ཁོ་ཧྥེའི་འབྱུང་ཁུངས།
དང་པོ་ཁོ་ཧྥེ་ཞེས་པ་ནི་ས་ཆ་གང་ཞིག་ནས་དར་བ་རེད་ཟེར་ན། དུས་རབས་དྲུག་པའི་ནང་ཨཱ་ལ་པོའི་ལུག་རྫི་ཁཱ་ཨར་ཏེ་ཨེ་སེ་ཨོ་ཕི་ཡའི་རྩྭ་ཐང་དུ་ལུག་འཚོ་བཞིན་པའི་སྐབས་ཤིག་ལ་ཁོས་ལུག་རྣམས་ཀྱིས་ས་དེར་སིལ་ཏོག་ཞིག་ཡོད་པ་ཟོས་ནས་ལུག་རྣམས་ཇེ་རྒོད་ལ་སོང་བ་དང་རྩེད་འཇོ་ལ་རོལ་བའི་རྣམ་པ་དེ་ལུག་རྫི་ཁཱ་ཨར་གྱིས་མཐོང་ནས་ཁོ་རང་ཧ་ཅང་མཚར་སྣང་བྱུང་། རྗེས་སུ་ཁོས་སིལ་ཏོག་དེ་ལ་ཞིབ་འཇུག་བྱས་ནས་ཁོས་ཡང་སིལ་ཏོག་ཟོས་པ་ན་རིག་པ་ཇེ་གསལ་དང་ཇེ་དྭངས་ལ་སོང་། དེ་ནི་མིའི་རིགས་དང་ཁོ་ཧྥེ་གཉིས་ཐོག་དང་པོ་འཕྲད་པ་ཡིན་ལ། རིམ་གྱིས་ཁོས་ནམ་རྒྱུན་ལུག་ཁྱུ་དང་ལྷན་དམར་མདངས་རྒྱས་ཤིང་ཞིམ་མངར་ལྡན་པའི་སིལ་ཏོག་གི་རོ་སྐྱུར་ལ་མྱོང་རོལ་བྱས་པའི་ངག་རྒྱུན་ཞིག་ཡོད།
གཞན་ཡང་ངག་རྒྱུན་འདི་འདྲ་ཅིག་ཡོད། ས་དེར་མེ་ཤོར་བས་མི་རྣམས་ཀྱིས་མེ་གསོད་དུས་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་བ་དང་དེ་ལ་ཞིབ་འཇུག་བྱས་དེ། མཐར་སིལ་ཏོག་སྟེ་མེ་ནང་དུ་ཚིག་པའི་དྲི་མ་ཡིན་པ་གཏན་ཁེལ་བྱས་རྗེས། ས་ཆ་དེའི་མི་རྣམས་ཀྱིས་སིལ་ཏོག་ཕྱེ་མར་འཐག་ནས་པག་ལེབ་བྱས་ཏེ་གཡུལ་དུ་འགྲོ་དུས་དཔའ་བོ་རྣམས་ལ་སྟེར་བས་དཔའ་བོའི་པག་ལེབ་ཟེར་བར་གྲགས། དེ་ནས་དུས་རབ་བཅུ་གཅིག་ཡར་མར་ཞིག་ལ་ཡེའུ་སུ་ལན་གྱི་ཆོས་པ་ཞིག་ས་དེར་བརྒྱུད་ནས་འགྲོ་དུས་སུ། སིལ་ཏོག་འགའ་བཏོགས་ནས་ཕ་ཡུལ་དུ་ཁྱེར་སོང་། ཡེའུ་སུན་ལན་གྱི་ཆོས་པ་ཚོས་ཆང་འཐུང་མི་ཆོག་པའི་ཆང་གི་ཚབ་ཏུ་སིལ་ཏོག་ཆུ་ནང་དུ་བསྐོལ་ཏེ་བཏུང་བ་བྱས། དུས་རབས་བཅུ་གསུམ་པའི་ནང་ཨེ་སེ་ཨོ་ཕི་ཡ་དང་ཡེ་མེན་རྒྱལ་ཁབ་གཉིས་དམག་འཁྲུགས་བྱས་དུས། ཁོ་ཧྥེ་ཡེ་མེན་དང་ཨ་ལ་པོའི་རྒྱལ་ཁབ་རྣམས་སུ་ཧ་ཅང་དར་མོད། ཡིན་ནའང་ཨི་སི་ལམ་ཆོས་ལུགས་ཀྱི་ཆོས་བདག་རྣམས་ཀྱིས་བཀག་འགོག་བྱས་པར་མ་ཟད་ཁོ་ཧྥེ་ཚོམས་རྣམས་ཀྱི་སྒོ་རྒྱག་ཏུ་བཅུགས། འོན་ཀྱང་ཨེ་ཅིབ་རྒྱལ་ཁབ་ཀྱིས་འདི་ཆོས་དང་མི་འགལ་ཞེས་དར་བར་བྱས་ཏེ་སླར་ཡང་ཨ་ལ་པོའི་རྒྱལ་ཁབ་རྣམས་སུ་དར་བར་གྱུར་ཏོ།།
ཁོ་ཧྥེ་ཞེས་པ་ཨ་ལ་པོའི་སྐད་ཀྱི་རྩི་ཏོག་གི་བཏུང་པ་ཞེས་པ་དེ་ཡིན། ཡུན་གྱིས་ཏུར་ཁེ་རྒྱལ་ཁབ་ལ་དར་བ་དང་ཁོ་ཧྥེ་ཇི་ལྟར་རྨོ་ལུགས་དང་ཇི་ལྟར་ལས་སྣོན་བྱེད་ལུགས་ཚང་མ་ཨ་ལ་པོའི་མི་རྣམས་ཀྱིས་མཐུད་དེ་རྒྱུན་བསྐྱངས་ནས་ཡོང་བ་རེད་འདུག དེ་མིན་ཁ་ཆེ་བ་རྣམས་ཀྱིས་ཆང་མི་འཐུང་བས་ཁོ་ཧྥེ་ནི་མི་རྣམས་ཀྱི་བཏུང་བ་ཆེས་བཟང་བ་དང་གལ་ཆེ་བར་འཇོག་པ་ཡིན། ད་དུང་བེད་སྤྱོད་བྱེད་ས་གཙོ་བོ་གསོ་བ་རིག་པ་དང་ཆོས་ལུགས་ཁག་ཡིན་འདུག ཁོ་ཚོའི་སྨན་པ་དག་གིས་བཤད་པ་ལྟར་ན་ཁོ་ཧྥེ་འཐུང་ན་སེམས་སྟོབས་འཕེལ་བ་དང་ཀླད་པ་དྭངས་བ་དང་ལུས་སྟོབས་གསོ་བ་དང་ཕོ་ནད་དང་ཁྲག་གཅོད་པ་སོགས་ལ་ཕན་ཟེར། དུས་རབས་བཅུ་དྲུག་དང་བཅུ་བདུན་བར་ཁ་ནེ་སིའི་ཚོང་བ་རྣམས་དང་མཚོ་སྟེང་གི་ཧམ་ཤེད་ཅན་གྱི་ཧྭོ་ལན་རྒྱལ་ཁབ་ཀྱི་མི་རྣམས་མཉམ་འབྲེལ་བྱས་ནས་མཚོ་ལམ་བརྒྱུད་དེ་ཡོ་རབས་རྒྱལ་ཁབ་ཏུ་འགྲེམ་སྤེལ་བྱས་མི་འགྱང་བར་སྐུ་དྲག་རྣམས་ཀྱིས་འགྲན་རྩོད་བྱེད་སའི་གཅེས་ནོར་དུ་གྱུར། དེེར་བརྟེན་ཁོ་ཧྥེ་ཡི་རིན་གོང་ཡང་ཧ་ཅང་ཇེ་མཐོར་གྱུར་བར་མ་ཟད། གསེེར་ནག་ཅེས་པའི་མིང་ཡང་ཐོགས། དེ་ནས་མཚོ་ལམ་སོགས་བརྒྱུད་དེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། ད་ལྟ་འཛམ་གླིང་གི་མི་མང་པོས་ཉི་མ་རེ་རེ་ལ་ཁོ་ཧྥེ་ཕོར་བ་གང་ནི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་ཟུངས་ཁྲག་གི་རྒྱུ་བ་ནང་བཞིན་འཚོ་བ་དང་གཞི་གཅིག་ཏུ་སྦྲེལ་ཟིན་ལ། ལོ་འགའི་སྔོན་ལ་ཁོ་ཧྥེ་ཞེས་པ་ནི་བཏུང་རྒྱུ་ཞིག་དང་ཟ་རྒྱུ་ཞིག་གང་ཡིན་མི་ཤེས་པའི་ངའི་ཕ་ཡུལ་ལྟ་བུ་ལ་ད་ལྟ་ཁོ་ཧྥེ་དར་ཁྱབ་ཆེས་ཆེར་བྱུང་བཞིན་འདུག
ཁོ་ཧྥེ་མིང་གྲགས་ཅན་འགའ།
ཐོན་ཁུངས་ཧིན་ཉི། ཁོ་ཧྥེ་འདི་འཛམ་གླིང་སྟེང་གི་ཆེས་རིན་གོང་མཐོ་བའི་ཁོ་ཧྥེ་ཞིག་ཡིན། ཧིན་ཉི་རྒྱལ་ཁབ་ཏུ་བྱི་ལ་ཞིག་ཡོད། བྱི་ལ་འདི་ཁོ་ཧྥེ་སིལ་ཏོག་ཟ་རྒྱུར་ཧ་ཅང་དགའ། དེའི་རྐྱེན་གྱིས་ཁོས་ཁོ་ཧྥེ་མང་པོ་ཟོས་པས་བྲུན་པ་སྐྱུར་ཤུགས་ཆེ་ལ་དྲི་ཞིམ་པའི་རང་བྱུང་གི་ཁོ་ཧྥེ་བཟང་པོ་ཞིག་ཏུ་གྱུར་ཡོད། དེ་ལ་ལས་སྣོན་བྱས་ནས་ལོངས་སུ་སྤྱོད་པ་ཞིག་ཡིན། དེ་ཡང་རིན་གོང་ཧ་ཅང་ཆེ་བས་འཛད་སྤྱོད་པ་ཚང་མས་སྤྱོད་ཐུབ་པ་ཞིག་མིན། བཤད་སྲོལ་ཞིག་ལ་འདི་ནི་འཛམ་གླིང་སྟེང་ཆེས་གོང་ཆེ་བའི་བྲུན་པར་གྲགས།
ཐོན་ཁུངས་ཅ་མེ་ཁ། རི་སྔོན་ནི་ནུབ་ཀ་ལི་པེའི་མཚོ་འགྲམ་དུ་ཡོད། རྒྱ་མཚོའི་བརླན་དང་ཉི་འོད་རབ་ཏུ་འཚེར་བའི་མཁའ་དབུགས་དང་གནམ་གཤིས་ཧ་ཅང་བཟང་བས་ཁོ་ཧྥེའང་འཚོ་བཅུད་ཤིན་ཏུ་ལེགས་ལ་དྲི་ཞིམ་ལྡན། རི་དེའི་སྟེང་ལོ་གཅིག་ལ་ཏུན་སྟོང་གཉིས་དང་བཞི་ཅུ་མ་གཏོགས་ཐོན་སྐྱེད་བྱེད་མི་ཐུབ། འདིའི་བརྒྱ་ཆའི་དགུ་བཅུ་ཕྱི་ལོ༡༩༧༢ལོར་འཇར་པན་ལ་ཆིངས་ཡིག་བཞག་ནས་བཙོང་རྒྱུ་བྱས་ཡོད། དེའི་ཕྱིར་འདི་ཤིན་ཏུ་ཉུང་བས་རིན་གོང་ཡང་ཧ་ཅང་ཆེ། འདི་ནི་འཛམ་གླིང་སྟེང་ཆེས་གལ་ཆེ་ཞིང་མིང་ཆེ་བའི་ཁོ་ཧྥེ་ཡི་གཞིས་ཀ་ཞིག་ཡིན།
ཐོན་ཁུངས་ཁུ་པ་རྒྱལ་ཁབ། ཁོ་ཧྥེ་འདི་ནི་ས་དེའི་ཆུ་ཤེལ་རི་བོའི་འགྲམ་དུ་རྨོ་འདེབས་བྱས་པ་ཡིན། ས་དེའི་ས་བཅུད་ཧ་ཅང་བཟང་བས་ཁོ་ཧྥེ་ཡང་ནུས་བཅུད་ལྡན་ལ་རོ་ཞིམ། མི་རྣམས་ཀྱིས་ཁུ་པ་ཡི་རི་སྔོན་ཞེས་འབོད་ཀྱིན་ཡོད།
ཐོན་ཁུངས་ཧིན་ཉི་སོ་མིན་ད་ལ། འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་འཇར་པན་གྱིས་ཧིན་ཉི་ལ་བཙན་གནོན་བྱེད་དུས། འཇར་དམག་ཅིག་གིས་ཁོ་ཧྥེ་ཚོམས་ཞིག་ཏུ་ཁོ་ཧྥེ་ཧ་ཅང་ཞིམ་པོ་ཞིག་འཐུང་། སྐབས་དེར་དམག་མིས་སྦྱིན་བདག་ལ་ཁོ་ཧྥེ་ཡི་མིང་དྲིས་པ་ན་སྦྱིན་བདག་གིས་ས་མིང་འདྲི་བ་རེད་བསམ་ནས་མན་ཐི་ལེན་ཟེར་ཞེས་བཤད། འཐབ་འཛིང་མཇུག་རྫོགས་རྗེས་དམག་དེས་ཁོ་ཧྥེ་ཏུན་བཅོ་ལྔ་ཉོས་ཏེ་འཇར་པན་ལ་སོང་ནས་བཙོང་བས་ཚོང་ཧ་ཅང་བཟང་། མི་འདི་འཇར་པན་གྱི་ཁོ་ཧྥེ་ཚོང་བ་མིང་གྲགས་ཅན་ཞིག་ཡིན། དེའི་རྗེས་འཇར་པན་གྱི་ཚོང་པ་རྣམས་ཀྱིས་ཁོ་ཧྥེ་རིལ་བུ་བསལ་སྙིགས་ཐེངས་བཞི་ལ་བྱས་པའི་དངས་མས་བྱས་པ་ཞིག་དགོས་ཟེར་བ་ལྟར་བྱས་པ་ལ། གསེར་སེར་པོའི་མན་ཐི་ལེན་ཁོ་ཧྥེ་ཞེས་བྲོ་བ་ཤིན་ཏུ་ཞིམ་པའི་ཁོ་ཧྥེ་རུ་གྲགས། འདི་འཇར་པན་མ་ཟད་མེ་གླིང་དང་ཡོ་རབ་རྒྱལ་ཁབ་རྣམས་སུའང་འགྲན་རྩོད་བྱེད་པ་ཞིག་ཏུ་གྱུར།
ཐོན་ཁུངས་ཨ་མེ་རི་ཁ། འདི་ནི་ཁོ་ཧྥེ་རིལ་བུའི་ནང་ཕྱི་གཟུགས་ཆེས་མཛེས་པ་ཡིན། མདོག་སྣུམ་ལ་ནུས་བཅུད་ཕུན་སུམ་ཚོགས་ཤིང་། ཨ་མེ་རི་ཁའི་ཁུལ་ལྔ་བཅུའི་ནང་ཁོ་ཧྥེ་རྔོ་ས་ཆེས་བཟང་བའི་ལྟེ་གནས་གཅིག་པུ་ཡིན།
ཐོན་ཁུངས་ཨེ་སེ་ཨོ་ཕི་ཡ། སྤྱིར་ཨེ་སེ་ཨོ་ཕི་ཡ་རུ་ཁོ་ཧྥེ་ཐོན་སྐྱེད་བྱེད་ས་ལྔ་ཡོད། འདི་ཚང་མ་མཚོ་འཕགས་སྟོང་གཉིས་ཡན་ཡིན། ཧྭེ་ར་ཨུར་ནི་དེའི་ནང་གི་འཛམ་གླིང་སྟེང་མ་རྨོས་པར་ལྷན་སྐྱེས་སུ་ཁོ་ཧྥེ་སྡོང་བོ་སྐྱེ་ས་ཡིན། དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་སོང་ནས་མཐོ་བཙོང་བྱེད་པ་ཡིན།
ཁོ་ཧྥེ་དང་འབྲེལ་བའི་རྒྱུན་ཤེས།
ཁ་ན་ཏའི་བརྟག་དཔྱད་ཞིབ་འཇུག་ཆུང་རིགས་ཤིག་གི་མཇུག་འབྲས་ལྟར་ན། རྒྱུན་དུ་ཁོ་ཧྥེ་འཐུང་རྒྱུར་དགའ་བའི་ན་གཞོན་ཚོར་མཚོན་ན། ཁོ་ཚོའི་ཁྲག་རྩའི་ནང་གི་གཤེར་མའི་ཕུང་རྩི་འདྲེས་ཚད་རྒྱུན་ལྡན་གྱི་མི་ལས་མཐོ་བའི་དབང་གིས་གཅིན་པ་མངར་འགྱུར་གྱི་ནད་ཕོག་སླ་བ་རེད་ཟེར།ཁོ་ཧྥེ་འཐུང་ན་ལུས་ཕུང་ལ་གནོད་པའི་ལྟ་བ་དེར་དགག་ལན་སྤྲོད་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆེད་དུ་རྒྱུན་དུ་ཁོ་ཧྥེ་འཐུང་ན་ལུས་པོའི་བདེ་ཐང་ལ་ཕན་པ་ཞེས་པའི་རྩ་འཛུགས་ཤིག་བཙུགས་ཡོད། རྩ་འཛུགས་དེའི་མངའ་ཁོངས་སུ་གཏོགས་པའི་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་སྒྲིག་གཞིས་ཚན་རིག་པ20ལྷག་གི་རྩ་འཛུགས་རུ་ཁག་ཅིག་བསྡུས་ཏེ། ཞིབ་འཇུག་རྣམ་གྲངས1000ལྷག་ལ་ཕྱིར་དྲན་བྱས་པ་ན། ཞིབ་འཇུག་ཁ་ཤས་ལས་ཁོ་ཧྥེ་བཏུངས་ན་མཆིན་པའི་འབྲས་སྐྲན་དང་མངལ་སྐྲན་སྔོན་འགོག་བྱེད་ཐུབ་པ་ར་སྤྲོད་བྱུང་། ཁོ་ཧྥེ་དང་སྙིང་རྩའི་མ་ལག་བར་འབྲེལ་བ་དམ་པོ་ཡོད་པའི་སྐོར་ལ་ཨ་མེ་རི་ཁའི་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་ཏེ་ཤེས་པ་ལྟར་ན། ཁོ་ཧྥེ་ཚད་མཐུན་གྱི་སྒོ་ནས་བཏུངས་ན་སྙིང་ཁམས་དང་ཁྲག་རྩ་ལ་ཕན་པ་ལྡན། སྙིང་ནད་དང་ཁྲག་ནད་ཕོག་ཡོད་པའི་མིས་ཁོ་ཧྥེ་འཐུང་ན་སེམས་ཆུང་བྱེད་དགོས། ཁོ་ཧྥེ་འཐུང་ན་མིའི་རྣམ་རིག་ཇེ་གསལ་དུ་འགྲོ་བ་དང་ཁོ་ཧྥེ་འཐུང་ན་ད་དུང་མིའི་ལུས་སྟེང་གི་ཁྲག་འཁོར་རྒྱུག་བྱེད་པར་ཕན་ལ། ཞིབ་འཇུག་བྱས་པ་ལྟར་ན། ཁོ་ཧྥེ་འཐུང་ན་ཁྲག་ཤེད་ཅུང་ཙམ་ཇེ་མཐོར་འགྲོ་ངེས་ཡིན་མོད། འོན་ཀྱང་ཁྲག་ཤེད་ཇེ་མཐོར་འགྲོ་བ་དེ་ནི་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཡིན། དེ་བས་ཁོ་ཧྥེ་འཐུང་ན་ཁྲག་ཤེད་ལ་ཀུན་གྱིས་བཤད་པ་ལྟ་བུའི་གནོད་པ་ཆེན་པོ་མེད། དབྱི་ཐ་ལི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན།བུད་མེད་ཚོས་ཉིན་རེར་ཁོ་ཧྥེ་ཇ་ཕོར་ལྔ་རེ་འཐུང་ན་ཁྲག་ཤེད་མཐོ་བའི་ནད་ནུས་ལྡན་སྒོས་ཚོད་འཛིན་བྱེད་ཐུབ།ཞིབ་འཇུག་དེ་ནི་ཞུགས་མི5000ལས་བརྒལ་བའི་ཞིབ་འཇུག་ཆེན་མོ་ཞིག་ཡིན་པས་མཇུག་འབྲས་ལ་རིན་ཐང་ཆེན་པོ་ལྡན།
གནས་ཚུལ་གང་དག་གི་འོག་ཏུ་ཁོ་ཧྥེ་འཐུང་མི་རུང་ཞེ་ན། དུ་བ་འཐེན་དུས་ཁོ་ཧྥེ་འཐུང་མི་རུང་། དུ་བ་འཐེན་དུས་ཁོ་ཧྥེ་འཐུང་ན་རྣམ་རིག་ཇེ་གསལ་དུ་འགྲོ་ཆེ་བས། ལུས་པོ་ལ་འགྱུར་ལྡོག་ཆེན་པོ་འབྱུང་སླ། དཔེར་ན་འབྲས་སྐྲན་གྱི་ཕྲ་ཕུང་ཇེ་མང་དུ་གཏོང་བ་ལྟ་བུ། སྨན་འཐུང་དུས་ཁོ་ཧྥེ་འཐུང་མི་རུང་། རྒྱུན་མཐོང་གི་སྨན་མང་པོ་ཞིག་ཁོ་ཧྥེ་དང་ཡང་ན་ཇ་དང་བསྡེབས་ནས་འཐུང་མི་རུང་། དེ་ལྟར་འཐུང་ན་ཞེན་ཁ་ལོག་པ་དང་སྐྱུག་མེར་ལངས་པ། མགོ་ཡོམ་འཁོར་བ་བཅས་ཀྱི་ནད་རྟགས་འབྱུང་བ་དང་ཡང་ན་སྙིང་གི་འཕར་ལྡིང་རྒྱུན་ལྡན་མིན་པར་འགྱུར་འགྲོ། བྱིས་པས་ཁོ་ཧྥེ་འཐུང་མི་རུང་། རྒྱུ་མཚན་བྱིས་པའི་ལུས་པོ་མི་དར་མ་ལས་སྟོབས་ཞན་པས་ཁོ་ཧྥེ་འཐུང་ན་འཚབ་འཚུབ་དང་ཞེན་ཁ་ལོག་པའི་ནད་རྟགས་འབྱུང་སླ། སྦྲུམ་མ་དང་ནུ་མ་བསྣུན་པའི་དུས་ཀྱི་བུད་མེད་ཀྱིས་ཁོ་ཧྥེ་འཐུང་མི་རུང་། ཞིབ་འཇུག་བྱས་པ་ལྟར་ན། སྦྲུམ་མས་ཡུན་རིང་དུ་ཁོ་ཧྥེ་འཐུང་བ་དང་ཡང་ན་ཁོ་ཧྥེ་མང་འཐུང་བྱས་ན་མངལ་གནས་ཕྲུ་གུའི་དབང་རྩའི་མ་ལག་འཚར་སྐྱེ་རྒྱུན་ལྡན་མིན་པ་དང་། ཡང་ན་རིག་པ་མི་གསལ་བ་དང་རྐང་ལག་གི་འགུལ་སྐྱོད་ནུས་པ་ཞན་པ་སོགས་ཀྱི་གནས་ཚུལ་ངན་པ་འབྱུང་བའི་ཉེན་ཁ་འདུག
ཉེ་ཆར།《ཡོ་རོབ་ཀྱི་ནད་ཡམས་རིག་པའི་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ལས་མངོན་པར་གཞིགས་ན། ཁོ་ཧྥེ་འོས་འཚམ་འཐུང་ན་ཚེ་ཐག་ཇེ་རིང་དུ་གཏོང་བ་དང་འབྲེལ་བ་ཡོད་ཅེས་བྲིས་འདུག་ལ། ཞིབ་འཇུག་འདིའི་ངོས་ནས་བརྗོད་ན། ཉིན་ལྟར་ཁོ་ཧྥེ་ཕོར་བ་གཉིས་འཐུང་ན་སྔོན་དཔག་ཚེ་ཚད་ལོ་གཉིས་ཇེ་རིང་དུ་གཏོང་ཐུབ་ཟེར། ཟླ5ཚེས4ཉིན། གོང་གི་ཞིབ་འཇུག་དེ་《ཡོ་རོབ་ཀྱི་ནད་ཡམས་རིག་པའི་དུས་དེབ》སྟེང་བཏོན་པ་རེད། ཞིབ་འཇུག་རྣམ་གྲངས40ནང་གི་ཚོད་ལྟ་བྱ་ཡུལ་མི་ས་ཡ་གསུམ་འབུ་བརྒྱད་ཁྲི་ལྔ་སྟོང་གཉིས་དྲུག་བརྒྱ་ལྔ་བཅུ་ང་གཅིག་དང་། དེ་བཞིན་ཤི་རྐྱེན་རིགས་འབུམ་བཞི་ཁྲི་ལྔ་ལྷག་ལ་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཞིབ་འཇུག་མི་སྣས་ཤེས་རྟོགས་བྱུང་བར། ན་ཚོད་དང་། ལུས་ཀྱི་ལྗིད་ཚད། ཆང་འཐུང་བ། ཐ་མག་འཐེན་པ། ཁོ་ཧྥེ་ནང་གི་ཁོ་ཧྥེན་འདུས་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་མི་གཏོང་བའི་གནས་ཚུལ་འོག ཁོ་ཧྥེ་འཐུང་བ་ནི་རྒྱུ་རྐྱེན་ཧྲིལ་པོའི་ཤི་ཚད་དང་ལྡོག་ཕྱོགས་ཀྱི་འབྲེལ་བ་ཡོད། དེ་ལས་གཞན། ཞིབ་འཇུག་དེས་ད་དུང་ཁོ་ཧྥེ་འཐུང་བ་དང་ཤི་ཚད་ཀྱི་ས་ཁུལ་གྱི་ཧེ་བག་དེ་ཡོ་རོབ་དང་ཨེ་ཤེ་ཡར་ཨ་རི་ལས་ལྷག་པའི་ལྡོག་ཕྱོགས་ཀྱི་འབྲེལ་བ་མངོན་ཡོད་པ་བསྟན་པ་རེད། ཞིབ་འཇུག་མི་སྣས་བསྟན་དོན། ཁོ་ཧྥེ་མི་འཐུང་བའི་མི་དང་བསྡུར་ན། ཁོ་ཧྥེ་འོས་འཚམ་འཐུང་བ་སྟེ། དཔེར་ན་ཉིན་རེར་ཕོར་བ2ནས4འཐུང་ན། རྒྱུ་རྐྱེན་ཧྲིལ་པོ་དང་དམིགས་བསལ་རྒྱུ་རྐྱེན་གྱི་ཤི་ཚད་ཇེ་དམའ་རུ་གཏོང་བར་ཕན་པ་ཡོད། སྔོན་དཔག་ཚེ་ཚད་ཇེ་མཐོར་གཏོང་བ་ལས་གཞན། ཁོ་ཧྥེ་འཐུང་ན་སྐྲན་ནད་དང་སྙིང་གི་ཁྲག་རྩའི་ནད། གཅིན་པ་མངར་འགྱུར་གྱི་ནད། དབུགས་ལམ་གྱི་ནད་སོགས་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། འོས་འཚམ་གྱི་ཁོ་ཧྥེ་འཐུང་ན་སྔོན་དཔག་ཚེ་ཚད་ཇེ་མཐོར་གཏོང་ཐུབ་བམ། ཧྥ་རན་སིའི་རྒྱལ་ཁབ་བདེ་ཐང་དང་གསོ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་འགན་འཛིན་པ་AstridNehligཡིས《གཟའ་ཉི་མའི་ཐའེ་ཝུའུ་ཧྲིའི་ཚགས་པར》སྟེང་བརྗོད་དོན། “དེ་རྩིས་རྒྱག་རྒྱུ་དཀའ་ལས་ཁག་པོ་ཞིག་རེད། ཁོ་ཧྥེ་ཡིས་བློ་རྩེ་གཅིག་ཏུ་བཏོད་པའི་ནུས་པ་དང་བསམ་གཞིགས་ཀྱི་ཚོར་སྐྱེན་རང་བཞིན་མཐོ་རུ་གཏོང་ཐུབ་པ་ནི་དེའི་ནང་གི་རྒྱུ་རྐྱེན་ཁ་ཤས་ཙམ་རེད།”ཅེས་ཟེར། དོན་དངོས་ཐོག《2015ལོ་ནས2020ལོའི་བར་གྱི་ཨ་རིའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན》ཞེས་པའི་ནང་། ཉིན་རེར་ཀ་ར་དང་འོ་མ་མི་བསྲེས་པའི་ཁོ་ཧྥེ་ཕོར་བ་3་ནས་5་བར་འཐུང་རྒྱུ་དེ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པར་བསྟན། ཀྲུང་གོ་འཚོ་བཅུད་སློབ་ཚོགས་ཀྱི《བཟའ་བཅའ་དང་བདེ་ཐང་སྟེ། ཚན་རིག་དང་མཐུན་པའི་དཔང་རྟགས་ཀྱི་ཐུན་མོང་ངོས་འཛིན》ནང་ཁོ་ཧྥེ་(ཉིན་རེར་ཁོ་ཧྥེ་ཕོར་བ3ནས4འཐུང་བ།)འོས་འཚམ་ངང་འཐུང་ན་གཅིན་པ་མངར་འགྱུར་གྱི་ནད་ཀྱི་ཉེན་ཁ་ཆུང་དུ་འགྲོ་སྲིད་ཅེས་བསྟན་ཡོད། རྒྱལ་སྤྱིའི་གཅིན་པ་མངར་འགྱུར་ནད་ཀྱི་མནའ་འབྲེལ་དང་ཨ་རིའི་གཅིན་པ་མངར་འགྱུར་ནད་ཀྱི་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་གཅིན་པ་མངར་འགྱུར་ནད་པས་འོས་འཚམ་གྱི་སྒོ་ནས་ཁོ་ཧྥེ་འཐུང་ཆོག་པ་དང་། ཁོ་ཧྥེ་རྐྱང་པ་ནི་བདེ་ཐང་ཟས་རིགས་ཀྱི་ཆ་ཤས་ཤིག་བྱས་ཆོག་པར་འདོད། ད་དུང་བདེན་དཔང་ཁག་ཅིག་ལས་ཁོ་ཧྥེས་སྐྲན་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་དཔེར་ན། ནུ་མའི་སྐྲན་ནད་དང་བུ་སྣོད་ནང་སྐྱིའི་སྐྲན་ནད། མཆིན་པའི་སྐྲན་ནད་སོགས་ལྟ་བུའོ། དེ་མ་ཟད་ལུས་རྩལ་གྱི་འཚོ་བཅུད་ཆེད་མཁས་པས་ཁོ་ཧྥེ་འཐུང་ན་ལུས་རྩལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པའི་ངོས་འཛིན་བྱེད་བཞིན་ཡོད་དེ། ལུས་ཕུང་སྦྱོང་བརྡར་མ་བྱས་གོང་གི་ཆུ་ཚོད་ཕྱེད་ཀའི་ནང་དུ་ཁོ་ཧྥེ་ཕོར་བ་གང་འཐུང་ན། མི་རྣམས་ཀྱིས་འགུལ་སྐྱོད་ཁྲོད་བློ་རྩེ་གཅིག་ཏུ་སྒྲིམ་ནས་འགུལ་སྐྱོད་ཀྱི་ཐེག་ཤུགས་ཇེ་མཐོར་གཏོང་བར་རོགས་རམ་བྱེད་ཐུབ་པ་དང་ལུས་སྦྱོང་ལ་ཕན་པ་ཡོད་པར་བསྟན་པ་རེད། འོ་ན། ཉིན་རེར་ཁོ་ཧྥེ་ག་ཚོད་འཐུང་ན་ཆོག་གམ་ཞེ་ན།«ཁོ་ཧྥེ་དང་བདེ་ཐང་གི་འབྲེལ་ཡོད་ཚན་རིག་གི་ཐུན་མོང་ངོས་འཛིན»ནང་བསྟན་པའི་བསམ་འཆར་ལྟར་ན།བདེ་ཐང་གི་མི་དར་མས་ཉིན་རེར་ཕོར་བ3ནས5འཐུང་བ་ནི་འོས་འཚམ་ཡིན་ཏེ།ཉིན་རེར་ཁོ་ཧྥེན་ཧའོ་ཁེ210ནས་400ལས་བརྒལ་མི་རུང་།
དུས་ཆེན་གྱི་སྤྲོ་སྐྱིད་ལ་རོལ་ཚར་རྗེས་སུ་ལས་ཀའམ་ཡང་ན་སློབ་གྲྭར་འགྲོ་བའི་ཉིན་དང་པོར། གྲོགས་པོ་མང་པོ་ཞིག་གིས་ཁོ་ཧྥེ་ལ་བརྟེན་ནས་ལུས་ཤུགས་གསོ་བཞིན་ཡོད་དམ། ཐ་མག་དང་ཆང་། ཁོ་ཧྥེ། གོ་ཡུ་བཅས་ནི་འཛམ་གླིང་སྟེང་དུ་མི་རྣམས་དབྱིངས་ཞུགས་སླ་བའི་འཛད་སྤྱོད་ཐོན་རྗས་ཡིན། འོན་ཀྱང་ཐ་མག་དང་ཆང་། གོ་ཡུ་བཅས་ནི་འབྲས་སྐྲན་སྐྱེད་རྫས་རིམ་པ་དང་པོའི་རིགས་རེད། དེ་བས་ཁོ་ཧྥེ་འཐུང་རྒྱུར་དགའ་བའི་གྲོགས་པོ་མང་པོ་ཞིག་གི་སེམས་སུ་ཁོ་ཧྥེ་འཐུང་ན་འབྲས་སྐྲན་འབྱུང་སྲིད་དམ་ཞེས་པའི་དོགས་གཞི་ཡོད་སྲིད། ཁོ་ཧྥེ་ཡིས་སྐྲན་ནད་སློང་སྲིད་དམ། ཁོ་ཧྥེའི་ནང་དུ་ཡོད་པའི་སྐྲན་སྐྱེད་རྫས་ཞི་ཤན་ཨེན་ག་པ་ནི་ཁོ་ཧྥེའི་སྲན་རིལ་ཁྲོད་ཀྱི་དངོས་པོ་མིན་ལ། ཚོང་པས་ཁ་སྣོན་བྱས་པ་ཡང་མ་ཡིན་པར། དེ་ནི་ཁོ་ཧྥེ་རྔོ་བའི་བར་སྐབས་སུ་རང་བཞིན་གྱིས་བྱུང་བ་ཞིག་རེད། དྲོད་ཚད་མཐོན་པོས་རྔོ་བའམ་སྲེག་པའི(ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དང་སྤྲི་དཀར་རྫས་འདུས།)ཟས་རིགས་ཚང་མར་གྲངས་ཚད་ངེས་ཅན་གྱི་ཞི་ཤན་ཨེན་ག་པ་འབྱུང་སྲིད། དཔེར་ན་ཞོག་ཁོག་ལེབ་མོ་དང་། ཀ་ར་གོ་རེ། སྣུམ་བཙོས་བག་ལེབ། མོག་མོག་བསྲེགས་མ། ལུག་ཤ་བསྲེགས་མ་སོགས་ཀྱི་ནང་དུའང་ཞི་ཤན་ཨེན་ག་པ་ཡོད། དོན་དངོས་སུ་ཞི་ཤན་ཨེན་ག་པ་ལ2Aརིམ་པའི་སྐྲན་སྐྱེད་དངོས་པོར་བརྗོད་པ་དང་། ཡང་གཅིག་བཤད་ན་དེས་འབྲས་སྐྲན་སློང་སྲིད། འོན་ཀྱང་མིག་སྔའི་བར་ཞི་ཤན་ཨེན་ག་པས་མིའི་ལུས་ཁམས་ལ་སྐྲན་ནད་སློང་བའི་ཉེན་ཁའི་ཐད་དུ་སྔར་བཞིན་རྩོད་གཞི་ཡོད་པ་དང་། ཚོད་ལྟའི་མཇུག་འབྲས་གསལ་པོ་མེད། སྲོག་ཆགས་ལ་ཚོད་ལྟ་བྱེད་སྐབས་སུ་ཞི་ཤན་ཨེན་ག་པས་སྐྲན་ནད་སློང་སྲིད་པ་ཤེས་ནའང་། མཇུག་འབྲས་དེ་འབྱུང་བར་དུས་ཡུན་རིང་པོའི་ནང་ལ་སྲོག་ཆགས་ཀྱི་ལུས་ལ་ཞི་ཤན་ཨེན་ག་པ་འཇུག་དགོས། དེ་ཁོ་ཧྥེ་ལྟར་རྩིས་ཤིག་བརྒྱབ་ན། ཉིན་རེར་ཁོ་ཧྥེ་ཕོར་པ་བཅུ་ཕྲག་ཁ་ཤས་འཐུང་ན་ད་གཟོད་སྐྲན་ནད་འབྱུང་བའི་ཉེན་ཁ་ཡོད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་དུ་ཁོ་ཧྥེ་འཐུང་མཁན་ལ་མཚོན་ན་སྐྲན་ནད་ཁ་ཤས་ཕོག་ཚད་ཐ་ན་ཇེ་དམའ་རུ་སོང་ཡོད། ཁོ་ཧྥེ་ཡིས་སྐྲན་ནད་སློང་བའམ་ཡང་ན་སྐྲན་ནད་སྔོན་འགོག་བྱེད་པ་གང་ཡིན་པ་ད་ལྟ་ཐག་གཅོད་རྒྱུ་སྔ་དྲགས་འདུག མཇུག་མཐར་ཚང་མར་གསལ་འདེབས་བྱ་རྒྱུ་ཞིག་ནི། ཐ་མག་དང་རིང་དུ་གྱེས་རོགས་མཛོད། རྒྱུ་མཚན་ཐ་མག་གི་ནང་དུ་ཞི་ཤན་ཨེན་ག་པའི་འདུས་ཚད་དེ་ཁོ་ཧྥེ་དང་ཞོག་ཁོག་ལེབ་མོ་ལས་ཧ་ཅང་མཐོ། དེ་མིན་ཁྱོད་ཀྱིས་གཟའ་འཁོར་གཅིག་ལ་ཁོ་ཧྥེ་ཕོར་པ་ག་ཚོད་འཐུང་བཞིན་ཡོད་དམ།