ཇི་ལྟར་བཏང་རུང་། ཚད་ལྡན་གྱི་བྱ་བ་ཞེས་པ་དེ་ག་འདྲ་ཡིན་པ་ཤེས་མ་སོང་ལ་ཚད་ལྡན་ཞེས་པའི་ཡང་སྙིང་རྟོགས་ཐབས་བྲལ་བ་ཞིག་རེད། མཐོ་འབྲིང་གི་དུས་ནས་བཟུང་། ངས་བརྩམས་སྒྲུང་གི་དཔེ་དེབ་གང་མང་ཞིག་བཀླགས་པ་དང་དུས་དེ་ནས་བཟུང་ང་རང་བརྩམས་སྒྲུང་ལ་དགའ་ཞེན་ཇེ་ཆེ་རུ་གྱུར། ད་དུང་ཤེས་བྱས་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་ཅེས་པའི་གདམས་ངག་དེར་ཡིད་ཆེས་ཆེན་པོ་བྱེད་མྱོང་ལ་ང་རང་རྩོམ་པ་པོ་ཞིག་བྱེད་པར་འདུན་པ་ཇེ་ཆེར་འགྲོ་མྱོང་། གྲོགས་པོ་འགའ་རེས་ང་ལ་ཁྱོད་རང་རྩོམ་པ་པོ་ཞིག་བྱེད་འདོད་པ་ནི་བར་སྣང་ནས་ཕོ་བྲང་བཞེངས་པ་དང་མཚུངས་ཞེས་ལབ་མྱོང་མོད། ད་བར་དུ་ངས་ང་རང་ཉིད་ལ་ཡིད་ཆད་དང་འཁེངས་ར་བྱེད་མ་མྱོང་ལ་རང་ཉིད་བློས་གཏོང་བྱེད་མ་མྱོང་།      

    སྤྱིར་ན་འཇིག་རྟེན་གྱི་ཡོད་ཚད་ནི་བརྩམས་སྒྲུང་ཞིག་གི་སྒྲོམ་གཞི་ལྟར་རང་ཉིད་ཀྱིས་ཅི་འདོད་འདོད་དུ་བཟོ་ཆོག་པ་ཞིག་དང་སྒྲུབ་ཆོག་པ་ཞིག་གཏན་ནས་མ་རེད། དོན་དག་ཐམས་ཅད་བསམ་ཐོག་ཏུ་ཡོང་བ་ཞིག་དེ་བས་མ་རེད། འོན་ཏེ་དཔེ་ཆ་བ་ཞིག་ལ་མཚོན་ནས་བཤད་ན།དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་རྙེད་པ་ནི་དཔེར་ན། རྟ་ནོར་ལུག་གསུམ་ལ་རྩྭ་ཆུ་འཛོམས་པའི་ས་ཞིག་དགོས་པ་དང་ཀུན་ནས་མཚུངས་མོད།ས་འདི་ས་ཞིག་ན་ཁོར་ཡུག་དེ་འདྲ་ཞིག་ཕལ་ཆེར་མེད་པ་འདྲ། འོན་ཏེ་ཁྱོད་ནི་ཁོར་ཡུག་འདི་ལྟ་བུ་ཞིག་ནས་ནར་སོན་ཞིང་སློབ་སྦྱོང་བྱས་ནས་མི་ཚེ་དཔེ་ཆ་ལ་བསྟིམས་ཀྱིན་ཡོད་པའི་བརྩོན་འགྲུས་ཀྱི་སྡོང་རྒན་ཁེར་སྐྱེས་ཞིག་རེད་བསམ་སོང་།     

    ཕུ་བོ། ད་སྐབས་ངས་ཁྱིམ་གྱི་ལྟོ་གོས་འཚོ་ཚིས་དང་སྒེར་གྱི་ལས་ཀའི་ཞོར་དུ་དཔེ་ཀློག་ཙག་ཙིག་རེ་བྱེད་ཀྱིན་ཡོད། དཔེར་ན། ཉིན་མོར་རྩོམ་ཡིག་ཉ་ཉོག་རེ་ཨེ་ཕྲིས་དང་། མཚན་མོ་ཆང་འཐུང་མཁན་གྱི་མགྲོན་པོ་དེ་ཚོར་བཟི་རྗེས་ཁྱི་སྨྱོན་མགོར་རྡོ་རྒྱབ་པ་ལྟར་ཕན་ཚུན་གྱི་སྟེང་ལ་རྒྱུགས་ནས་ཁ་འཛང་ལག་འཛང་བྱེད། སྐབས་རེར་ཕན་ཚུན་གྱི་སྐེ་ལ་འཐམ་ནས་ངུ་ཞིང་དགོད་པར་བྱེད། ནམ་ལངས་སྐབས་མགྲོན་པོ་ཚོ་ཕྲེང་ཐག་ཆད་པ་ལྟར་རང་རང་གི་སར་འཐོར་བ་དང་། དེ་ཀའི་ནང་གི་འགའ་རེ་ནད་པ་ལྕི་མོ་ཞིག་དབུགས་ཆད་པ་ནང་བཞིན་གཉིད་དུ་ཡུར་བ་ན། ངས་དེ་ཚོ་རེ་རེ་བཞིན་མལ་ཁྲིའི་སྟེང་དུ་དྲུད་དགོས་བྱུང་། དྲང་མོར་ལབ་ན་ལས་ཀ་འདི་ཨེན་ཙམ་ལྕི་ན་ཡང་ང་རང་ལ་དཀའ་སྣང་ཅུང་ཙམ་ཡང་མི་འདུག རྩོམ་པ་པོ་ཞིག་གིས་སྒྲུང་གཏམ་ཞིག་འབྲི་དུས་ནམ་ཡང་ཀློག་པ་པོར་བསམ་བློ་བཏང་བ་ཡིན་ན་དེ་ནི་ཉེན་ཁ་ཞིག་རེད། ཀློག་མཁན་ཁྲི་ཕྲག་ལ་རེ་ལྟོས་ཁྲི་ཕྲག་ཡོད་པས་རྩོམ་པ་པོས་རེ་རེ་ཡི་རེ་བ་བསྐང་རྒྱུ་ཟེར་ན་མཁའ་ཡི་ཉི་ཟླ་འཛིན་པ་དང་ཨ་ན་མ་ན་རེད། དེ་བས་རྩོམ་པ་པོ་ཞིག་ཡིན་ཚེ་རང་གི་སྒྱུ་རྩལ་འཚོལ་སྙེག་དང་རྩོམ་རིག་གི་དམིགས་འབེན་དེ་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་ཚོང་ར་དང་ཀློག་པ་པོའི་རྗེས་སུ་བརྒྱུག་ན་མཐའ་མར་ཅི་ཡང་ལྷག་པར་མི་འགྱུར་རོ་ཞེས་གསུངས་པ་ནི་དངོས་གནས་དྲང་གནས་བདེན་པའི་ཆ་ཧ་ཅང་ཡོད་ཀི་བསམ་སོང་།      

  ད་བར་ང་རང་ཉིན་མོར་གཉིད་པ་དང་མཚན་མོར་ཆང་བཙོང་ཞོར་ནམ་ལངས་རག་བར་དུ་དཔེ་ཆ་ཀློག་གིན་ཡོད། ཁྱོད་ཀྱིས་ང་ལ་སྟེར་བས་དཔེ་དེབ་གཉིད་དུ་ཡུར་བའི་ཆུ། མིང་གྲགས་མི་སྣ་གཞོན་དུས། ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས་སོགས་ངས་ཀློག་ཟིན་ལ། ད་དུང་ཁྱོས་ང་ལ་སྟེར་བས་སྟོད་ལྭ་དེ་ངས་ནམ་ནམ་གྱོན་པ་ཡིན། སྤྱིར་ན་མི་གཞན་པ་ཞིག་ཡིན་ན་གཞན་གྱིས་གནང་བས་ལེགས་སྐྱེས་དེ་ཉར་ཚགས་བྱེད་སྲིད་མོད། ངའི་འཚོ་བ་དེ་འདྲ་བཟང་རྒྱུ་མེད་པས་ངས་ནམ་ནམ་སྟོད་ལྭ་དཀར་པོ་དེ་གྱོན་པ་ཡིན།   

    མཚམས་ལ་རེར་ང་ནི་དཔེ་ཆ་བླུ་མཁན་དང་། རྩིག་མཁན་ཞིག་ཡིན་པ་ལས་དཔེ་ཆ་ལྟ་མཁན་མིན་པའི་སྣང་བ་ཤར་བའི་མོད་ལ་རང་ཉིད་ལ་ཡིད་ཆད་དང་སྡིགས་མོ་བྱེད་ཞོར་དུ་སྒྲུང་གཏམ་རེ་བཀླགས་པ་ཡིན། དོ་ནུབ་ཆུ་ཁོལ་ཞིག་གདུས་ཏེ་མགྱོགས་ཐུག་སྒོར་གསུམ་ཅན་པོ་གཉིས་མཉམ་དུ་ལྕགས་ཀྱི་ཅ་ནེ་ཞིག་གི་ནང་དུ་འཕངས་ནས་ཆུ་ཁོལ་གྱིས་སྦངས་ནས་ཟ་ཞོར་དུ་ཁྱེད་ཀྱིས་ང་ལ་གནང་བའི་ང་རང་ཆེས་དགའ་བའི་སྒྲུང་གཏམ་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི<གཉིད་དུ་ཡུར་བའི་ཆུ>ཀློག་གིན་ཡོད། སྒྲུང་གཏམ་འདིའི་ངོས་སུ་གསལ་ལེར་ཤར་བའི་རི་མོ་དག་ང་ཚོའི་སྤྱི་ཚོགས་ཡིན་པ་འདྲ། ང་ཚོའི་སྤྱི་ཚོགས་ཀྱང་སྒྲུང་གཏམ་འདི་དང་ལྷན་དུ་འདྲེས་ཡོད་པས་ངས་ང་ནི་སྒྲུང་གཏམ་འདིའི་ནང་གི་མི་སྣ་ཞིག་ཡིན་ན་སྙམ་པའི་སྐབས་དེར་གྲོགས་པོ“འབར”ལགས་ཀྱིས་ང་ལ་ཁ་པར་ཞིག་བཏང་ནས་ཐོན་བྱུང་།“ཏུའུ།ཏུའུ།”ཞེས་གྲགས་པས་ངས་རེ་ཞིག་འཕྲིན་ཡིག་འབྲི་མཚམས་བཞག་པ་ཡིན། 

  2021-3-9 ཉིན་དགའ་བདེ་ནས་བྲིས།

      ཨ་ལེ། གྲོགས་པོ་བདེ་མོ་ཡིན་ནམ། ཉེ་ལམ་དཔེ་ཀློག་ཐུབ་ཀྱིན་ཨེ་ཡོད། སྙན་ངག་བྲི་ཀི་ཨེ་ཡོད། ད་སྐབས་ཕ་ཡུལ་གྱི་གནམ་བརྡ་ག་འདྲ་རེད། ང་རང་ཕ་ཡུལ་དང་ཁ་བྲལ་ནས་ཡུན་རིང་ཕྱིན་ཟིན་སྟབས་ད་ལྟའི་ཕ་ཡུལ་གྱི་ན་གཞོན་དཔེ་ཆ་བ་དག་གི་བསམ་བློ་གཏོང་སྟངས་དང་ཤེས་ཡོན་གྱི་གནས་སྟངས་གང་འདྲ་ཡིན་མིན་ཡག་པོ་ཞིག་བཤད་མི་ཐུབ་མོད། སྤྱིའི་ཆ་ནས་བཤད་ན། ད་སྐབས་དཔེ་ཆ་ཀློག་མཁན་ཇེ་ཉུང་རེད། ཐ་ན་རང་དགོན་ལ་མཚོན་ནས་བཤད་ན་ཐོས་པ་ལ་དེ་ཙམ་མ་མཉེས་རུང་བསྒྲུབ་པ་ལ་བརྩོན་མཁན་དང་ངེས་འབྱུང་ཅན་ཇེ་མང་ནས་ཇེ་མང་རེད།  འོན་ཀྱང་སྔོན་བྱོན་དམ་པ་ཚོས་ཀྱང་རི་ཁྲོད་དུ་ཞག་གཅིག་ལ་འདུག་ཐུབ་ན་དཔེ་ཡག་པོ་ཞིག་ཏུ་བརྩི་སྲོལ་ཡོད།   ཡིན་ནའང་རི་ཁྲོད་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་དང་འཁོར་བ་ལ་ཞེན་པ་གཏིང་ནས་ལོག་པ་ཏག་ཏག་ཡིན་མིན་བཤད་ཁག་པོ་རེད། གཅིག་བྱས་ན་ངས་བཤད་པ་ནོར་ཡོད་ཀྱང་སྲིད། ཡིན་ན་ཡང་ང་རང་དཔེ་ཀློག་ལ་མི་དགའ་བའི་གྲྭ་བ་དག་ལ་དེ་ཙམ་དག་བོ་མི་འདུག དེ་བས་ཀྱང་མི་དགའ་ས་ཞིག་ནི་སྤྲུལ་སྐུ་ཞེས་པའི་མིང་ཆེན་པོ་རེ་བཏགས་ནས་སློབ་སྦྱོང་གི་ཡོན་ཚད་དམའ་ཞིང་ཕྱག་ཏུ་ཌ་མ་རུ་དང་དྲིལ་བུ་བཟུང་ཤེས་པ་ལས་དཔེ་ཆ་བཟུང་མི་ཤེས་པའི་མི་ཆེན་དབང་ཆེན་དག ཡང་ན་གནས་ལྔ་རིག་པ་ལ་རྩོད་པར་མི་དགའ་ལ་རླངས་འཁོར་གོང་ཆེན་དང་ཁང་བ་ཆེན་པོ་ཉོ་བར་རྩོད་པ་ལ་དགའ་མཁན་དག་ལ་དེ་ཙམ་དགའ་བོ་མི་འདུག 

    སྤྱིར་ན། སྤྲུལ་སྐུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་སྟོབས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་མཆོག་ཞིག་ལ་གོ་བ་ལས། རང་གི་མིང་འབྲི་ཤེས་པ་ཙམ་གྱིས་མཁས་པ་དུ་མའི་གྲལ་མགོར་བཞུགས་ནས་གཏམ་བཤད་ཐུབ་མཁན་དང་གཞན་གྱི་ཆུང་མ་ཁྲིད་ནས་འཁོར་བའི་དོང་ནང་དུ་ལྡིང་ཕོད་མཁན་ཞིག་ལ་མི་གོ  དེ་བས་ཀྱང་སྐྲག་ས་ཞིག་ནི་ད་སྐབས་ང་ཚོའི་ཕ་ཡུལ་ན་ནང་བསྟན་རིག་གཞུང་ལ་སྦྱང་པ་མེད་ཅིང་རྒྱུ་ནོར་གྱིས་ཡོངས་སུ་བསླུས་པའི་སྤྲུལ་སྐུ་ཇེ་མང་རེད། གཅིག་བྱས་ན་ད་སྐབས་ཀྱི་སྤྲུལ་སྐུ་ལ་ལ་བསྟན་པའི་གེགས་བྱེད་དུ་འགྲོ་བཞིན་འདུག འོན་ཏེ་ངས་སྤྲུལ་སྐུ་ཐམས་ཅད་དེ་འདྲ་རེད་ཟེར་གྱིན་མེད། ཡིན་ནའང་ངས་ད་དེའི་སྐོར་མི་གླེང་། ཡང་འབྱུང་གནས་ཚང་གི་ཞི་ལུ་རིག་པ་རྡོ་རྗེ་ལྟ་ལོག་པ་རེད་ཟེར་ན་ཐང་། ང་ལ་ཟེར་ན་ཟེར་མོད་ཁྱིམ་མི་དག་གིས་ང་ལ་སྡིགས་སྨོད་བྱས་ན་སྐྱིད་པོ་མི་འདུག དེ་བས་གནས་སྐབས་དེའི་སྐོར་དེ་ཙམ་བྱེད། 

    དེ་མིན་ཁྱེད་རང་ཁྲི་ཀའི་བསྟན་སློབ་གླིང་ལ་འགྲོ་ཐུབ་པ་དགའ་བོ་བྱུང་ཡོད། རྒྱུ་མཚན་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་དང་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱིས་མཚོན་པའི་དམ་པ་ཕལ་ཆེ་བ་ནི། དཔེ་ཁྲིད་དཔེ་བལྟས་ཀྱིས་བསྐྱེད་པའི་རྟོགས་པ་མཐོན་པོར་གྱུར་བ་ཤ་སྟག་ཡིན་རེད། དེ་བས་ཀྱང་ཀུན་མཁྱེན་བླ་མས་རྒྱལ་བའི་གསུང་རབ་ཐམས་ཅད་ཡི་གེ་ན་གཅིག་གི་ནང་དུ་སྡུད་ཐུབ་ཅིང་བཤད་ཀྱང་ཐུབ་པ་ལས་གཞན་པའི་གྲུབ་རྟགས་ཁོང་ལ་མེད་གསུངས་པ་དང་། བླ་མ་གོང་མ་རྣམ་པས། རང་ཅག་ལ་དཔེ་ཁྲིད་དང་དཔེ་བལྟས་ལས་ལོགས་སུ་གྱུར་བའི་ཉམས་ལེན་ཡན་གར་བ་ཞིག་མེད་གསུངས་པ་ནི་རྨད་དུ་བྱུང་བའི་ངེས་པ་དོན་གྱི་ཞལ་གདམས་ཤིག་རེད། 

    འཇིག་རྟེན་གྱི་ཁ་དཔེ་ཞིག་ལ། དྲང་མོ་བཤད་ན་མྱི་མི་དགའ།  དབྱུགས་པ་ཕྱར་ན་ཁྱི་མི་དགའ་ཟེར་བ་བཞིན་ངས་འདི་ལྟར་བཤད་ན་མི་མང་པོ་ཞིག་དགའ་མི་སྲིད།  དེ་བཞིན་མི་ཞིག་ཡིན་ན་འཇིག་རྟེན་ཆོས་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཡིན་པས། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་བ་ཆོས་ཉིད་ཡིན་ཡང་། ངས་གྲོགས་པོ་སུ་དང་སུ་ཡིན་ན་ཁ་ཡག་ལབ་མི་སྲིད། དེ་བས་ངའི་གྲོགས་པོ་འགའ་རེ་ང་ལ་མི་དགའ་དོན་ཡང་ཕར་ཆེར་ངས་ཁ་ཡག་ལབ་མི་ཤེས་པའི་ལན་པ་ཡིན་འདྲ།  ཡིན་ནའང་ངས་ཁ་ཡག་ལབ་མི་ཤེས། མ་ཟད་ངས་ཁྱེད་ལ་ཁ་ཏ་བྱེད་ཀྱིན་མེད་ལ་ཁ་བརྡ་བྱེད་ཀྱིན་ཡོད། ཁྱེད་ཀྱིས་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཟེར་བ་དཀའ་རུང་དཔེ་ཁྲིད་དཔེ་བལྟས་ཀྱི་གཟུགས་བརྙན་ཙམ་འཛིན་ནས་མི་ཚེ་བསྐྱལ་ཐུབ་ན་འགྲིག་འདུག 

    དོ་ཞག་ངའི་ཁྱོད་ལ་དེ་ཙམ་ཁ་བརྡ་མ་ཐུབ་མོད།  ང་རང་ཁོམ་ལོང་རེ་བྱུང་དུས་ཁྱོད་ཀྱིས་སྐད་འཕྲིན་བར་སྟོང་དུ་སྤེལ་བཞིན་པའི་རང་མོས་སྙན་ངག་དེ་དག་རེ་རེ་བཞིན་ཀླག་གིན་ཡོད། ངས་སྙན་ངག་ཅེས་པར་ཚད་ཐིག་ཅིག་གིས་ལྟ་མི་འདོད་དེ། མི་རེ་རེར་གོ་བ་ལེན་སྟངས་འདྲ་མིན་ཡོད་ལ་སྙན་ངག་གི་ཆུ་ཚད་མི་འདྲ་ལ། ང་ནི་སྙན་ངག་ལ་དཔྱད་བརྗོད་གཏོང་མཁན་ཞིག་ག་ལ་ཡིན། ཡིན་ནའང་། ང་རང་ཁྱེད་དང་ཁྱེད་ལྟ་བུའི་ན་གཞོན་རྩོམ་པ་པོ་དག་ལ་དགའ་བོ་ཡོད་ལ། ཁྱེད་ཚོའི་སྐད་འཕྲིན་གྱི་བར་སྟོང་དུ་ཀློག་པར་དེ་བས་དགའ་བོ་ཡོད། ཡིན་ནའང། འུ་གཉིས་ནམ་ཞིག་ལ་སྐད་འཕྲིན་འབྲེལ་བ་བྱུང་སྟེ་ངོ་ཤེས་པ་ང་ལ་གསལ་བོ་བཤད་རྒྱུ་མི་འདུག་མོད།  ང་ཁྱོད་ཡོད་སར་ཡོང་སྟེ་འུ་གཉིས་ཁ་བརྡ་མང་པོ་ཞིག་བྱེད་པའི་དགོང་མོར་དེར་ངས་ཁྱོད་རང་དཔེ་ཆ་ལ་དགའ་བའི་་ཞིག་ཡིན་པ་ཤེས་ཡོད། ཡིན་ནའང་ཁྱོད་རང་ཆེ་འདོད་གྲགས་འདོད་མེད་པར་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ནང་བཞིན་ལྷིང་འཇགས་ལྡན་པའི་་ཁེར་རྐྱང་གི་འཚོ་བ་ཞིག་རོལ་བཞིན་སེམས་ཀྱི་བདེ་སྡུག་ཐམས་ཅད་སྙན་ངག་ལ་བཅོལ་ཏེ་འགྲོ་ཡི་ཡོད་པ་ངས་ཤེས་ཡོད། ད་དུང་ཁྱོད་ཀྱི་ཤག་ན་དཔེ་ཆ་མ་གཏོགས་དངོས་པོ་གཞན་པ་ཞིག་ཕལ་ཆེར་མི་འདུག་ཟེར་ན་རྫུན་ཡིན་ནའང་།  མལ་ཐུལ་དང་ཅོག་ཙེ་ལས་གཞན་དངོས་ནས་དཔེ་ཆ་ཏག་ཏག་རེད།  

    ངས་འཕྲིན་ཡིག་ཐབས་ཆག་འདི་འབྲི་དོན་ཁ་བརྡ་ཞིག་གི་ཚབ་ཏུ་བྲིས་པ་ཡིན། འགའ་རེས་འཕྲིན་ཡིག་གི་ནང་དུ་ཚིག་སྙན་མོ་དང་གོ་དཀའ་མོ་འབྲི་ཡི་འདུག་མོད།  ང་དེ་ལྟར་བྱེད་རྒྱུར་དགའ་བོ་མེད་ལ། ཁ་བརྡ་ལྷོད་ལྷོད་ཞིག་གི་ཚབ་ཏུ་ཁ་ལ་ཡོང་སྟེང་དང་ལག་ནས་ཕྲིས་པ་ག་དེ་དེ་ལྟར་བྱེད་པ་ལ་དགའ་བོ་ཡོད། སྤྱིར་ན་འདི་ལྟར་བཤད་རྒྱུ་མིན་ཤས་ཆེ། འོན་ཏེ་ང་ནི་ཁ་ཁོག་མེད་པར་གང་དྲན་ལབ་མཁན་ཞིག་ཡིན་ལ། འདི་ནི་ངའི་སྐྱོན་ཆ་ཆེ་ཤོས་ཞིག་ཡིན་ནའང་ཐང་མོད། ང་ནི་འཚུལ་ཆོས་ལ་དངོས་ནས་མི་དགའ། ངས་བྲིས་པའི་འཕྲིན་ཡིག་དག་ལ་ཀློག་མཁན་གཅིག་གཉིས་ཞིག་ལས་མེད་ནའང་། ངས་འདི་ལྟར་ངོ་ཐུག་ནས་ཁ་བརྡ་ལབ་ལབ་བྱེད་ན་འདོད་ཀི སྐུ་ཞབས་སེང་རྡོར་གྱིས་ཁ་བརྡ་ནི་རྩོམ་ཡིག་འབྲི་ལ་ལྟར་འཚུལ་ཆོས་དང་ཆེ་འདོག་མི་དགོས་ལ་ཐད་གར་ལབ་པས་ཆོག་ལ། དེ་ལྟར་ལབ་ན་ནོར་བ་མང་པོ་རེ་ཡོད་ཀྱང་། ཡིད་ལ་གང་དྲན་དེ་ཤོད་ཐུབ་ཟེར་བ་དངོས་ནས་བདེན་པ་རེད། བལྟས་ན་བོད་ཀྱི་རྩོམ་རིག་དེ་གྲངས་ཚད་མང་ན་ཡང་སྤུས་ཚད་ཞན་པ་ནང་བཞིན་དུ། ངས་བྲིས་པའི་ཡིག་ཉོག་འདི་དག་བཤད་དགོས་དོན་མི་འདུག ཡིན་ནའང་། ངས་ཁྱོད་ལ་ཅི་ཡང་ཤོད་ཐུབ་ཀྱིན་མེད་པ་འདྲ། ཡིན་རུང་མུ་མཐུད་དུ་ཡིག་ཉོག་འགའ་འབྲི་ན་འདོད།

     གྲོགས་པོ་ལ་ལས་བཤད་ན། རྩོམ་རིག་ཟེར་བ་འདི་ནི་སྤྱི་ཚོགས་འཚོ་བ་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཟེར། ཁྱོད་ཀྱིས་ང་ལ་འདིའི་སྐོར་ནས་ཡིག་ལན་ཞིག་འབྲི་རྒྱུ་ངས་རེ་བ་ཡིན། རྩོམ་མཁན་མང་པོ་ཞིག་ཀྱང་རྒྱུ་ནོར་ལ་དགའ་ཞིང་མིང་གྲགས་ལ་རེ་ནའང་། རྩོམ་རིག་གིས་ནི་རྟག་པར་ཕྱུག་པོར་རྒོལ་ཅིང་དབུལ་བོར་བསྟོད་པར་བྱེད། དེའང་རྩོམ་རིག་གིས་རྒོལ་ཡུལ་དུ་གྱུར་བའི་ཕྱུག་པོ་དག་ནི་འབྱོར་བའི་ཆེད་དུ་བསམ་གནག་བྱེད་པ་དང་། ཚུལ་མིན་གྱི་ཐབས་ལ་བརྟེན་ནས་འབྱོར་བ་རྒྱས་པའི་ཕྱུག་པོ་དག་ཡིན་ཅིང་། རྩོམ་རིག་གི་བསྟོད་ཡུལ་དུ་གྱུར་བའི་དབུལ་བོ་ནི་འབྱོར་བ་མེད་ཀྱང་མི་གཤིས་ཀྱི་གཟི་རྔམ་སྲུང་ཐུབ་པའི་དབུལ་བོ་དག་ཡིན་པ་སྨོས་ཅི་དགོས། རྩོམ་རིག་བརྩམས་ཆོས་མང་པོའི་ནང་གི་དཔེ་མཚོན་གྱི་མི་སྣ་ཇི་སྙེད་པ་འབྱོར་ཕྱུག་གི་བསླུ་བྲིད་དུ་མ་ཚུད་པའི་མི་སྣ་ཡིན་པ་དང་། དེ་ལྟ་བུའི་མི་སྣ་གང་དེ་སྐྱེས་བུ་དམ་པ་ཡིན་ཟེར།  དེ་ལྟ་བུའི་དཔེ་མཚོན་འགའ་ཞིག་ཀྱང་ལབ་རོགས། ད་དུང་བཤད་རྒྱུ་ཞིག་བརྗེད་སོང་། ངས་ཉིན་འདི་གར་གཞན་ལ་རོགས་བྱས་ནས་སྨན་ཁང་དུ་སྨན་པ་བསྟན་རོགས་བྱེད་ཀྱིན་ཡོད། ངའི་རྒྱ་ཡིག་གི་ཆུ་ཚད་མཐོན་པོ་མིན་རུང་ང་ད་བར་དུ་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་དག་ལ་ཕར་ཆེར་མ་སོང་སོའི་ས་ཆ་ཞིག་མེད་པ་དང་། རྒྱ་སྐད་འདྲ་ཆག་རེ་བཤད་ཤེས་པས་རྒྱུ་མཚན་གྱིས་འདི་ལྟར་འགྲོ་དགོས་བྱུང་། ཡིན་ནའང་། ངས་སྨན་ཁང་དང་ཟ་ཁང་སོགས་ནས་དཔེ་ཆ་ཀློག་གྱིན་ཡོད། མཐའ་ན་ཁ་པར་ནང་ནས་དྲྭ་རྩོམ་དག་ཀློག་གྱིན་ཡོད།

     གཞན་རྒྱ་ནག་གི་གནའ་དུས་ཀྱི་མཁས་པ་ཆེན་མོ་སི་མ་ཆན་དུ་གྲགས་པ་དེས། "སྐྱེ་འགྲོ་མ་ལུས་ལང་ལོང་དུ།། འདོད་པ་འཐོབ་ཕྱིར་ཡོང་བ་དང་།། སྐྱེ་འགྲོ་མ་ལུས་ཟང་ཟིང་དུ།། འདོད་པ་འཐོབ་ཕྱིར་འགྲོ་བའོ་ཞེས་གསུང་། འདོད་པ་མེད་མཁན་ཞིག་ཡོད་དམ། རྒྱ་ནག་གི་སྐྱེས་བུ་དམ་པ་ཁུང་ཙིས། འབྱོར་རམ་མཆོག་པ་གང་ཡིན་པ་དེ་ནི། སྐྱེ་བོ་རྣམས་ཀྱིས་འདོད་པ་གང་དེ་དང་། དབུལ་ལམ་དམན་པ་གང་ཡིན་པ་དེ་ནི་སྐྱེ་བོ་རྣམས་ཀྱིས་མི་འདོད་པ་གང་དེའོ"ཞེས་གསུང་། རྒྱ་ནག་གི་ཡུལ་མི་ཚོས"དབུལ་ཚེ་སྲང་དུ་ཉུལ་ཡང་མཐོང་མཁན་དཀོན་ལ། འབྱོར་ཚེ་རི་ཁྲོད་བསྡད་ཀྱང་གཉེན་ཉེ་མང"ཟེར། གནའ་དུས་ཀྱི་སྐྱེས་བུ་དམ་པ་མང་པོ་ནི། རྒྱུ་ནོར་ལ་མི་རྔམ་པ་དང་འབྱོར་ཕྱུག་ལ་མི་སྨོན། དཔེར་ན། ཁུང་ཙི་མཆོག་གི་སྲས་ཀྱི་ཐུ་བོ་ཡན་ཧེ་ལྟ་བུ་སྟེ"ཟས་སླེའུ་གང་དང་ཆུ་ཐོམ་བུ་གང་ལས་མེད་པར་ཤིན་ཏུ་དམན་པའི་སྤྱིལ་བུ་ལ་གནས་ཤིང་། སྐྱེ་བོ་གཞན་གྱིས་ནི་དེ་འདྲའི་སྡུག་མྱོང་བར་མི་ནུས་པས་ངལ་བར་འགྱུར་ཀྱང་ཁོ་ནི་དེ་ལས་མི་ལྡོག་པར་དེ་ལ་གཡེང་བ"བཞིན།གནའ་མི་ཚོས་དེ་ལྟར་ངེད་ཅག་ལ་སེམས་ཞི་བར་བྱས་ཏེ་འདོད་པ་སྡོམ་པ་དང་། ཚུལ་ལྡན་བག་ཕེབས་སུ་འཚོ་བའི་ཀུན་སྤྱོད་ཀྱི་དཔེ་གསལ་པོར་བསྟན་ཡོད་ནའང་། དེ་ཡིས་ཕན་འབྲས་ཆེན་པོ་བསྐྱེད་མ་ནུས། འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་ཁེ་དང་མིང་གྲགས་འཚོལ་བ་ནི་དུག་སྦྲང་ཁྲག་ལ་རྔམ་པ་དང་། འབུ་ནག་གིས་དྲི་ངན་སྙེག་པ་དང་མཚུངས་ཤིང་། གནའ་ནས་ད་ལྟའི་བར་དུ། དེས་སྐྱོ་གར་ཚད་མེད་ཅིག་བསགས་པར་མ་ཟད། སྤྲོ་གར་ཡང་གྲངས་མེད་པ་ཞིག་བཟོས་ཡོད་པ་རེད།  

   ཀྲུང་གོའི་མཚན་ཉིད་རིག་པའི་ནང་དུ། དེའི་སྐོར་གྱི་གཏན་ཚིགས་དང་ཤེས་རབ་ནི་མ་མང་ན་ཉུང་མེད་མོད། འོན་ཀྱང་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་ངང་ཚུལ་ནི“ཇི་སྙེད་ཐོབ་ཀྱང་ལག་པས་མི་གཏོང་ཞིང་།། ཐར་བའི་ལམ་མེད་ཕྱིར་ཀྱང་ལྡོག་མི་བྱེད”ཅེས་པ་བཞིན་ནོ།། བརྣབ་སེམས་ནི་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན་ལ་ཡང་ན་མི་གཤིས་ཀྱི་མི་སྡུག་པའི་ཆ་དེ་རེད་ཅེས་ཟེར་ཆོག ཀུན་སྤྱོད་ཀྱི་བསླབ་བྱ་དང་རྩོམ་རིག་གི་སློབ་གསོས་མི་རྣམས་ལ་དེའི་སྐོར་གསལ་བོར་ཤེས་སུ་འཇུག་མོད། འོན་ཀྱང་རྩ་བའི་ཆ་ནས་སྐྱོན་རྣམས་སེལ་ཐུབ་པ་ཞིག་ག་ལ་ཡིན། དེ་མ་རེད་མོད། ཡིན་ནའང་། ནང་པ་སངས་རྒྱས་པའི་ནང་བསྟན་གྱི་གཞུང་དུ“ཆོས་ཐམས་ཅན་སྟོང་པ་ཉིད་དང་། གཟུགས་ཐམས་ཅད་མེད་པའོ”ཞེས་མི་རྣམས་ཀྱི་འདོད་པ་སྡོམ་པར་བརྩོན། དེའང་འདོད་པ་ནི་མ་རིག་པ་ཐམས་ཅད་ཀྱི་རྩ་བ་དང་། འཇིག་རྟེན་ཐམས་ཅད་སྡུག་བསྔལ་བའི་རྒྱུ་གཙོ་བོ་ཡིན་ཟེར། གཞན་ད་དུང་རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་ཐོག་ཁང་དམར་པོའི་རྨི་ལུལ་ནང་དུ་ལེགས་རྫོགས་གླུ་བྱུང་བ་རེད།

   ད་དུང་ཆོས་ལུགས་ཀྱི་བཤད་ཚུལ་ལྟར། ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག། ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག།བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག།རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་།།མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས།།ཞེས་གསུངས་པའི་དུམ་ཚན་འདི་ནི་ཅི་འདྲའི་གླེང་འདོད་པ་ཞིག་རེད། ངས་ནམ་ནམ་འཇིག་རྟེན་འཁོར་བ་འདི་ན་དཔེ་ཀློག་མ་གཏོགས་གང་ན་འབད་དགོས་ཤེས་མ་ཐུབ་ལ། གཞན་གང་ལ་ཡང་འབད་པར་མི་འདོད།  དེ་ནི་ང་གཞན་ལ་འབད་མ་འདོད་པའི་མིན་ལ་འབད་ཀྱང་སྙིང་བོ་མི་འདུག་སེམས། དེའི་ཕྱིར་ན་ངས་ད་ནས་བཟུང་དཔེ་ཞ་མ་གཏོགས་གང་ལ་ཡང་ཤུ་རེ་བྱེད་གྲབས་མིན། ངས་སྔ་མོ་ནས་ཤེད་ཡོད།  དཔེ་ཆ་བ་རྣམ་དག་ཞིག་ཡོང་དགོས་ན་དབུལ་བོ་ཞིག་ཡིན་ཡང་མི་སྐྱོན། དཔེར་ན། ངས་ཆེན་པོ་མི་ཟེར། དཔེ་མང་པོ་མི་འཇོག ཕུ་བོ་ཁྲི་བོད་ཁྲག་གིས “ངས་དཔེ་ཆ་བལྟས་པས་དབུལ་བོ་རུ་གྱུར་སོང་།” ཞེས་པ་ལྟར་བུ་རེད། ཁོངས་དངོས་གནས་ས་འདི་ཕྱོགས་གི་དཔྱོད་ཤེས་དང་བརྩོན་འགྲུས་ཀྱི་སྡོང་རྒན་ཁེར་སྐྱེས་དེ་རེད། འུ་གཉིས་ལ་ཁོང་ལྟ་བུའི་ལྟ་ས་ཉན་ས་ཞིག་ཡོད་པ་ནི་འུ་གཉིས་ཀྱི་བསོད་ནམས་རེད། མ་ཟད་དཔེ་ཆ་བ་རྣམ་དག་ཞིག་ཡོང་དགོས་ན་དགའ་ཕྱོགས་གང་མང་ཞིག་གློས་བཏང་དགོས་པ་འདྲ། དཔེར་ན། ཚོང་རྒྱག་པ་དང་སྤོ་ལོ་རྩེ་བ། བརྙན་འཕྲིན་ལ་བལྟ་བ་སོགས་དོར་དགོས་པ་འདྲ། དེ་མིན་ཚེ་ལས་རིག་སྣ་གཅིག་ཡག་པོ་ཞིག་འཆོང་ཐབས་མེད་པ་འདྲ། དེ་བས་ངས་དཔེ་ཀློག་མ་གཏོགས་གང་ལ་ཡང་ཤུགས་ཆེན་པོ་རྒྱག་གི་མེད་ལ་རྒྱག་འདོད་མི་འདུག  

   རྩོམ་རིག་གི་ནང་དུ་སྤྱི་དང་བྱེ་བྲག་གང་མང་ཞིག་ཡོད་ལ། ངས་དེ་དག་ལས་སྒྲུང་རྩོམ་གཙོ་བོ་འཛིན་འདོད་ཞེས་ངས་ཐེངས་འགའ་ལབ་མྱོང་བ་བཞིན་དུ་འབད་ཀྱིན་ཡོད། ཁྱོད་ནི་རང་མོས་སྙན་ངག་གཙོ་བོར་འཛིན་མཁན་ཞིག་རེད། དེ་ནི་འུ་གཉིས་ཀྱི་ལམ་ཁ་དང་དགའ་ཕྱོགས་རེད། ཡིན་ནའང་། འུ་གཉིས་ཀྱིས་རང་རང་གི་འདོད་ལྟར་གསོན་ཐུབ་དགོས། རང་གི་རང་ལ་ཁྲེལ་མེད་བྱེད་མི་ཉན། རྩོམ་རིག་གི་ཆེས་གལ་ཆེ་བའི་གྲུབ་འབྲས་དང་གདེང་འཇོག་ཚང་མ་སྒྲུང་རྩོམ་གྱི་ཚད་གཞིའི་ཐོག་ནས་ཡོང་བ་རེད་ཟེར། རྩོམ་པ་པོ་གྲགས་ཅན་ཞིག་གི་ཚད་གཞིའང་གཙོ་བོ་སྒྲུང་རྩོམ་གྱི་རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱི་ཚད་ཐིག་གི་ཐོག་ནས་ཡོང་བ་ཡིན་པ་རྩོམ་རིག་ལ་དགའ་འདུན་ཡོད་པ་ཞིག་ཡིན་ན་ཤེས་པ་རེད། འོན་ཏེ་ད་བཤད་རྒྱུ་མང་སོང་། ད་དེ་ཙམ་གྱིས་ཆོག་པར་བྱའོ། ། 

2020-12-10 ནམ་གུང་ཙམ་དུ་ཟི་ལིང་ནས་བྲིས།

   གྲོགས་པོ་ཕྲེང་བ། ཉེ་ལམ་བདེ་མོ་ཡིན་ནམ། དཔེ་ཀློག་ཐུབ་ཀྱིན་ཡོད་དམ། ན་གི་ཚ་གི་འདྲ་མེད་ལ། ང་ནི་ཉེ་ལམ་བདེ་མོ་སྐྱིད་པོ་ཡིན། འོན་ཏེ་ངས་ད་སྐབས་དཔེ་ཀློག་དེ་ཙམ་ཐུབ་ཀྱིན་མེད། ད་ལོ་ང་ལ་མཚོན་ན་ལྷུང་བབས་ཆེན་པོ་བྱུང་སོང་། དེ་བས་ད་སྐབས་འཚོ་བའི་ཆེད་དུ་ཚོང་ཙག་ཙིག་རེ་རྒྱག་གིན་ཡོད་མོད། དེ་འདྲ་བཟང་རྒྱུ་མི་འདུག འོན་ཏེ་ང་ས་ཆ་གང་མང་ཞིག་ལ་འཁྱམ་ཉུལ་དུ་སོང་བ་ཡིན། ད་དུང་མུ་མཐུད་དུ་འགྲོ་འདང་ཡིན། 
 
    སྤྱིར་ན་ངས་ཁྱེད་ལ་དགེ་རྒན་ཞེས་ལབ་ཀྱང་མི་ཆོག་རྒྱུ་མེེད་མོད། འུ་གཉིས་ཕན་ཚུན་འདྲིས་ཆེ་བས་གྲོགས་པོ་ཞེས་ལབ་ན་སྐྱིད་པོ་འདྲ་རེད། ཁྱེད་ནི་ངའི་གྲོགས་པོ་དག་གི་ནང་ནས་གནད་འགག་ལ་ཐུག་དུས་རང་ཚུགས་ཆེ་བའི་ཁྱེད་ནི་ཅི་འདྲའི་ངའི་གྲོགས་པོ་ཁྱད་དུ་འཕགས་པ་ཞིག་རེད། ངས་ནམ་ནམ་ཁྱེད་ཀྱི་ལས་ཀ་བྱེད་སྟངས་དང་བསམ་བློའི་གཏོང་ཕྱོགས་མང་པོ་ཞིག་ལ་མིག་དཔེ་ལྟ་བཞིན་ཡོད། རྒྱུ་མཚན་ཁྱེད་ནི་བློ་གྲོས་ཀྱི་གཟིགས་པ་ཡངས་ཤིང་ཀུན་སྤྱོད་ཞི་དུལ་ལྡན་པ། བཤད་སར་བཤད་ཕོད་ཅིང་བྱེད་སར་བྱེད་ཕོད་མཁན་ཞིག་ཡིན། ད་དུང་ཁྱེད་ནི་་བོད་ཀྱི་བརྡ་སྤྲོད་རིག་པ་ལ་དམིགས་བསལ་གྱིས་མཁས་པ་ཞིག་ཡིན་པའི་ངས་རྩོམ་ཡིག་འགའ་རེ་ཁྱེད་ཀྱིས་དག་བཅོས་བྱེད་ཀྱིན་ཡོད། 

   ད་སྐབས་ཁྱེད་གསེར་རྟ་ན་ཡོད་ཟེར་བ་ཞིག་གོ་ཡོད། དེ་ག་ནས་གནམ་གཤིས་ཅི་འདྲ་རེད། ང་ཡོད་སའི་གནམ་གཤིས་ནི་འཁྱག་རྒྱུ་མི་འདུག ང་ལྷ་ས་ནས་ཆབ་མདོ་རུ་ཐོན་ཡོད། ཟླ་བ་རྗེས་མའི་ནང་པེ་ཅིན་ལ་འགྲོ་དགོས་བསམ་གྱིན་ཡོད། རྒྱ་ནག་གི་ཕྱུག་བདག་ཆེན་མོ་མ་ཡོན་གྱིས“སྐྱེས་པ་ཕོ་ཞིག་ཡིན་ན་རྒྱལ་ཁབ་འགྲིམ་དགོས” ཟེར་བ་ལྟར། ང་རང་ལོ་ན་ཆུང་ཚེ་འཁྱམ་ཉུལ་ལ་འགྲོ་ཐུབ་དགོས་འདོད་ཀི་ཡོད། སྔོན་ཆད་ང་རང་རྒྱ་ནག་གྲོང་ཁྱེར་ཆེན་པོ་མང་པོ་ཞིག་ལ་འགྲོ་མྱོང་། བོད་ནང་ཁུལ་ན་འཁྱམ་ཉུལ་ལ་འགྲོ་མཁན་ཉུང་ཉུང་རེད། དཔེར་ན། འབྲོག་སྐྱ་བོ་དང་ཨ་སོག་ལྟ་བུའི་ངོ་ཤེས་འགའ་རེ་ཡོད་མོད། ང་ཁོང་གཉིས་ལྟར་རྐང་ཐང་དུ་འགྲོ་ན་མི་འདོད། རྐང་ཐང་དུ་འགྲོ་བ་ནི་ངའི་སེམས་ནས་འཚོ་བ་ལ་མགོ་སྒུར་བ་དང་དུས་ཚོད་སྟོང་ཟད་བྱས་པ་རེད་འདོད་ཀྱིན་ཡོད། འོན་ཏེ་འབྲོག་སྐྱ་བོས་འཁྱམ་ཉུལ་ཟིན་ཐོའི་ལེའུ་སྔོན་མ་དག་ངོ་མ་ཡག་པོ་ཞིག་རེད། རྗེས་སུ་ཡང་ཇེ་བཙོག་ཡིན་པ་འདྲ། འོན་ཀྱང་། ངས་ཉིན་མ་རེ་རེ་བཞིན་འབྲོག་སྐྱ་བོས་འཁྱམ་ཉུལ་ཟིན་ཐོ་དག་ཁ་པར་ལམ་ནས་ཉོས་པ་ཡིན།

    དེའི་མི་ཚད་དེ། ངའི་སྒེར་ལམ་ན་མི་གྲངས 8969 ཡོད་མོད། དཔེ་ཀློག་དང་རྩོམ་འབྲི་ལ་དགའ་བའི་དྲ་གྲོགས་འགའ་རེ་ལས་མི་འདུག དཔེར་ན། ཁྱེད་ཀྱི་ངོ་ཤེས་ནི། ཆབ་རོམ། དམར་བོ། དགའ་རལ་གྲི།  འབར། ཁྲི་བོད་ཁྲག བོད་ཁྲབ་རྨོག  ལྡོང་ཕོ་ཉ། སྒེའུ་ཁུང་། ལྕེའུ། སེར་སྐོར་འཇམ་ཚེ། ཚོར་རྐང་། དགའ་རི་སྤྱང་། ཁ་བ་རང་གྲོལ། ལྕོངས་བོད་དུངས། འབྲོག་ལྗང་ལ་སོགས་མགོ་ལོག་གི་གྲོགས་་པོ་དེ་དག་དང་། གཞན་ངའི་ངོ་ཤེས་ཧ་ལས་པ་མིན་རུང་། ཡང་དཔེ་ཀློག་དང་རྩོམ་འབྲི་ལ་དགའ་མཁན་འགའ་ཞིག་སྟེ། དཔེར་ན། གངས་ཟེགས། དགྲ་ཟོར། གཤོག་འོད། རྩམ་སྲས། གཡེ་རུས་རྐང་། འཛི་རྡེའུ་དཀར་ལ་སོགས་པའི་གྲོགས་པོ་འགའ་རེ་ཡོད། ད་དུང་དགེ་རྒན་མར་ཁུ་རྒྱལ་མཚན་དང་། སེལ་ཤུལ་རབ་གསལ། དཔལ་མོ། འཆི་མེད། ལྷ་བྱམས་རྒྱལ། བདུད་ལྷ་རྒྱལ་ལ་སོགས་ད་དུང་འདི་རུ་མིང་བྲིས་མེད་པ་མང་པོ་ཞིག་ཡོད། འདི་རུ་བྲིས་པ་དག་ནི་དཔེ་མཚོན་ཙམ་ཡིན་ལ་སྒེར་ལམ་གྱི་དཔེ་ཆ་བ་ཚང་མ་འབྲི་དགོས་ན་ཉོག་འགྲོ་བ་འདྲ། དེ་བས་དེ་ཙམ་བྱེད། ངས་ནམ་རྒྱུན་ཁོང་ཚོའི་སྐད་འཕྲིན་རྒྱབ་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་བའི་སྙན་ངག་དག་བཀླགས་པ་ཡིན། དེ་ནི་ང་རང་ཁོ་པ་ཚོ་དང་ཉེ་བར་བཅར་སྟངས་ཤིག་ཡིན། 

   ངས་ད་བར་ཤིན་ཏུ་མ་ཁོམ་ན་མ་རྟོགས་ཉི་མ་རེ་རེར་ཉིན་ཐོ་རེ་དང་ལྷུག་རྩོམ་རེ། གཞས་ཚིག་རེ་དང་སྙན་ངག་ཡིན་མིན་མི་ཤེས་མོད། ཐ་སྙད་ཀྱི་ལྦུ་བ་འཕྱུར་དུ་འཇུག་བཞིན་ཡོད། ཡིན་ནའང་། ང་ལ་ཡར་ཐོན་ཞེས་པ་ཞིག་ལར་ནས་མི་འདུག རང་གི་ཡིད་ཚིམས་པ་གཅིག་ཀྱང་མ་ཕྲིས། དེ་བས།  ང་སྐབས་རེ་རེར་རང་ཉིད་ཀྱི་སྟེང་ལ་སྙིང་ལངས་ཤིང་ཁོ་ཆད་ཀི་འདུག གྲོགས་པོ་ཕྲེང་བ་ཁྱེད་ཀྱིས་ང་ལ་ཕུགས་བསམ་དང་རྨི་ལམ་བཤད་པ་ནི་ངོ་མ་བཀའ་དྲིན་ཆེ། ཟླ་སྔོན་མར་ཁྱེད་ཀྱིས་ང་ལ་ཁྱེད་ཀྱི་ལྷུག་རྩོམ་མང་པོ་ཞིག་བསྐུར་བ་དང་མི་གཞན་ལ་མ་སྟོན་ཞེས་ཡང་ཡང་བཤད་པས་ད་ངའི་དེའི་སྐོར་ནས་མང་པོ་བཤད་ན་ཁྱེད་ལ་དོགས་བདེ་ས་མ་རེད། དེ་བས་མི་བཤད། ད་ལོའི་དགུན་ཁ་ང་ཡུལ་ལ་ལོག་ཐུབ་ན་ལོག་ཡོང་། དེ་དུས་འུ་གཉིས་མཉམ་དུ་ཉིན་འགའ་ལ་ལྷོད་ལྷོད་བྱས་ནས་འདུག ཁ་བརྡ་མང་པོ་ཞིག་བཤད། ང་ཁྱེད་ལ་བཤད་རྒྱུ་མང་པོ་མང་པོ་ཞིག་ཡོད། ཤིན་ཏུ་མང་པོ་ཞིག་ཡོད། དེང་སང་གི་སྤྱི་ཚོགས་འདིའི་ནང་དུ་སེམས་ལག་ཏུ་བཞག་མཁན་ཧ་ཅང་ཉུང་ཉུང་རེད།

    གྲོགས་པོ་ཕྲེང་བ། མི་ལ་ལས་རྩོམ་ཡིག་འབྲི་རྒྱུ་དེ་ནི་སྡུག་སྣང་ཆེ་བའི་ལས་ཀ་ཞིག་རེད་ཅེས་བརྗོད། ཁྱེད་ལ་ལྟ་ཚུལ་ག་འདྲ་འདུག ངས་ནི་རྩོམ་ཡིག་འབྲི་རྒྱུ་དེ་སྐྱིད་སྣང་ཆེ་བའི་ལས་ཀ་ཞིག་རེད་འདོད། འོན་ཏེ་རྩོམ་ཡིག་འབྲི་སྐབས་སུ་དཀའ་ངལ་མང་པོ་འཕྲད་མྱོང་མོད། དཀའ་ངལ་དེ་དག་བརྒལ་དགོས་པ་ནི་གོ་རིམ་ཞིག་ཡིན་པ་འདྲ། དེ་མིན་ན་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཞིག་གཏན་ནས་འོང་མི་ཐུབ་ཅིང་། དཀའ་ངལ་མེད་ན་མི་ཚང་མས་ཕུལ་དུ་བྱུང་བའི་བརྩམས་ཆོས་རྩོམ་ཐུབ་པ་རེད་འདོད། ཡིན་ནའང་། རྩོམ་པ་པོ་ཕུལ་བྱུང་ཞིག་འཁྱུངས་དགོས་ན་དཀའ་ངལ་དང་སྡུག་སྣང་མང་པོ་མྱོང་སྟེ། མཐར་སྡུག་སྣང་དེ་བརྩམས་ཆོས་ལེགས་པོ་ཞིག་ལ་བརྗེས་པ་ཡིན་རྒྱུ་རེད། མ་ཟད་བརྩམས་ཆོས་ཕུལ་བྱུང་ཞིག་འཁྱོངས་རྗེས་ཀྱི་དགའ་སྤྲོ་དེ་དང་བསྡུར་ན། དཀའ་ངལ་དེ་དག་ནི་གླེང་རིན་ཡོད་པ་ཞིག་མ་རེད། དེའི་ཕྱིར་ན། ངས་རྩོམ་འབྲིའི་ལས་ཀ་དེ་ནི་སྐྱིད་སྣང་ཆེ་བའི་ལས་ཀ་ཞིག་ཡིན་ཞེས་བརྗོད་ན་འདོད། ངས་དེ་ལྟར་འདོད། འགྲིག་མིན་མི་ཤེས་མོད། ངོ་མ་ང་ལ་ཚོར་བ་དེ་འདྲ་ཞིག་བྱུང་མྱོང་།

    ཕྲེང་བ། ངས་བསམ་པར་རང་ཉིད་སློབ་མཐར་ཕྱིན་པ་ནས་རྒུད་པ་ནས་རྒུད་པའི་ལམ་དུ་ཞུགས་པ་འདྲ། ཡང་ན་རང་ཉིད་གཅིག་པུ་མིན་པར་ན་གཞོན་ཕལ་ཆེ་བ་དེ་འདྲ་ཡིན་ཡང་སྲིད་སྙམ། ངས་དཔེ་ཀློག་བསྐྱུར་ཟིན་པ་མ་ཟད་སྙན་ངག་འབྲི་མཚམས་ཀྱང་ཆད་ནས་ཡུན་རིང་འགོར་བ་ཤེས་པས་སེམས་ལ་དངངས་འཚབ་ཅིག་སྐྱེས་བྱུང་། ལོ་འདི་དག་གི་རིང་ལ་དོན་དུ་ཅི་ཞིག་འགྲུབ་སོང་ཟེར་ན་སྟོན་རྒྱུ་མེད་མོད་ཉིན་གཅིག་ལའང་ལུས་སེམས་བདེ་ལ་བབས་མ་མྱོང་བ་འདྲ། འདི་ནི་འཁོར་བའི་སྡུག་བསྔལ་ཡིན་ནམ་ན་གཞོན་ཞིག་ལ་ཡོད་དགོས་པའི་སེམས་ཚེགས་ཡིན། 

    གཟའ་འཁོར་སྔོན་མའི་ནང་དུ།  ཁྱོད་ཀྱིས་བྲིས་པས “ ཁྱོའི་འདྲ་པར་གསར་བ་ཞིག་མཐོང་རྗེས།” དང “དམ་སྒྲོན” ཡང་ན “ཨ་ཕའི་བུ་མོ་བསམ་གཏན་མཚོ་སོགས་་ཁྱོའི་རྩོམ་མང་པོ་ཞིག་ང་ལ་བསྐུར་བྱུང་། ངས་དེ་དག་རེ་རེ་བཞིན་བཀླགས་པ་ཡིན། ད་དུང་ཁྱོས་ང་ལ་ཁྱོད་ཀྱི་འཚོ་བ་དང་བརྩེ་དུང་གི་སྐོར་ནས་ཀྱང་སྐད་ཆ་མང་པོ་ཞིག་ལབ་པ་སེམས་གཏིང་ནས་ཁྱེད་ལ་བཀའ་དྲིན་ཞུ། གཞན་པས་བཤད་ན“བརྩེ་དུང་ཞེས་པ་ནི་ཆ་རྐྱེན་ཡོད་མེད་དང་གོ་ས་འཛོམས་མིན་ལ་མ་ལྟོས་པར། དེ་ནི་ཕོ་མོ་ཕན་ཚུན་སྙིང་ཉེ་མིན་དང་ཤ་ཚ་མིན་གྱིས་དབྱེ་དགོས།” ཟེར། ང་དེའི་སྐོར་ཁྱེད་ལ་མང་པོ་ལབ་རྒྱུ་ཡོད་མོད།  འཕྲིན་ཡིག་ནང་དུ་བྲིས་པ་ཡིན་ན་ཉོག་འགྲོ་ཤས་ཆེ། དེ་བས་ངས་འདིར་དེའི་སྐོར་མི་གླེང་། བརྩེ་དུང་ཟེར་བ་དེ་ནི་བཤད་མི་ཤེས་གེ་སར་གྱི་སྒྲུང་འདྲ་འདྲ་དང་བཤིག་མི་ཤེས་གོས་སྐུད་ཀྱི་དཀྲིས་འདྲ་འདྲ་ཞིག་རེད། ངས་བཤད་པ་དག་འགྲིག་མིན་ར་ང་རང་གིས་ཀྱང་མི་ཤེས། འོན་ཏེ་ངས་ཤེས་པ་ནི་ཁྱོད་རང་མི་བརྩེ་དུང་ཅན་ཞིག་དང་ཕྱི་ཐག་ཅན་ཞིག་རེད། ཡིན་ནའང་། ཁོ་མོ་དེ་ལྟ་བུ་ཞིག་ཡིན་མིན་ངས་མི་ཤེས། རྒྱ་ནག་གི་བརྩམས་སྒྲུང་ཞིག་གི་ནང་དུ། “སེམས་སུ་མི་ཚེ་འདི་ལ་བརྩེ་བ་དོར་ཐབས་མེད་པ་དང་བློ་ཕུགས་གཏན་དུ་བཅོལ་རུང་བ་ནི་ཕ་མ་སྤུན་མཆེད་ལས་མི་འདུག” ཞེས་བྲིས་འདུག  ངོ་མ་དེ་ལྟར་བུ་ཞིག་ཡིན་ནམ།  ཧ་ལམ་ཡིན་ཤས་ཆེ། ངོ་མ་ཡིན་གོ ཕ་མ་དང་སྤུན་མཆེད་ལ་འགལ་སོང་བ་ཅིག་མི་འདུག་མོད། དེང་སང་གི་དུས་འདིར་གྲོགས་པོ་ཡིན་ན་ཆོག་དགའ་རོགས་ཡིན་ན་ཆོག་འགལ་འགྲོ་བ་ནི་རྒྱུ་རྐྱེན་ཆུང་ཆུང་ཞིག་ལས་མི་དགོས་པར་འགལ་འགྲོ་ཡི་འདུག

    ཕྲེང་བ། ངས་ད་དུང་བཤད་རྒྱུ་ཞིག་བརྗེད་སོང་། ངས་བརྩམས་སྒྲུང“ལྐོག་ཏུ་ངུ་བའི་བརྩེ་དུང་”བྲིས་ནས་ཚར་ཡོད་ལ། མཐའ་ན་མགོ་བརྗོད་དང་མཇུག་བྱང་གཉིས་ཀྱང་བྲིས་ནས་ཚར་ཡོད། ད་ནས་བཟུང་ངས་ཤུ་རེམ་བྱས་ནས་གླིང་ནག་ཚང་གི་རུས་མཛོད་འབྲི་རྒྱུ་ཡིན། ལོ་འགའ་ཤས་རེ་དགོས་ས་རེད། ངས་རང་ཉིད་ཀྱི་བརྩམས་ཆོས་ལ་ཡང་དང་བསྐྱར་དུ་བཟོ་བཅོས་ཡང་ཡང་རྒྱག་དགོས་པ་བྱུང་། དེ་ནི་ང་རྩོམ་རིག་ལ་དབང་འབྱོར་མེད་པས་ཡིན་སྲིད་ལ། བརྩམས་ཆོས་ལེགས་པོ་ཞིག་འཁྱུངས་དགོས་ན། དག་བཅོས་དང་ཁ་སྣོན་པ་དང་ལེན་པ་ཡང་ན་དཀའ་ལས་མང་པོ་ཞིག་བྱེད་དགོས་པ་ནི་ངས་མ་བཤད་ན་ཁྱེད་ཀྱིས་ཤེས་པ་རེད། དེ་བཞིན་དུ།  ངས་སྒྲུང་གཏམ་མང་པོ་ཞིག་ཀློག་གིན་ཡོད།  དེ་རིང་ངས་མའོ་པའོ་སིང་གི《ཤ་ཚིལ་ལོག་ལོག་མ》ཞེས་པའི་སྒྲུང་ཐུང་དེ་བཀླགས་པ་ཡིན། ངས་ཡོད་ཚད་དཔེ་ཀློག་ཁོ་ནར་བསྟིམས་ན་འདོད་མོད། དཔེ་ཀློག་ཁོ་ན་བྱེད་ཤེས་པ་མི་ཆོག་གི ད་ལྟ་ནི་སྒོར་མོ་དཀོན་མཆོག་ཏུ་བཀུར་བའི་དུས་རབས་ཡིན་པས་སྒོར་མོ་བཙལ་དགོས་པའི་དཔེ་ཀློག་ཁོ་ནར་འབད་པ་བྱེད་ཁོམ་མི་འདུག་ལ  དཔེ་ཀློག་ཁོ་ནས་ཅི་ཡང་མི་ནུས་པ་ལྟ་བུ་ཞིག་རེད། 

   རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཅེ་ཡིས་འདི་འདྲ་ཞིག་གསུངས་ཡོད། “ང་རང་ཆེས་སྐྲག་ས་ནི་ཡི་གེ་གད་སྙིགས་རེད”ཟེར་བ་བཞིན། ང་ནི་རྩོམ་རིག་གི་མེ་ཁ་གསོ་མཁན་གྱི་གྲས་ན་ཡོད་མི་སྲིད་ལ། ཡི་གེའི་གད་སྙིགས་སྤོང་མཁན་གྱི་གྲས་ན་ཡོད་ཤས་ཆེ་མོད། ཡིན་ནའང་། ངས་མུ་མཐུད་དུ་དཔེ་ཀློག་བྱེད་ཞོར་དུ་རྩོམ་ཡིག་འབྲི་རྒྱུ་ཡིན། མ་ཟད་ད་སྐབས་ངའི་ཀླད་པའི་ནང་དུ་དཔེ་ཆ་ཕུད་རྒྱུ་ཁོ་ན་ལས་གཞན་ཅི་ཡང་དྲན་རྒྱུ་མི་འདུག་ལ། དེ་བཞིན་དུ་ངའི་གྲོགས་པོ་ཚོའི་ནང་ན་སྒོར་མོ་འཚོལ་མཁན་ཧ་ཅང་མང་པོ་འདུག་ལ། དེ་ནི་རྒྱུ་ནོར་སྟེང་གི་ཕྱུག་པོའི་མིང་ཙམ་འཛིན་པ་རེད་སེམས། དཔེ་ཆ་ཀློག་མཁན་འགའ་ཞིག་ལས་མེད་མོད། ཁོ་པ་ཚོ་ནི་བསམ་བློའི་སྟེང་གི་ཕྱུག་པོ་ངོ་མ་དེ་རེད་འདོད། 

    དཔེ་ཆ་བཀླག་རྒྱུ་ནི་ཁྱོད་ཀྱི་བྱ་བ་ཡིན་ཞེས་པ་ལས། “ཡོན་ཏན་ནི་ཚེ་གང་ལ་ཁྱེར་ཐུབ་པའི་རྒྱུ་ནོར་འབའ་ཞིག་ཡིན་ཞིང་། དཔེ་ཀློག་ནི་ལས་དབང་བསྒྱུར་བའི་ཐབས་དམ་པ་ཡིན།”གསུང་པ་ནང་བཞིན་དུ། སོས་ལན་གྱི་རྩོམ་པ་པོ་ཀོ་ཁེ་ཡིས། “དཔེ་ཆ་ནི་མིའི་རིགས་ཡར་རྒྱས་འགྲོ་བའི་ཐེམ་སྐས་ཡིན།”གསུང་ལ། དེ་བཞིན་དུ། ཨ་རིའི་གསར་གཏོད་ཀྱི་རྒྱལ་པོ་ཨེ་ཏིས་སན་གྱིས། “སྐྱེས་བུ་དམ་པ་ཚོས་མིའི་རིགས་ལ་ཤུལ་དུ་བཞག་པའི་ཆེས་རྩ་ཆེ་བའི་དངོས་པོ་ནི་དཔེ་ཆ་ཡིན་ལ། མི་རབས་ནས་མི་རབས་ལ་ཕུལ་བའི་ལག་སྐྱེས་ཀྱི་མཆོག་ཀྱང་དཔེ་ཆ་ཡིན།”གསུང་པ་དང་ཡང་ན། འཇར་མན་གྱི་ཚན་རིག་པ་ཀེ་ཐི་ཡིས།“དཔེ་དེབ་ལེགས་པོ་ཞིག་ཀློག་པ་ནི་སྐྱེས་ཆེན་ཚོར་བཀའ་མོལ་ཞུས་པ་དང་འདྲ།” གསུང་པ་རེད། ཡང་ན་སྙན་ངག་པ་གྲགས་ཅན་ཏོས་ཧྥོས་ཀྱིས“དཔེ་ཆ་སྟོང་ཕྲག་བཀླགས་ན། སྨྱུག་རྩེ་ལྷ་ཡིས་བསྒྱུར་སྲིད།”གསུང་པ་ནི་ཅི་འདྲའི་ལེགས་བཤད་རྨད་དུ་བྱུང་བ་ཏག་ཏག་རེད་ཨང་། 

   དཔེར་ན། ཨ་རིའི་སྒྲུང་གཏམ་པ་གྲགས་ཅན་ཧའེ་མིང་ཝེའི་ལེགས་བཤད་ཅིག་ཡིད་ལ་དམ་པོར་བཟུང་ཡོད་དེ།“རྩོམ་པ་པོའི་མ་རྩོམ་ཐོག་མ་ནི་ཁྱི་སྐྱག་ཡིན”ཞེས་པ་དེའོ།། དཔེ་དེ་བཞིན་ངས་ཀྱང་བྲིས་བྲིས་ཤིང་བཅོས་བཅོས་མཐར་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་དཀའ་ཁག་གཙོ་བོ་ཁ་ཤས་ཀྱང་ཐག་གིས་གཅོད་ཐུབ་པ་བྱུང་སོང་ཞེས་བརྗོད་ཆོག ད་དེ་ཙམ་བྱེད། 

  ད་དུང་སྐད་ཆ་ཞིག་བཤད་རྒྱུ་་བརྗེད་སོང་། དམར་བོས་ཁྱོད་ལ“ཁྱོད་ནི་དབྱར་ཀ་རེ་རེ་ཐམ་གི་ལོ་གཅིག་གི་སྐྱིད་ཐོག་འདྲ་བོ་སྡུག་གི་ནང་ལ་ལྷུང་འགྱོ་འི། དེ་ཡང་ལས་དབང་ཟིག་ཡིན་ནི་ཨེ་ཡིན་ན”སྐད་དེ་དངོས་གནས་རེད། ཁྱོད་རང་ནམ་ནམ་དབྱར་ཚེས་པ་ན་སྡུག་ཞིག་གི་ནང་ན་ཡོད་དཔེ། ད་ནས་ཅུང་ཙམ་དྭངས་དྭངས་འདྲ་ཆས། ད་དེ་ཡིན་གོ  རྗེས་སུ་སླར་ཡང་མཇལ། མཐར་ཁྱེད་ཀྱིས་དཔེ་ཀློག་མང་པོ་བྱེད་ཐུབ་པ་དང་སློབ་སྦྱོང་ལ་ཡར་ཐོན་ཆེན་པོ་འབྱུང་ཞིང་། ཁྱེད་ཀྱི་རྩོམ་འབྲིའི་དགའ་ཕྱོགས་ལ་བར་ཆད་མེད་པའི་སྨོན་ལམ་ཞུ་བ་ཡིན་ནོ།།

   2021-9-4 ཉིན་ཆབ་མདོ་ནས་བྲིས། 

   གྲོགས་པོ། ཐོག་མར་ངས་ཁྱེད་ལ་འཚམས་འདྲི་ཞུ། དེ་ནས་ངས་ཁྱེད་ལ་སྐད་ཆ་དྲང་མོ་འགའ་ལབ་པར་བྱ། དྲང་མོར་བཤད་ན། ངས་རྩོམ་ཡིག་ཅེས་པ་འབྲི་མི་ཤེས། འོན་ཀྱང་དགའ་སྐྱོ་ཆགས་སྡང་དག་ཡིག་ཐོག་ཏུ་ཕབ་རྒྱུ་ནི་སྔ་མོ་ནས་ངའི་དགའ་ཕྱོགས་ཤིག་ཏུ་གྱུར་ཟིན། དེ་བས་ངས་གྲོགས་པོ་དག་ལ་ནམ་ནམ་ཁོམ་ལོང་གི་བར་ནས་འཕྲིན་ཡིག་རེ་འབྲི་ཁུལ་བྱས་པ་ཡིན། ཟླ་སྔོན་མའི་ནང་དུ་ཁྱེད་ཀྱིས་ང་ལ་འཕྲིན་ལན་ཞིག་བྲིས་འདུག་པ་དེར་ངས་ཞིབ་ལྟ་ཐེངས་མང་བྱས་ཟིན། དངོས་གནས་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ང་ལ་འཕྲིན་ལན་དེ་བྲིས་རྗེས། ཉི་མ་ཁ་ཤས་ནང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་འདུག ང་ལ་ད་བར་དུ་འཕྲིན་ལན་འབྲི་མཁན་མང་པོ་ཞིག་ཡོད་མྱོང་མོད། འོན་ཀྱང་ཁྱོད་ཀྱིས་བྲིས་པ་དེ་འདྲ་ཞིག་འབྲི་མཁན་བྱུང་མ་མྱོང་། དེ་བས་ང་རང་ཁྱེད་ཀྱི་འཕྲིན་ལན་དེ་ལ་ཧ་ཅང་དགའ་བོ་བྱུང་སོང་། ངས་ད་བར་དུ་དགའ་བདེ་རུ་ཁྱེད་ལྟ་བུའི་ན་གཞོན་རེ་བ་ཅན་ཞིག་ཆེར་མ་མཐོང་བས། ལྷག་ཏུ་དགའ་བོ་བྱུང་ཡོད། 

   ངས་ནམ་ནམ་དཔེ་ཀློག་གི་སྐོར་ནས་མང་པོ་ཞིག་བྲིས་པ་ཡིན་མོད། རྩོམ་དེ་དག་ཀློག་མཁན་ཉུང་ཤས་ལས་མང་ཤས་མ་རེད། དེ་ཁག་ཡོད་ས་མ་རེད། དགའ་བདེའི་དགེ་རྒན་དག་གིས་ཀྱང་རྩོམ་འབྲི་རྒྱུ་ཕར་ཞོག ཐ་ན་སློབ་ཁྲིད་ཀྱི་སྐབས་སུ་ཡང་རྩོམ་རིག་གི་སྐོར་ནས་བཤད་ནོར་བྱེད་འདུག་མཁན་མང་པོ་ཞིག་མཐོང་མྱོང་། ངས་འདི་ལྟར་བཤད་ན་འགྲིག་མིན་མི་ཤེས་མོད། སྐད་ཆ་དྲང་མོར་ལབ་པ་ཡིན། དགའ་བདེ་ན་རིན་ཐང་དང་ལྡན་པའི་རྩོམ་པ་བོ་གཅིག་ཀྱང་མེད་པ་འདྲ། ངས་གཅིག་ཟེར་བ་དེ་ནི་ཁྱབ་ཆེ་ས་དང་རྒྱུན་ཐག་རིང་ས་ཞིག་ནས་ཟེར་བ་མིན། ཐ་ན་ཉིན་ཐོ་ཡག་པོ་ཞིག་འབྲི་ལུགས་ཁྲིད་མཁན་ནི་མི་འདུག་པ་དེ་དགའ་བདེའི་དགེ་རྒན་དག་གི་ནད་ཚབ་ཆེན་ཞིག་རེད། དགེ་རྒན་གྱིས་རྩོམ་མ་བྲིས་ན་སློབ་མས་སྨོས་མ་དགོས། ངས་སྔོན་མར་གྲོགས་འབར་ལ་བྲིས་པའི་འཕྲིན་ཡིག་ཅིག་གི་ནང་དུ་ཡང་དགའ་བདེའི་སྐོར་ནས་མང་ཙམ་བྲིས་ཡོད་མོད། ཕྱི་ལ་མ་སྤེལ་ཟེར་མཁན་ཡང་མང་དུ་བྱུང་བས་ངས་རེ་ཞིག་རང་སོར་བཞག ངས་དོན་མེད་དུ་རང་མི་རང་གིས་ངན་སྨད་བྱས་པ་མིན་མོད། དོན་ངོ་མར་ཕ་ཡུལ་འདིར་དཔེ་ཀློག་ལ་དགའ་མཁན་ཉུང་བ་ནི་ངས་སྔ་མོ་ནས་ཤེས་ཡོད། ངས་དགའ་བདེ་ནས་དཔེ་ཁང་ཕྱེ་སྐབས་དཔེ་ཆ་ཉོ་མཁན་ཞིག་ཡོད་མ་མྱོང་། མཐར་ངས་ས་གཞན་ལ་ཁྱེར་བ་དང་སྦྲག་སྲིད་ལས་བསྐུར་རྒྱུ་མ་གཏོགས་ཕ་ཡུལ་འདིར་དཔེ་ཆ་ཉོ་མཁན་ཞིག་མེད་པ་ནི་ང་རང་གིས་དངོས་སུ་མྱོང་རེག་བྱས་ཚར། དཔེར་ན། ཁྱབ་ཆུང་ས་ནས་བཤད་ན་ཡང་དྲྭ་ལམ་དག་ཏུ་ནམ་ནམ་དྲྭ་རྩོམ་འབྲི་མཁན་དག་ནི་མང་ཕྱོགས་སོག་རྫོང་དང་རྨ་ལྷོ། ཡུལ་ཤུལ་དང་དཀར་མཛེས་ནས་ཡིན་ཟེར་བ་མ་གཏོགས་དགའ་བདེ་ནས་ཡིན་ཟེར་བ་ཞིག་མཐོང་ཐོས་ཅུང་ཙམ་དཀོན། དེ་ཅི་ཁག དགེ་རྒན་དག་གཉིད་འདུག་ཡོད་པས་ལན་པ་དང་། སློབ་མ་དག་དེ་བས་ཀྱང་ཤི་འདུག་ཡོད་པ་ངས་མ་བཤད་ཀྱང་ཁྱོད་ཀྱིས་ཤེས་གསལ་ལྟར་རེད། 

    དཔེར་ན། རྨ་ལྷོ་སོག་རྫོང་ལྟ་བུར་མཚོན་ནས་བཤད་ན། བོད་ཀྱི་རྩོམ་པ་པོ་ལྗང་བུ་དང་ཚེ་རིང་དོན་འགྲུབ་ལ་སོགས་པའི་རྩོམ་པ་བོ་མང་དུ་ཡོད། རྫོང་དེ་གའི་ལོ་རེ་རེར་རྩོམ་རིག་དང་འབྲེལ་བའི་ཚོགས་འདུ་འཚོགས་པ་དང་ཕྱོགས་ཡོངས་ནས་དགེ་རྒན་གྲགས་ཅན་གང་མང་ཞིག་གདན་དྲངས་ཏེ་སློབ་གསོའི་སྐོར་ནས་ལམ་སྟོན་བྱེད་བཞིན་འདུག ལྷག་ཏུ་རྫོང་སློབ་གསོ་ཅུས་དང་དགེ་རྒན་དག་གིས་རང་རང་གིས་གཡག་ལུས་ཀྱི་ཁྱག་ཚད་དང་ཐག་པ་ཡི་དོམ་ཚད་ཀྱིས་ན་གཞོན་དག་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱིན་འདུག འུ་ཚོའི་ཕ་ཡུལ་གྱི་དགའ་བདེའི་དགེ་རྒན་དག་ལ་ཆ་མཚོན་ན། དགུན་གནང་དང་དབྱར་གནང་གི་སྐབས་ཀྱི་གོ་སྐབས་དེར་ཟླ་ཕོག་དག་ཁྱེར་ནས་ཟི་ལིང་ལ་སོགས་པའི་གྲོང་ཁྱེར་དུ་ལོག་སྟེ་སྐྱིད་པོ་གཏོང་བ་ཡིན། ད་དུང་དགའ་བདེ་རུ་ས་འཁྱག་རབས་དང་ཟི་ལིང་དགའ་བདེ་དང་བསྡུར་ན་ཅུང་དྲོ་རབས་མ་གཏོགས་གཞན་ཁོ་ཚོས་ཅི་ཡང་ལབ་མི་འདུག་ཨང་། གཞེས་ནིང་དང་ན་ནིང་གི་བར་དུ་དགའ་བདེ་ནས་ངས་ཀྱང་རང་ལུས་ཀྱི་ཁྱག་ཚད་དང་ཐག་པ་ཡིས་དོམ་ཚད་ཀྱིས་རིན་མེད་དུ་ཟབ་སྦྱོང་མང་པོ་ཞིག་བསྒྲུབས་པ་ཡིན་མོད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གང་ན་ཡོད་དེ། འཕྱ་སྨོད་དང་ཟུར་ཟ་བྱེད་མཁན་ཡང་མང་དུ་བྱུང་།    མྱི་ལྡང་གིས་ལས་ཁུངས་ཤིག་གི་ནང་དུ་མགོ་འཇུག་མ་ཐུབ་པས་ད་ནི་འདུག་ཚོད་མ་ཡོད་པ་རེད་ཅེས་ཟེར་མཁན་ཡང་སྐོར་ཞིག་བྱུང་བས། སྐད་ཆ་འདི་དག་གིས་ང་རང་གཞི་ནས་ཉལ་སར་འཕངས་སོང་། དྲང་མོ་དྲང་རྐྱང་ཡིན། དེ་ལྟར་བཤད་ན་ཁྱོད་རང་ང་ལ་ཡིད་ཆེས་སམ། 

   དེ་ལྟར་ལོ་འདི་གར་ངས་མི་ཁ་དང་འཕྱ་སྨོད་ལ་ཅི་མི་སྙམ་པའི་ངང་ནས་གང་བཤད་འདོད་པ་དང་གང་འབྲི་འདོད་པ་ཐམས་ཅད་སྲོང་པོར་སྨྲས་ཤིང་བྲིས་པས། ལྟ་ལོག་དང་བསྟན་བཤིག་གི་ཉེས་མིང་སྣ་ཚོགས་ཀྱང་ཁུར་དགོས་ཐུག་མྱོང་ཡོད་པས། ཡོད་ཚད་མིང་དང་ཐོབ་ཀྱིས་ཐག་གཅོད་པར་དགའ་བའི་མི་ཚོགས་རེ་ཟུང་དང་བར་ཐག་རིང་དུ་ཕྱིན། ཁྱེད་ཀྱང་དེ་ག་ནང་བཞིན་གཏམ་དྲང་པོར་སྨྲས་པའི་དཀའ་ངལ་ལ་ཏོག་ཙམ་འཕྲད་ཡོད་པར་བདག་གིས་ཚོད་དཔག་ཐུབ་ཀྱིན་འདུག འོན་ཏེ་ཡི་གེའི་སྒྱུ་འཕྲུལ་ལ་རྩེ་གཅིག་ཏུ་དད་པའི་ང་ཡི་གྲོགས་པོ་ལགས། ཡིད་མ་ཕམ། ད་དུང་མུ་མཐུད་དུ་ཕ་ཡུལ་གྱི་ན་གཞོན་དག་གི་རྣ་ལམ་དུ་རེ་བའི་ཅོང་སྒྲ་རྡུང་དགོས། མུ་མཐུད་དུ་གསོན་བཞིན་དུ་ཤི་འདུག་པའི་ན་གཞོན་ཁ་ཤས་ཤིག་གཉིད་ལས་སད་རན་ཡོད་པ་སྤོབས་པ་ཆེན་པོའི་སྒོ་ནས་བརྡ་རྒྱག་ཐུབ་དགོས།

    གྲོགས་པོ། ང་དང་ཕ་ཡུལ་གཅིག་པའི་གྲོགས་པོ། ང་དང་དགའ་ཕྱོགས་གཅིག་པའི་གྲོགས་པོ། འུ་གཉིས་ངོ་ཤེས་ནས་དུས་ཡུན་རིང་བོར་ལོན་མེད་ན་ཡང་། སེམས་ཀྱི་བར་ཐག་དེ་ཧ་ཅང་ཉེ་བས་ངས་ཁྱོད་ལ་ཐད་ཀར་དུ་རང་གི་བཤད་འདོད་པ་དག་ལབ་པ་ཡིན། འགྲིག་མིན་ངས་ཀྱང་གསལ་བོ་ཞིག་བཤད་མི་ཤེས་མོད། གང་ལྟར་སེམས་གཏིང་གི་སྐད་ཆ་ཏག་ཏག་ཡིན། མི་ཞིག་ཡིན་ན། ཆེས་གལ་ཆེ་བ་ནི་ཚུལ་འཆོས་ཀྱི་འཆིང་ཐག་ལས་གྲོལ་རྒྱུ་དེ་རེད་འདོད། ཁྱོད་རང་གྲྭ་ལོག་ཅིག་ཡིན་པས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ལ་དགའ་ཞེན་ཡོད་པར་ང་ལ་ཡིད་ཆེས་ཡོད། དེང་སྐབས། གྲྭ་ལོག་རེ་འགས་རྒྱུ་མཚན་ལོག་པར་མཐོང་ནས་སྟོན་པ་དང་བསྟན་པ་ལ་ཁ་གཏོང་བ་དང་ཡང་ན་མི་རིགས་རང་མཚན་པར་ཁ་གཡར་ཏེ་བསྟན་པ་ལ་ངོ་ལོག་བྱེད་མཁན་ཡང་ཤིན་ཏུ་མང་པོ་ཞིག་འདུག ཁྱོད་ཀྱིས་དེ་ལྟར་མི་བྱེད་པར་ང་ལ་ཡིད་ཆེས་དམ་དུ་ཡོད། ཁྱེད་ཀྱིས་གཡམ་རྒྱུག་གི་ལས་ལ་ཞེ་དྲགས་གཟབ་གཟབ་བྱོས། རང་མི་རིགས་ལ་སྲི་ཞུ་མ་ཐུབ་ཀྱང་ཞབས་འདྲེན་བྱེད་མི་རུང་ལ། ནང་མི་ཚོའི་ཡིད་ཆེས་གསེར་གྱི་སྐུད་པ་དེ་གཏན་ནས་གཅོད་དུ་འཇུག་མི་རུང་། དེའི་མི་ཚད་རང་ཉིད་ཀྱིས་མི་རིགས་དང་ཆོས་ལུགས་ལ་ངོ་ལོག་མི་ཉན། དེ་དག་ལ་ངོ་ལོག་པ་ནི་དོན་དུ་རང་ཉིད་ལ་ངོ་ལོག་པ་དང་གཅིག་མཚུངས་ཡིན། 

    ཁྱོད་ཀྱིས་ད་སྐབས་བོད་ཡིག་བོད་སྐད་ཀྱི་ལམ་ནས་བཤད་འདོད་པ་དེ་ཐད་ཀར་བཤད་ཐུབ་པ་ནི་དགེ་རྒན་དང་། ཕ་མ། དཔེ་ཆ་དག་གི་དྲིན་ཡིན་པ་ཤེས་དགོས་ལ། དུས་ནམ་ཡིན་རུང་ས་གང་དུ་སོང་ཡང་དཔེ་ཆ་དང་ཁ་བྲལ་མི་རུང་། ངས་ནམ་ཡིན་རུང་རང་གི་ནུས་ཚོད་ཀྱིས་གྲོགས་པོ་དག་ལ་དཔེ་ཆ་ཅིག་ཅིག་དང་དཔེ་ཆ་ཉིག་ཉིག་ཅེས་ལབ་པ་ཡིན། དེ་ནི་ངའི་ཆེས་བཤད་འདོད་པ་དེའང་ཡིན། དྲང་མོར་བཤད་ན། དཔེ་ཆ་དང་ཁ་བྲལ་བ་ནི་གནས་ལུགས་དང་ཁ་བྲལ་བ་རེད། མི་ཞིག་གནས་ལུགས་དང་ཁ་བྲལ་རྗེས་བྱ་ངན་སྤྱོད་ངན་གྱི་མགོ་རྩོམ་གྲབས་ཡིན་པས་དཔེ་ཆ་དང་གཏན་ནས་ཁ་བྲལ་མི་རུང་། སློབ་སྦྱོང་གི་བྱ་བ་འདི་གཙུག་ཏུ་བཀུར་བཞིན་རང་གི་མ་འོངས་པའི་ཆེད་དུ་བརྩོན་པ་ཆུ་ལ་འགྲན་པའི་སྙིང་སྟོབས་དང་ཡིད་ཆེས་དགོས། འདི་དག་ནི་ངས་དགེ་བཅུའི་ཁྲིམས་ལ་བསྟུན་ཏེ་སྨྲས་པ་མིན་ལ་དགེ་བཅུའི་ཁྲིམས་ནི་ང་ལྟ་བུ་ཞིག་གིས་ཀྱང་བཤད་ཤེས་ཚོད་མ་རེད་མོད། འདི་དག་ནི་ངས་རང་གི་གྲོགས་པོ་ཁྱེད་ལ་བཤད་འདོད་པའི་སྐད་ཆ་དྲང་མོ་ཞིག་གི་དབུ་ཁྱུད་ཙམ་ཡིན་ནོ༎

    གྲོགས་པོ། ང་ཉེ་ལམ་ཀྲེ་ཅང་ན་ཡོད།  ཉེ་ཆར་ངས་ཀྲེ་ཅང་ནས་མཚན་མོར་མ་གཏོགས་དཔེ་ཀློག་བྱེད་ཐུབ་ཀྱིན་མེད་ལ། འདི་རུ་ལས་ཀ་མང་བས་ཉིན་འགའ་ལ་དཔེ་ཀློག་ཆེན་པོ་མ་ཐུབ། གཟའ་འཁོར་རྗེས་མ་ནས་ལས་ཀ་དག་མཚམས་བཞག་སྟེ་སླར་ཡང་དཔེ་ཆ་ཀློག་དགོས་པའི་འཆར་གཞི་ཞིག་བཞག་ཡོད། ད་ངས་མུ་མཐུད་དུ་དགའ་བདེ་ན་དཔེ་ཆ་ལ་དགའ་མཁན་མེད་པ་དེ་གླེང་ན་མི་འདོད། རྒྱུ་མཚན་གླེང་རུང་ཉན་མཁན་དང་བྲིས་རུང་ཀློག་མཁན་མི་འདུག་བསམ་ན་མུ་མཐུད་དུ་ཚིག་གི་མགོ་རྐང་བསྒྲིག་མི་འདོད་པ་ཞིག་ཏུ་ཆགས་འགྲོ་ཡི་འདུག ཕ་ཡུལ་དུ་དཔེ་ཆ་ཀློག་མཁན་མེད་པ་དྲན་ཡོང་ན། འདི་ནས་རྩོམ་ཡིག་འདི་འབྲི་མཚམས་ཆད་ལ་ཁད་ཅིག་བྱས་སོང་། ཁྱོད་ཀྱིས་ཨེ་ཤེས། ཕ་ཡུལ་དགའ་བདེ་རུ་དཔེ་ཆ་ཀློག་པ་དང་དཔེ་ཆ་ལག་ཏུ་བཟུང་ནས་འགྲོ་བ་སོགས་ལ་ལྡོག་ཕྱོགས་ནས་འགྲེལ་བ་བརྒྱབ་སྟེ་འཕྱ་སྨོད་བྱེད་ཀྱིན་འདུག་པ་ནི་ཡིད་སེམས་གཏིང་ནས་སྐྱོ་དགོས་པ་ཞིག་རེད། དེའི་མ་ཚད་དཔེ་ཀློག་ནི་རྫིག་ཉམས་སྟོན་བྱེད་ལྟ་བུ་དང་། འུ་ཚོའི་ཡུལ་སྐད་ལྟར་ན་དཔེ་ཀློག་ནི་མི་རྩ་མི་ཚང་བ་ཞིག་གི་ལས་ཤིག་ཏུ་འདོད་མཁན་ཡང་མང་པོ་ཡོད། ཕ་ཡུལ་ན་རང་གི་ལག་ལ་དཔེ་དེབ་ཅིག་བཟུང་ནས་སྲང་ལམ་དུ་འགྲོ་བཞིན་ཡོད་པ་ལ་སྣང་དོགས་ཙམ་ཡང་སྐྱེ་མི་སྲིད་པའི་མི་བུ་ག་ཚོད་ཅིག་ཡོད་སྲིད་དམ། དེའི་མི་ཚད་ནང་སེམས་ཀྱི་སྐྱོ་བ་མཐའ་དག་ཚིག་ལ་བསྟར་བའི་གོམས་གཤིས་ཤིག་ཆགས་འདུག་པའི་དགེ་རྒན་ག་ཚོད་ཅིག་ཡོད། སློབ་མ་ག་ཚོད་ཅིག་ཡོད། ཧ་ལམ་མེད་པ་དང། དེ་མེད་པའི་རྣམ་པ་འདི་ཞེ་རུ་འཆར་ན་ལྷག་ཏུ་ཞེ་སྐྱོ་བོ་དང་སེམས་སྡུག་པ་ཞིག་རེད། འུ་གཉིས་ཀྱི་ཕ་ཡུལ་དུ་དཔེ་ཆ་བ་རྣམ་དག་ཅིག་མཐོང་ཐོས་ཀྱི་ཡུལ་དུ་དཀོན་པ་ནི་ཉིན་མོའི་སྐར་མ་ལྟ་བུ་ཞིག་ཏུ་ཆགས་འདུག་ཨང་།

    གྲོགས་པོ། ད་དེའི་སྐོར་ནས་མི་གླེང་བར་བྱ། མཚམས་འདི་ནས་ངས་ཁྱོད་ལ་དཔེ་ཀློག་དང་འབྲེལ་བའི་གཏམ་རྒྱུད་ཐུང་ཐུང་ཞིག་བཤད། མིང་ལ་ཧྥུ་ཐེ་ཟེར་བའི་མི་ཞིག་ཡོད་པ་རེད། ཁོང་གིས་ལོ་ན་ཆུང་དུས་སུ་དངུལ་གང་ཡོད་ཀྱིས་དཔེ་ཆ་ཉོས་ཏེ་དཔེ་ཀློག་བྱས་པ་རེད། ཕྱིས་སུ་ཁོས་པུའུ་ལན་ཏོ་ཞེས་པའི་བུད་མེད་ཅིག་ལ་གཉེན་སྒྲིག་བྱེད་སྐབས། ཁོང་ལ་ཡོད་པ་ནི་དཔེ་ཆ་རྣམ་པ་སྣ་ཚོགས་ཤིག་མ་གཏོགས། ཁྱིམ་ན་རྒྱུ་ནོམ་པ་རྩ་ཆེན་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་། ཁོང་ནི་གསེར་དང་དངུལ་གྱིས་ཉོ་མི་ཐུབ་པའི་རིན་ཐང་གཞན་ལས་ལྷག་པའི་ཤེས་བྱ་ཡོན་ཏན་ཅན་དང་ཕུགས་བསམ་ཡོད་པའི་མི་ཞིག་ཏུ་གྱུར། མཐར་ཁོང་རླངས་འཁོར་གྱི་རྒྱལ་བོ་ཧྥུ་ཐེ་ཞེས་མཚན་གྱི་སྙན་པ་ག་སར་ཁྱབ་པ་དང་འཕྲུལ་ཆས་བཟོ་བཀོད་པ་ཞིག་ཏུ་གྱུར་སོང་བ་རེད། སྲིད་པའི་ཁ་དཔེ་ལ་མི་ཡར་འགྲོ་ཞེས་པའི་དཔེ་ལྟར་ཧྥུ་ཐེས་རང་གི་འབད་པ་དང་དཔེ་ཀློག་ལ་བརྟེན་ནས་ཡར་ངོའི་ཟླ་ལྟར་འཕགས་སོང་བ་རྒྱུ་མཚན་དེ་རེད། དེའི་ཕྱིར། འུ་ཅག་གིས་ཁོང་ལ་མིག་དཔེ་ལྟ་དགོས་ལ་དཔེ་ཀློག་གི་སྐོར་ནས་དེ་བས་ཀྱང་སྨྲོས་མ་དགོས་པ་ཞིག་རེད།

    སྤྱིར་ན་འཇིག་རྟེན་འཁོར་བ་པ་ཞིག་ལ་མཚོན་ན་རྒྱུ་ནོར་ནི་གལ་ཆེན་ཞིག་ལོས་ཡིན། འོན་ཀྱང་། དཔེ་ཀློག་ལ་བརྟེན་ནས་ཐོབ་པའི་ཤེབ་བྱ་ཡོན་ཏན་ནི་ཚེ་གང་ལ་འགྲོགས་ཤིང་ལོངས་སུ་སྤྱོད་མི་ཚར་བའི་རྒྱུ་ནོར་དེ་ཡིན་པ་སེམས་སུ་དམ་པོར་འཛིན་དགོས།  འཇིག་རྟེན་གྱི་ཆོས་ཉིད་བཞིན་འུ་ཅག་ཐོག་མར་འཛོམས་པ་དང་རྗེས་ནས་གྱེས་འགྲོ་བ་ལས་མ་འདས། ད་ལྟ་འུ་ཚོ་ལོ་ན་གཞོན་དུས་སུ་གཟུགས་དང་ལང་ཚོ་དར་ན་ཡང་།  ཉི་མ་རེ་རེ་བཞིན་ཇེ་རྒས་ནས་ཇེ་འཁོགས་སུ་སོང་སྟེ་ནམ་ཞིག་གི་ཚེ་ན་འཆི་འགྲོ་ངེས་རེད། ཡིན་ཡང་དཔེ་ཀློག་ཁོ་ནས་མི་ཚེ་འདི་ཉིན་རེ་ནས་ཉིན་རེར་ཇེ་མཛེས་དང་། རྗེས་སུ་གཟི་བརྗིད་དང་ལྡན་པའི་རྡོ་རིང་ཉིད་དུ་གྱུར་ཐུབ་པ་རེད། ད་དུང་ཡང་གཏམ་རྒྱུད་ཐུང་ངུ་འདི་འདྲ་ཞིག་ཡོད་དེ། མིང་ལ་ཚའོ་དབྱི་ཡི་ཟེར་བའི་མི་ཞིག་ཡོད། ཁོང་ཡང་དཔེ་ཀློག་བྱེད་པར་ཧ་ཅང་དགའ་བ་དང་ནམ་རྒྱུན་དུ་དཔེ་ཀློག་ལ་འབད་ངེས་རེད། ཉིན་ཞིག་ལ། ཚའོ་དབྱི་ཡིས་ཁྲུས་བྱེད་སྐབས་ཁོང་ཁྲུས་ཁང་དུ་སོང་ནས་ཡུན་རིང་ཞིག་ལ་ཕྱིར་སྒོ་རུ་མ་ཡོང་བ་རེད། ཆུང་མས་སེམས་མ་བདེ་བར་ཁྲུས་ཁང་གི་སྒོ་ངོས་སུ་རྣ་བ་གཏད་དེ་ཉན་པ་ན། ཁྲུས་ཁང་ནང་དུ་ཆུའི་ཤག་སྒྲ་ལས་ཅི་ཡང་མེད་པས། ཁོང་གི་ཆུང་མས་ཁྲུས་ཁང་གི་སྒོ་ཕྱེ་སྟེ་ནང་དུ་ཕྱིན་དུས། ཆུང་མའི་སེམས་ལ་ཤར་མ་མྱོང་བ་ཞིག་སྟེ་ཚའོ་དབྱི་ཡིས་ཁྲུས་ཁང་ནང་ནས་བློ་གཅིག་སེམས་གཅིག་གིས་དཔེ་ཆ་ཀློག་བཞིན་ཡོད་པ་རེད། ཕྱིས་སུ་ཚའོ་དབྱི་ཁོང་ཡང<ཐོག་ཆར>འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར་བ་རེད། དེ་བས་དཔེ་ཀློག་བྱེད་དགོས་ཚེ་ངེས་པར་དུ་སློབ་གྲྭ་གང་ཞིག་ལ་འགྲོ་དགོས་མིན་དང་དགེ་རྒན་སུ་ཞིག་གིས་སློབ་ཁྲིད་བྱེད་མིན་དེ་གཙོ་བོ་ཞིག་ཡིན་མི་འདུག  ལོ་རྒན་གཞོན་ལ་ཁྱད་པར་མེད་པར་རྟག་ཏུ་དཔེ་ཀློག་རེ་བྱེད་ཨེ་ཐུབ་ལྟ་དགོས།

   ད་གླེང་མཚམས་ཤིག་བཞག་ན་རེད།   ཅུང་ཙམ་ཉོག་སོང་བ་འདྲ། འོན་ཏེ་ཁྱེད་ལ་སུན་པོ་མེད་པར་སྨོན། ང་རང་གིས་ཀྱང་གནས་གང་དུ་ཐོན་ན་སྒོར་རྡོག་ཁ་ཤས་རེ་ཡོད་པ་དེས་དཔེ་ཆ་རེ་བླུས་པ་ཡིན། ཀློག་མ་ཐུབ་ནའང་དྲུད་ནས་འགྲོ་དགོས་པའི་གོམས་གཤིས་མཚར་བོ་འདི་ནམ་ཡང་འགྱུར་བ་མི་འདུག་ལ་འགྱུར་ཡང་མི་སྲིད། ཉེ་སྔོན་ཡང་《ལོ་བརྒྱའི་ཁེར་རྐྱང》ངམ་རྒྱ་ཡིག་གི་མིང་དུ《百年孤独》ཞེས་པའི་དེབ་རྒན་མཐུག་པོ་དེ་ཀློག་མ་ཐུབ་རུང་གང་སར་ཁྱེར་ནས་འགྲོ་ཡི་ཡོད། དེབ་འདི་ནི་ང་རང་ཆེས་དགའ་བའི་དེབ་ཅིག་ཡིན་ལ། དེབ་འདི་བཀླགས་རྗེས་ང་རང་སྔར་ལས་ཀྱང་ཁེར་རྐྱང་ལ་དགའ་མཁན་ཞིག་ཏུ་གྱུར་སོང་། རྗེས་སོར་ཁྱེད་ཀྱིས་ཀྱང་དེབ་འདི་ཚར་གཅིག་ཀློགས་དང་བློ་སྐྱེད་མང་དུ་ཐོབ་ངེས།《ལོ་བརྒྱའི་ཁེར་རྐྱང》ཞེས་པ་དེ་ནི་འཛམ་གླིང་དུ་གཡོ་འགུལ་ཐེབས་པའི་ཕུལ་བྱུང་གི་བརྩམས་ཆོས་ཤིག་ཡིན་པས། སྒྱུ་རྩལ་རྣམ་པའི་ཐད་མི་ཚོའི་ཡིད་དབང་རབ་ཏུ་འཕྲོག་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན། དེབ་འདི་ནི་དེང་སྐབས་བཀླགས་གྲངས་ཆེས་མང་བའི་དེབ་ཅིག་ཡིན་འདུག་ལ། དེའི་མི་ཚད་དེབ་འདིའི་ནང་དུ་ཁེར་རྐྱང་གླེང་བ་མང་བོ་ཆགས་ཡོད་འདུག  དོན་ལ་ང་ཚོ་སུ་ཡིན་རུང་ཁེར་རྐྱང་ཞེས་པའི་ཚིག་འདི་ལ་བྲལ་ཐབས་མེད་པ་བཞིན་དུ།  ནམ་ཞིག་གི་ཚེ་ན་ང་ཚོ་ཁེར་རྐྱང་དུ་འགྲོ་དགོས་པ་དང་འགྲོ་བཞིན་པ། ཁེར་རྐྱང་དུ་འགྲོ་མྱོང་བ་བཅས་ནི་མི་ཚེ་དང་ཁེར་རྐྱང་ཡིན་ལ། “རྩོམ་པ་པོ་ནི་ནམ་ཡང་ཁེར་རྐྱང་གི་འཐབ་འཛིང་བ་ཞིག་གོ” ཞེས་པ་དང་ཨ་ན་མ་ན་རེད། 

   དེ་རིང་ཉོག་སོང་། ད་དེ་ཙམ་བྱས་ན་མ་གཏོགས་ཁྱོད་རང་སུན་འགྲོ་ནའང་ཐང་། རྗེས་སུ་ཁོམ་ལོང་རེ་བྱུང་ན་ཁེར་རྐྱང་གི་སྐོར་ནས་ང་ལ་བཤད་རྒྱུ་ཧ་ཅང་མང་པོ་ཡོད་ལ། ངས་ཡུན་གྱིས་ཁྱོད་ལ་བཤད་ངེས་ཡིན། མཐར་ཁྱེད་ཀྱི་དཔེ་ཀློག་གི་ལམ་ཁ་སྔར་ལས་ཡར་ཐོན་ཡོད་པའི་སྨོན་ལམ་དང་མ་འོངས་པར་ཁྱེད་ཉིད་ཁེར་རྐྱང་གི་འཐབ་འཛིང་བ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་བའི་ཁ་གཡང་བཅས་མཇུག་བསྡུས་པ་ཡིན་ནོ། །

 2021-11-26 ཉིན་ཀྲེ་ཅིང་ནས་རྫོགས་པར་བྲིས།

     དགའ་རལ་གྲི། མྱི་ལྡང་། བདེ་མོ་ཡིན་ནམ། སྤྱིར་བཏང་ངས་ཁྱོད་ལ་འཕྲིན་ཡིག་མ་བྲིས་རུང་འུ་གཉིས་ནམ་རྒྱུན་ངོ་འཕྲད་ཐུབ་པ་མ་ཟད། ཐག་ཀྱང་ཉེ་བོ་འདྲ་ཆགས་འདུག་མོད། སྐབས་ལན་རེར་འཕྲིན་ཡིག་ཟེར་ན་ཆོག་གང་ལྟར་ཡིག་ལམ་ནས་ཁ་བརྡ་རེ་བྱེད་འདོད་ཆེན་པོ་བྱུང་། འཕྲིན་ཡིག་འབྲི་བ་ནི་ཕན་ཚུན་ལ་ནང་སེམས་སྟོན་སྟངས་གཞན་ཞིག་རེད། ངས་བསམ་ན། ང་ཚོ་མཉམ་དུ་བསྡད་སྐབས་ཕན་ཚུན་ལ་སེམས་གཏམ་བཤད་པ་ལས་ཀྱང་སྐབས་རེར་གཟབ་གཟབ་བྱས་ནས་ཕན་ཚུན་ལ་བཤད་འདོད་པ་དེ་ཡིག་ལམ་ནས་བཤད་པ་ཡིན་ན། ནམ་ཞིག་ཡིག་ཉོག་འདི་དག་ལ་རིན་ཐང་གཞན་ཞིག་ཡོད་ཀྱང་སྲིད། དེ་བས་ངས་ཁྱོད་ལ་འདི་ལྟར་གོ་བདེ་མོའི་ངང་ནས་སྐད་ཆ་མང་པོ་ཞིག་ཡིག་ལམ་ནས་བཤད་ན་འདོད་སོང་།

  དང་ཐོག་ཁྱེད་རང་ངོ་ཤེས་པ་ནས་ད་རག་ཏུ། ངས་ཁྱེད་ལ་ལད་མོ་བྱས་ཏེ་སྙན་ངག་འགའ་རེ་བྲིས་པ་དེས་ང་རང་སྙན་ངག་ལ་གཏིང་ནས་དགའ་མཁན་ཞིག་ཏུ་གྱུར། དེའི་རྗེས་སུ་འུ་གཉིས་ཀྱིས་མཉམ་དུ་སྙན་ངག་ཡིན་མིན་གྱི་རྩོམ་མང་པོ་འབྲི་ཁུལ་བྱས་པ་དང་འབྲོག་ལྗང་དང་འོད་ཟེར། དགའ་རི་སྤྱང་། ད་དུང་སེར་སྐོར་འཇམ་ཚེ་ལ་སོགས་ཕ་ཡུལ་གཅིག་པའི་གྲོགས་པོ་འགའ་དང་མཉམ་དུ“གཡུ་ཐོག་ཟམ་པ”ཞེས་པའི་ལབ་རྒྱག་སའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ནས་སྙན་ངག་གླེང་ཁུལ་བྱས། དེ་ལྟར་ཡོང་བའི་ལོ་ཟླ་ལ་འདང་རེ་རྒྱབ་ན། ཁྱེད་ནི་ང་དང་སྙན་ངག་བར་གྱི་འབྲེལ་ཟམ“གཡུ་ཐོག་ཟམ་པ”ཡིན་ཞེས་བཤད་ཆོག་ལ་མི་ཆོག་པ་གང་ཡང་མེད། ཁྱེད་དང་ལྷན་དུ་བསྐྱལ་བའི་ལོ་ཟླ་དེ་དག་ནི་སྙན་ངག་དང་ངོ་ཤེས་སུ་གྱུར་བའི་ལོ་ཟླ་ཡིན་ཞེས་བཤད་ཀྱང་ཆོག་ལ། གཡུ་ཐོག་ཟམ་པ་ཞེས་པའི་དྲྭ་ཚོམ་དེའི་ནང་དུ་བསྡད་པའི་ལོ་ཟླ་ནི་སྙན་ངག་གི་འོ་ཇ་འཐུང་ཐུབ་སོང་བའི་ལོ་ཟླ་ཞིག་ཡང་ཡིན་པར་སེམས་ཀྱིན་ཡོད། 

 ངས་ནམ་རྒྱུན་སྙན་ངག་འབྲི་བཞིན་མེད་ལ་འབྲི་ཡང་ཤེས་ཀྱིན་མི་འདུག་མོད། སྐབས་ལན་རེར་ཁྱེད་ཀྱི་བྲིས་པ་ལྟར་རང་མོས་ཡིན་མདོག་གིས་ཚིག་དུམ་འགའ་རེ་བྲིས་པ་ན། སེམས་ཀྱི་ཁུར་བོ་ལྕི་མོ་དེ་ཐང་ལ་བཞག་པ་ལྟ་བུའི་ཚོར་བ་རེ་བྱུང་ཡོང་གིན་འདུག ངའི་སྙན་ངག་དེ་དག་སྙན་ངག་པ་ཡིན་ཟེར་མཁན་དག་གི་ཡིད་ལ་སིམ་མིན་མི་ཤེས་མོད། རང་གི་འཚོ་བ་དང་བརྩེ་དུང་མཚོན་པའི་སྙན་ངག་གམ་ཡང་ན་ཡིག་ཉོག་དག་སྐད་ཆ་གསོན་པོ་རེ་ཡིན་བསམ་གྱིན་ཡོད་པར་མ་ཟད། ང་ནི་ཁྱོད་ཀྱི་གྲོགས་པོ་དག་གི་ནང་ནས་སྙན་ངག་ཡག་པོ་འབྲི་ཤེས་མཁན་ཞིག་མིན་རུང་། དཔེ་ཆ་ཀློག་རྒྱུར་དགའ་མཁན་གྱི་མི་ཞིག་ཡིན། དེ་བས་ཀྱང་ང་ནི་དཔེ་ཀློག་ལ་དགའ་བའི་གྲོགས་པོ་དག་ལ་སྙིང་ནས་དགའ་བོ་ཡོད། གྲོགས་པོ་ཕུན་ཚོགས་ཉི་མས་བཤད་པ་ལྟར“ད་ལྟའི་འཚོ་བའི་ཁྲོད་དུ་གྲོགས་པོ་དཔེ་ཆ་བ་འགའ་ཡོད་པ་ནི་ཞིབ་ཏུ་བསམ་ཚེ་ཧ་ཅང་སྐྱིད” ཞེས་པ་དང་ཨ་ན་མ་ན་རེད། 

  དགའ་རལ་གྲི། ཧ་སི་ཞེས་པའི་ལྷུག་རྩོམ་དེའི་ནང་དུ་བྲིས་པ་བཞིན་ངས་ཁྱེད་ལྟ་བུའི་རིགས་མཐུན་གྱི་སྤུན་ཟླ་མང་པོ་ཞིག་ངོ་ཤེས་སུ་གྱུར་སོང་ལ། ཁྱེད་ལྟ་བུའི་དཔེ་ཀློག་དང་རྩོམ་འབྲི་ལ་དགའ་བའི་གྲོགས་པོ་མང་པོ་ཞིག་དང་མཉམ་དུ་རང་གི་འཚོ་བ་ཡང་ཡག་པོ་ཞིག་རོལ་མ་ཐུབ་རུང་སེམས་ནས་ཕ་ཡུལ་དང་ཁ་ནས་མི་རིགས་གླེང་བ་ནི་སེམས་ཀྱི་མཆོད་སེམས་ཤིག་རེད། དོན་ལ་རྩོམ་པ་པོ་ནི་ཁེར་རྐྱང་གི་ལས་ཀ་ཞིག་ཡིན་པ་འདྲ། སྔོན་ཆད་ལྡོང་ཁྲི་བཙན་གྱིས་སྙན་ངག་བྲིས་ན་སྙིང་ནད་པར་གྱུར་འགྲོ་རབས་ཟེར་བ་ཐོས་མྱོང་ལ། ལྷག་ཏུ་མི་རིགས་ལ་བསམ་བློ་བཏང་ན་དེ་བས་ཀྱང་སྙིང་ལ་བཟོད་དཀའ་བའི་ན་ཟུག་དང་སྡུག་བསྔལ་སྐྱེ་ཡོང་བའི་འདིས་རིགས་ལ་བསམ་བློ་གཏོང་ཐབས་མི་འདུག་ཟེར། འཇིག་རྟེན་འདིའི་སྟེང་གི་ཉམས་ཆག་ཐམས་སྐྱོ་ནི་རྩོམ་པ་པོ་གཅིག་པུ་ལས་གཞན་སུས་ཀྱང་ཚོར་བ་ཉུང་ཉུང་ཡིན་ངེས། རྩོམ་པ་པོ་ལ་ན་ཟུག་ལྷག་མ་ཞིག་དང་སྐྱོ་གདུང་ལྷག་མ་ཞིག་ཡོད་པ་འདྲ། རྩོམ་པ་པོ་ཞིག་གིས་རྩོམ་ཡིག་བྲིས་པ་ཙམ་གྱིས་ཕ་ཡུལ་དང་མི་རིགས་སྐྱོབས་མི་ཐུབ་རུང་། རྩོམ་པ་པོ་ཞིག་གིས་ཤ་དང་རུས་པའི་གསེང་ནས་བརྡོལ་བའི་ན་ཟུག་གི་ཁུ་བ་དེས་མི་བུ་འགའ་ཞིག་གི་སེམས་སུ་ཚོར་བ་གཞན་ཞིག་སྟེར་ཐུབ་ན་དེ་ཡིས་ཆོག་པ་འདྲ།  འུ་ཚོའི་རང་གི་རྩོམ་ཉོག་དེ་དག་ནི་ཡིད་དུ་མི་འོང་བའི་ཁོར་ཡུག་ལ་བལྟས་ཏེ་ནང་སེམས་ཀྱི་ན་ཟུག་ཕྱིར་ཕུད་པའི་ངུ་འབོད་ཅིག་ཡིན་ན་དེ་ཡིས་ཆོག་པ་འདྲ། རྩོམ་པ་པོ་ཞིག་གིས་སེམས་ཁུར་གྱི་ནང་དུ་ཁོར་ཡུག་དེའི་རྗེས་ལུས་དང་དེ་གའི་རིག་གནས་ཀྱི་མཁའ་དབུགས་ཇི་འདྲ་ཞིག་ཡིན་པ་ཤེས་ཡོང་ན་དེ་ཡིས་ཆོག་ལ། དེ་ཡིས་མི་ཆོག་པ་ཅི་ཡོད་དམ།

  ད་ལོའི་དབྱར་ཁ་ལྟར། འབྲོག་ལྗང་དང་ཚོར་རྐང་། སེར་སྐོར་འཇམ་ཚེ་དང་འོད་ཟེར་ལྟ་བུའི་གྲོགས་པོ་འགའ་དང་མཉམ་དུ་རྨ་ཆུའི་ཐག་ཉེ་ས་ཞིག་ཏུ་བསྡད་དེ་བུད་ཤིང་བཏུས་ཤིང་། མེ་འབུད་ཞོར་དུ་ཕ་ཡུལ་གྱི་ནམ་མཁའ་འདི་ལ་ལྐོག་ནས་སྙན་ངག་འབྲི་ཞོར་དུ་རང་གི་འཚོ་བ་གླེང་རྒྱུ་ནི་སྐད་ཆའི་ལམ་ནས་མཚོན་དཀའ་བའི་བདེ་སྐྱིད་ཅིག་རེད། འོན་ཏེ་འུ་ཚོའི་ཕ་ཡུལ་ལྟ་བུའི་ཁོར་ཡུག་ཆུང་ཆུང་འདི་ནས་ང་ཚོ་མི་ཆེན་ཞིག་ལྟར་ཆེ་ཆེ་བྱས་འགྱིངས་ནས་འགྲོ་མ་ཐུབ་རུང་། དྭ་ཕྲུག་ཅིག་ལྟར་བག་འཁུམ་པའི་ཚོར་བ་ཁོ་ན་ཉར་ཏེ་འདུག་དགོས་དོན་མི་འདུག ང་ཚོས་རང་རང་གི་ལྷད་མ་འདྲེས་པའི་དྭངས་གཙང་གི་ནམ་མཁའ་སྙོར་ནས་འགྲོ་ན་མི་ཆོག་པ་ག་རེ་འདུག  ལྷག་ཏུ་རང་གི་ནམ་མཁའ་ལ་ཕ་ཡུལ་གྱི་མི་ག་གེ་མོས་ཚིག་རྩུབ་དང་འཕྱ་དམོད་ཀྱིས་མེ་ལ་བསྲེགས་དུ་བཅུག་མི་ཉན། འོ་ད་དེ་མི་གླེང་། 

  ཉེ་བའི་ལོ་འགའི་སྔོན་དུ། ཁྱོད་ཀྱིས“ཆང་མ”ཞེས་པའི་བརྩེ་དུང་གི་སྙན་དེབ་ཅིག་སྤྱི་ཚོགས་སུ་བཀྲམ་མོད། ཁྱོད་ཀྱིས་བསམ་པ་ནང་བཞིན་དུ་མཉམ་འུར་བྱེད་མཁན་དེ་འདྲ་མང་པོ་ཞིག་མ་བྱུང་ཟེར། ད་སྐབས་དཔེ་ཆ་མང་ཤོས་ཤིག་ཁྱེད་ཀྱི་མལ་ཤག་ཏུ་བརྩིགས་འདུག་ལ། ད་སྐབས་དཔེ་ཆ་ཕུད་མཁན་མང་རུང་ཉོ་མཁན་དེ་འདྲ་མི་འདུག དེ་ནི་ངའི་གྲོགས་པོ་ཁྱེད་ཁེར་མོ་མ་རེད། ཕ་ཡུལ་དུ་ད་སྐབས་དཔེ་ཆ་ཀློག་མཁན་མེད་པ་ནི་ང་ཁེར་མོའི་སེམས་ནད་ཅིག་ཡང་མ་རེད། དེ་ནི་ཕ་ཡུལ་ལ་དུང་ཞིང་བོད་ཡིག་ལ་དགའ་མཁན་ཚང་མའི་སེམས་ནད་ཅིག་ཅི་ལ་མིན། འོ་རེད། ད་དུ་ཅན་པོ་ར་ཡང་མི་གླེང་། གླེང་རུང་སྙིང་བོ་མེད་པ་འདྲ། དེ་བས་ད་དངོས་སུ་ཁ་བརྡ་ཞིག་བྱེད། 

  དགའ་རལ་གྲི། ངའི་གྲོགས་པོ་ཚོའི་ནང་ན། འབར་དང་ཁྱེད་ལྟ་བུའི་སྙན་ངག་ཡག་པོ་འབྲི་ཤེས་མཁན་དང་མི་གཞི་ཡང་ཡག་པོ་ཡོད་མཁན་འགའ་རེ་ཡོད་ལ། གྲོགས་པོ་འབར་ལགས་ཀྱིས་ནམ་ནམ་སྐྱབས་ཆེན་གྱི་སྙན་ངག་ཡག་པོ་ཡོད་རབས་དང་ཁྱེད་ཀྱི་སྙན་ངག་ཡང་ཡག་པོ་ཡོད་རབས་ལབ་ཡོང་ན། ང་ལ་རང་གི་སྙན་ངག་ཕྲིས་པ་ལྟ་བུའི་སྐྱིད་སྣང་ཞིག་དང་ང་རྒྱལ་ཞིག་ཡོད་མྱོང་། ད་ལྟ་རོགས་པ་ཚོའི་ནང་དུ་སྙན་ངག་འབྲི་མཁན་མང་པོ་ཡོད་ནའང་། སྙན་ངག་ལ་བློ་སྦྱོང་གང་ཡང་མེད་མཁན་དང་ད་སྔོན་བྲིས་པའི་སྙན་ངག་ཐམས་ཅད་ལད་བཟློས་ལས་བརྒལ་མེད་མཁན་མང་པོ་མཐོང་རྒྱུ་འདུག་མོད། ཁྱེད་རང་དེ་འདྲ་མ་རེད། ངས་ཁྱེད་ལ་ངོ་བསྟོད་བྱས་པ་གཏན་ནས་མིན། གྲོགས་པོ་ནམ་ཡིན་རུང་གྲོགས་པོ་རེད། བརྩམས་ཆོས་ནམ་ཡིན་རུང་བརྩམས་ཆོས་རེད། གྲོགས་པོ་ལ་དགའ་བ་ཙམ་གྱིས་བརྩམས་ཆོས་ལ་དགའ་ཐུབ་རྒྱུ་ཧ་ཅང་དཀའ་མོ་རེད་མོད། ང་ཁྱེད་ལ་དགའ་བ་ནང་བཞིན་ཁྱེད་ཀྱི་བརྩམས་ཆོས་ལ་ཡང་དགའ་བོ་ཡོད།  དེ་བས་ཀྱང་ཁྱོད་ཀྱིས་ང་ལ་སྔོན་ཆད་བཤད་པའི་སྐད་ཆ་ཞིག་ངས་ནམ་རྒྱུན་ཧ་ཅང་ཡག་པོ་འདྲ་བཤད་སོང་བསམ། དེ་ནི་ཁྱེད་ཀྱིས་སྙན་དེབ་ཆང་མ་དཔར་ནས་བཀྲམ་རྗེས། འུ་གཉིས་ཇ་ཁང་ཞིག་ནས་ཁ་བརྡ་གློད་སྐབས། ཁྱེད་ཀྱིས“བྲལ་དགོས་པ་ཞིག་ཡིན་ན་ཇི་ལྟར་ཤུ་རེ་བྱས་ཀྱང་རེ་བ་ཡོད་མི་སྲིད་ལ། ནམ་ཞིག་བྲལ་འགྲོ་ངེས་རེད། འགྲོ་དགོས་པ་ཐམས་ཅད་སྔ་ཕྱི་མ་གཏོགས་བུད་འགྲོ་ངེས། དེ་བས་ཀྱང་རང་ཉིད་ཆེས་དགའ་སའི་མི་དེ་མ་ཐོབ་ན་སྐྱིད་པོ་འདྲ་རེད། གལ་ཏེ་ཐུབ་སོང་ཚེ་དགའ་བའི་རིན་ཐང་ཉམས་སོང་བ་རེད། ཆེས་དགའ་བའི་མི་དེ་མ་ཐོབ་ནའང་འགྲིག་འདུག་ཟེར།”སྐད་ཆ་དེས་ང་ལ་ཚད་མེད་པའི་ཡིད་འགུལ་ཞིག་ཐེབས་སུ་བཅུག་མྱོངས་ལ། ད་དུང་ཁྱེད་ལ་ཐ་སྙད་ཀྱིས་མཚོན་ཐབས་མི་འདུག་པའི་ཆང་མ་ཞིག་ཡོད་ལ། ཡི་གེའི་ནང་དུའང་ཤོང་ཐབས་དཀའ་བའི་ཆང་མ་ཞིག་ཡོད།

  དགའ་རལ་གྲི། ད་དུང་རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་ཞིག་གི་ནང་དུ་བྲིས་པ་ལྟར། གྲོགས་པོ་ནི་ནམ་ཡང་ཁྱེད་ལ་སྡིགས་མོལ་བྱེད་ཐུབ་མཁན་ཞིག་ལ་གོ་དགོས་པ་ལས། ཁྱེད་ལ་བསྟོད་པ་བྱེད་མཁན་ཞིག་ཡིན་མི་ཉན་ཟེར་མོད། ངས་ཁྱེད་ལ་ངོ་བསྟོད་གཏན་ནས་མིན། ངའི་གྲོགས་པོ་དག་གི་ནང་དུ་འབར་ཁྱེད་གཉིས་ནི་སྙན་ངག་དང་ཆེས་བར་ཐག་ཉེ་མཁན་གྱི་གྲོགས་པོ་ཞིག་ཡིན་པར་འདོད་ཀྱིན་ཡོད། ད་དུང་ཁྱེད་ཀྱི་སྙན་ངག་གིས་ཁྱེད་རང་མཚོན་ཐུབ་པར་ང་ལ་ཡིད་ཆེས་ཡོད། མཚོན་ཀྱང་ཐུབ་དགོས་པར་མ་ཟད་ང་ལ་དེ་མ་གཏོགས་བཤད་རྒྱུ་མང་པོ་མེད་ལ། ང་རང་ད་སྐབས་ཁྱེད་ཀྱི་སྙན་ངག་ལས་ཀྱང་ཁྱེད་ཀྱི་མི་གཞི་ལ་དགའ་བོ་འདུག ཡུམ་དུམ་པ། 

2022-6-3ཉིན་ཝ་ལུང་ཙོང་ཡི་མའི་སྒང་ནས་ཁ་ནང་ལ་རླུང་རྒྱག་ཞོར་དུ་བྲིས།

གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག
རྩོམ་སྒྲིག་པ། རིག་པ་རྡོ་རྗེ།


柔巴多杰文艺平台
རིག་པ་རྡོ་རྗེའི་རིག་རྩལ་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章