ངོ་མ་མི་ཕྲིས་ཀི བཙིར་སར་མི་འགྲོ་གི སྙན་ངག་ནི་སྐྱག་པ་བཙིར་བཙིར་བྱས་ནས་ཡོང་བ་ཞིག་རྩ་བ་ནས་མ་རེད།
འབྲོག་སྐྱ་བོས
ལྷ་ས་ནས་མངའ་རིས་དང
ཞང་ཞུང་ནས་སྤུ་ཧྲེང
གངས་སྐོར་དང་མཚོ་སྐོར་བྱེད་ཞོར
ག་ལེ་ག་ལེར་བྱས་ནས
བོད་ཡུལ་གྱི་ས་ཆ་གང་སར་འཁྱམས་བསྐྱོད་བྱས
ལོ་འགའི་ནང་དུ་དཔེ་དེབ་དག་ཀྱང་གཅིན་པ་གཏོང་གཏོང་བྱས
ང་ལ་དངུལ་སྐར་གང་མེད་པས
ངས་བོད་ཡུལ་སྐོར་རྒྱུ་ཕར་ཞོག
བར་སྐོར་གླིང་ཉུལ་ཙམ་བྱས་རུང
ལག་པ་ཙམ་ཡང་འགུལ་མ་ཕོད་པས
ཐ་ན་ཉིན་རེར་རྩོམ་ཡིག་ཐུང་ངུ་ཞིག་ཀྱང་འབྲི་ཐུབ་ཀྱིན་མེད
གཉེར་རིས་དང་པོ་དེ་ནི
ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ
དཀའ་སྡུག་མྱངས་ནས་བཏོད་པ་རེད
གཉེར་རིས་གཉིས་པ་དེ་ནི
ཚེ་སྔོན་ལན་ཆགས་ཞིག་གམ
མི་འདོད་ནད་ཀྱིས་མནར་ནས་བཏོད་པ་རེད
གཉེར་རིས་གསུམ་པ་དེ་ནི
ང་དང་ངའི་ནུ་བོ་གཉིས་ལ་སློབ་ཡོན
སྡུག་གསོག་མུག་གསོག་བྱེད་སྐབས་བཏོད་པ་རེད
གཉེར་རིས་བཞི་བ་དེ་ནི
ཚ་བོ་ཚ་མོ་དག་ལ་ལྟ་སྐྱོང་བྱེད་ཆེད
ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་བཏོད་པ་རེད
སྙན་ངག་མ་ཕྲིས་པའི་སེམས་ཁྲལ།
ངས་མི་ཚེ་འདིར
སེམས་ཁྲལ་གྱི་ཞྭ་མོ་ཕུད་མ་མྱོང
དེ་བས་ཀྱང་ངས་མི་ཚེ་འདིར
སྙན་ངག་མ་ཕྲིས་པས་སེམས་ཁྲལ་བྱེད་དགོས་བྱུང
ཚུལ་དེ་ནི་དཔེར་ན་རོལ་མོ་བ་ཞིག་གིས
དབྱངས་རྟ་སྙན་མོ་ཞིག་དཀྲོལ་མ་ཐུབ་པ་དང་འདྲ
དེ་བཞིན་གླུ་བ་ཞིག་གིས
གླུ་གཞས་སྙན་མོ་ཞིག་ལེན་མ་ཐུབ་པ་དང་ཡང་འདྲ
དེ་བས ངས་ཅིས་ཀྱང་སྙན་ངག་ཅིག་འབྲི་དགོས་སྙམ་མོད
སྙན་ངག་ཅིག་མ་ཕྲིས་པས་སེམས་ཁྲལ་ཇེ་ཆེ་རུ་གྱུར་སོང
བོར་སོང་།
ངས་རྟ་ཞིག་བོར་སོང
རྟ་སྒ་སྲབ་དང་བཅས་ཏེ་བོར་སོང
ངས་མི་ཞིག་བོར་སོང
རྨི་ལམ་དང་བཅས་ཏེ་བོར་སོང
རང་ཉིད་ཀྱི་མི་རིགས་དང
སྐད་དང་ཡི་གེ་ཡང་བོར་སོང
ཡིན་ནའང ངས་འུ་གཉིས་ཀྱི་གཏམ་རྒྱུད་དེ་དག
ནམ་ཡང་སེམས་ནས་བོར་མྱོང་མེད
འུ་གཉིས་མཉམ་ཉལ་མཉམ་ལངས་བྱས
འུ་གཉིས་མཉམ་ཟ་མཉམ་འཐུང་བྱས
ཐ་ན་གཅིན་སྐྱག་བཏང་དུས་སུ
ཕན་ཚུན་སྲུང་མྱོང་ཡོད་མོད
ཐ་མ ཁ་ཁར་བུད་སོང
ད་ནས་བཟུང
འུ་གཉིས་འཕྲད་སྲིད་དམ
ལས་དང་སྨོན་པ་འགྲིག་རུང
འུ་གཉིས་ངོ་ཤེས་ཡིན་ནམ
ཁྱོད་ནི་ཉི་མ་ཡིན་ན
སྲིད་པ་ཆགས་ནས་ཚུན་ཆོད་དུ
སྐྱེ་བ་འདིའི་བར་ཐག་གིས
ང་ཁྱོད་ཀྱི་ཉེ་བར་བཅར་ཐབས་མི་འདུག
ངས་ཅིའི་ཕྱིར་སྙན་ངག་བྲིས་པ་རེད
རྒྱུ་མཚན ང་སྙན་ངག་ལ་དགའ་བས་ཡིན
ངས་ནམ་རྒྱུན་སྙན་ངག་འབྲི་དུས
གློ་རྡེག་ཏུ་ངས་ཅིའི་ཕྱིར་སྙན་ངག་བྲིས་པ་རེད་བསམ་བྱུང
ངས་དེ་ལྟར་གློའུ་འདང་བརྒྱབ་པ་ཡིན
འདང་མ་ཕོག་ཚེ དེ་ནི་མནར་གཅོད་ཅིག་རེད
འདང་ཕོག་ཚེ དེ་ནི་བདེ་སྐྱིད་ཞིག་རེད
ཁྱེད་རང་མཚོ་སྔོན་པོའི་གཏིང་རིམ་ལ་འཐིམས་ནས
ཏག་ཏག་མི་ལོ་ལྔ་འགོར་སོང་མོད ཡིན་ནའང
བྱིས་སྒྲུང་ལ་དགའ་བའི་བྱིས་པ་ཚོས་ཁྱེད་རང་བརྗེད་མི་སྲིད་ལ
འབུ་མེ་ལྕེབས་ཀྱིས་ཁྱེད་རང་དེ་བས་བརྗེད་མི་སྲིད
ད་སྐབས་ཁྱེད་རང་གང་དུ་ཡོད གང་ཞིག་ལ་བུད་སོང
གང་ཞིག་ནས་བྱིས་པ་ཚོར་བྱིས་སྒྲུང་འབྲི་བཞིན་ཡོད
གང་ཞིག་ནས་འབུ་མེ་ལྕེབས་ལ་རྩོམ་ཡིག་འབྲི་བཞིན་ཡོད
གང་ཞིག་ནས་གསེར་ཉྭའི་ལས་དབང་གླེང་བཞིན་ཡོད
རྨ་ཆུ་ལྟ་བུའི་ཁྱོད་ནི
ཕྱི་ཐག་རིང
མེ་ལྕེ་ལྟ་བུའི་ཁྱོད་ནི
དབལ་ཚ
ཀ་ར་ལྟ་བུའི་ཁྱོད་ནི
རོ་མངར
མདོར་ན ཁྱོད་ནི་ཆུ་ཚན་ཟོ་གང་དང་འདྲ་ལ
དེས་ངའི་ལུས་སེམས་བཀྲུ་ཆོག
ང་ནི་ས་ཡིན་ན
ང་ནི་ཆུ་ཡིན་ན
ང་ནི་མེ་ཡིན་ན
ང་ནི་རླུང་ཡིན་ན
དྲང་མོར་བཤད་ན
ང་ནི་ཅི་ཡང་མིན
ང་ནི་ང་རང་ཁོ་ན་ཡིན
ང་ནི་རང་ལས་ཅི་ཡང་མིན
ཧེ་ཙིས་ལྕགས་ཟམ་ཁ་ནས
ཨ་ཅེ་དྲན་མྱོང་ལ
གླང་རྫིས་དགུ་ཚིགས་དབྱིངས་ནས
ཐག་མཁན་བུ་མོ་དྲན་མྱོང་མོད
ངས་མཐའ་ན་ལྐོག་ནས་ཀྱང
ཁྱོད་རང་ཐེངས་གཅིག་དྲན་མ་ཕོད
ངས་རི་རབ་ཀྱི་ཁོང་གསེང་གཏོར་ཏེ
ཁྱོད་རང་བཙལ
ངས་རྒྱ་མཚོ་ཡི་གཏིང་རིམ་ཉུལ་ནས
ཁྱོད་རང་བཙལ
ངས་ཁྱོད་རང་བཙལ་བཙལ་མཐར
ངས་རྙེད་པ་ནི་ཁེར་རྐྱང་ཁོ་ན་རེད
ངའི་འདང་ཆེན་རོགས་ལོ་བདེ་མོ
ངའི་ཨ་ཕ་ནི
ར་ལོའི་ཨ་ཕ་ནང་བཞིན
ཨ་ཕ་གཞན་དག་དང་མི་འདྲ་བར
ང་ལ་ཀ་ར་གཅིག་ཀྱང་ཉོས་མ་མྱོང
མཐའ་ན ང་ལ་འོ་ཞིག་ཀྱང་བྱེད་མ་མྱོང
ལོ་འདི་དག་གི་རིང་ལ
ངས་སྙན་ངག་གི་ཕོ་བང་བཞེངས་དོན
སྙན་ངག་ལྟ་བུའི་ཆུང་མ་ཞིག་བསུ་ཆེད་ཡིན
ཡིན་ནའང སྙན་ངག་མ་གཏོགས
ང་ལ་དགའ་མཁན་ཞིག་མི་འདུག་སྟེ
སྙན་ངག་གཅིག་པུས ང་ལ་འདུག་རོགས་བྱས
ངས་ཀྱང་སྙན་ངག་ཁོ་ན་བློས་བཏང་བྱེད་མ་མྱོང
ངས་ཁྱོད་རང་ཁྲིད་དེ
ལྷ་སར་འགྲོ་ན་འདོད
ས་དེ་ན
གཉེན་ཉེ་དང་གྲོགས་པོ་མེད
ངས་ཁྱོད་ལ་ས་ཆ་དེ་ནས་སྐྱེ་བ་སྔོན་མ་ཞིག་ལ
འདི་ནས་ངས་ཁྱོད་ལ་བསྒུག་མྱོང་ཞེས་བརྗོད་ན་འདོད
མགོ་ལོག་ནི
ས་འཁྱག་ས་ཞིག་རེད
དེ་བས་ཀྱང་སེམས་འཁྱག་ས་ཞིག་རེད
ངས་འདི་ནས་རྒྱང་རིང་དྲན་ཡོང་ལ
རྒྱང་རིང་གི་ཁྱེད་རང་དྲན་ཡོང
ཁྱེད་ཀྱི་ཁ་བ་ལྟ་བུའི་བརྩེ་འདང་དེ་དྲན་ཡོང
ས་རྡུལ་གྱིས་གཡོགས་པའི་ས་ལམ་སྟེང་དུ
གླ་གཏོང་རླངས་འཁོར་ཞིག་ཡོང་གིན་འདུག
རླངས་འཁོར་ནང་དུ
མཆོད་མཇལ་དུ་ཆས་པའི་འབྲོག་པས་ཁེངས་འདུག
ང་རླངས་འཁོར་ནང་དུ་བསྡད་པ་ན
ཁོ་ཚོས་ཁྱོད་རང་གང་ནས་འོང་ཞེས་ང་ལ་དྲི་བ་འདྲི་འགོ་བརྩམས་པས
ངས་ལན་མང་པོ་ཞིག་འདེབས་དགོས་བྱུང
དེ་གས་བུ་མོ་ཞིག་གིས ང་ལ་ས་མ་རུབ་སྔོན་རྫོང་ལ་ཐོན་ཐུབ་ཟེར
ད་དུང་མོས་ང་ལ་ཁ་པར་ཨང་གྲངས་སློང་བས
ང་རང་ཚབ་ནས་གླ་གཏོང་གི་གླ་ཡང་སྟེར་རྒྱུ་བརྗེད་སོང
ངའི་མཐོང་ལམ་དུ
ཅུང་ཙམ་ནས་ཁོ་ཚོ་ནུབ་ཁའི་མཚམས་སྤྲིན་ལ་འཐིམས་སོང
ད་སྐབས ཨ་ཕྱི་ནི་རྒས་པོ་ཞེ་དྲག་རེད
ངས་ལོ་བདུན་ཅུ་ཅན་གྱི་ཨ་ཕྱི་མཐོང་བྱུང
སྐད་ཆ་རྡབ་རྡིབ གོམ་པ་འཁྱར་འཁྱོར
ད་དུང་སྐྲ་ལོ་དུང་ལྟར་དཀར་བས
ལོ་འགའི་སྔོན་དང་འདྲ་བོ་མི་འདུག
ལོ་འདི་དག་གི་རིང་དུ
སེམས་ཚེགས་དེས་ཨ་ཕྱི་ནད་པར་བཏང་སོང
ད་དུང བུ་བུ་མོ ཚ་བོ་ཚ་མོ་ཚོའི་དོན་དུ
ལག་རྟེན་ལྟ་བུའི་ཨ་ཕྱི ཆགས་ལ་ཁད
ཨ་མ་ལྟ་བུའི་ཨ་ཕྱི ལོག་ལ་ཁད
དོ་ནུབ་ངས་ཐ་སྙད་ཆག་རོ་འགའ་ལ
འདང་བརྩེ་བཞག་སྟེ་སེམས་པ་མཚོན་པའི་སྙན་ངག་བྲིས
སྐབས་དེར་ཁྱོད་རང
ཟླ་བ་བཞིན་ངའི་སེམས་སུ་ཚེས་བྱུང
ངས་སྨྱུག་གུ་བཟུང་སྟེ་འབྲི་དེབ་ཀྱི་སྟེང་དུ
ཚིག་བཙུར་ཞིང་དབྱངས་བོས་ནས་བྲིས་པ་ཡིན
ཐ་སྙད་ཀྱི་ཨོང་བ་མེ་ལ་སྦར་ཞོར
ང་ངུ་མྱོང་ལ་བགད་ཀྱང་མྱོང
ངས་ལག་པ་འགུལ་ཞིང་སེམས་པ་གཏན
ལྡང་མིག་ཅེར་ཏེ་དབུགས་འབྱིན་ནས
དབྱངས་ཅན་མའི་མཚན་ནས་བཟུང་ཞིང་ངག་ནས་བོས
གསོལ་འདེབས་སྣལ་མ་རེ་བཏབ་སྟེ་ཡིད་ཀྱི་འཁྲི་ཤིང་དུ་བོས
ཁྱོད་ཀྱི་བཟོ་ལྟ་དེས
ཡུན་རིང་ལ་མ་འཕྲད་པའི་གྲོགས་པོ་དག་དྲན་པར་བྱས
ང་ཐོག་མར་གྲོགས་པོ་དག་ལ་འཕྲད་དུས
འདི་ལྟར་ང་ལ་ཅེར་གྱིས་བལྟས
ཕྱིས་སུ་ངེད་ཅག་ཁ་གྱེས་དུས
ཡང འདི་ལྟར་ང་ལ་ཅེར་གྱིས་བལྟས
འུ་གཉིས་ལ་འདས་དོན་ཞིག་གང་ན་ཡོད
མཐའ་ན སྒོ་སམ་སྟེང་གི་ཡི་གེ་ལྟ་བུའི
སློབ་ཐུན་གཅིག་གི་རྗེས་སུ་བསུབ་དགོས་པ་ཙམ་ཞིག་མེད
སློབ་མཐར་ཕྱིན་རྗེས
ང་དམར་ལམ་ལམ་གྱིས་འབར་ཞིང
ཁྱོད་ཤག་ཤག་གིས་བཞུར་སོང
ངས་བཤད་མ་ཕོད་པའི་སྙིང་གཏམ་དེ་དག
ཁྱོས་སྒུག་སྒུག་མཐར
ངའི་མགྲིན་པ་ནས་རུལ་སོང
འུ་གཉིས་ལ་ལས་དབང་མེད་པས་གཏམ་རྒྱུད་མེད
ཅི་ཡང་མེད ཅི་ཡང་མེད
ཨ་མ་ཁྱོད་ཀྱིས་ངའི་བྱིས་དུས་ཀྱི་སྤང་ཐང་ལ
ནོར་ཁྱུ་འཚོས་མྱོང་མེད་མོད ཡིན་ནའང
ཁྱོད་ཀྱིས་ང་ལ་མི་ལུས་གནང་མྱོང
ཨ་མ་ཁྱོད་ཀྱིས་ང་འཚར་དུས་ཀྱི་ལོ་ཟླ་ལ
དཔུང་རོགས་བྱས་མྱོང་མེད་མོད ཡིན་ནའང
ཁྱོད་ཀྱིས་ང་ལ་སེམས་ཁུར་བྱང་མྱོང
ཚོད་ཚོད་ལ
ཁྱོད་རང་འཁྱགས་རོམ་ལྟར
བདག་གི་ལུས་སྟེང་དུ་ཞི་བཞིན་འདུག
ཚོད་ཚོད་ལ
ཁྱོད་རང་མེ་ལྕེ་བཞིན
བདག་གི་སེམས་ཁོང་དུ་འབར་གྱིན་འདུག
ད་ལོ་ཁ་བ་འབབ་པ་མང་ལ
ཁ་བ་ཅི་ལྟར་བབ་ཀྱང
ཁ་བ་ཞུ་འགྲོ་ངེས
དེ་བས
བུ་མོ་ཁྱོད་རང
ཁ་བ་བཞིན་ཞུ་རྩིས་ཡོད་དམ
ང་ཚོ་ནམ་མཁའི་བྱ་ཁྱུ་བཞིན་གཤོག་པ་བརྐྱངས་ཏེ
གཙང་བོ་དང་རི་བོ་བརྒལ་ནས
རྒྱང་རིང་ལ་འཕུར་མི་ཆོག་མོད
ཡིན་ནའང ང་ཚོ་རྒྱང་རིང་ལ་དགའ
རྒྱང་རིང་ན་འཚོ་སྡོད་བྱེད་པའི་མི་རེ་རེ་ལའང་སྙིང་ནས་དགའ
ང་ཁྱེད་ལ་ཟུར་ནས་འགྲོ་མཁན་དེ་ཡིན་ལ
ང་ཁྱེད་ལ་ལྐོག་ནས་ལྟ་མཁན་དེའང་ཡིན
ང་ཁྱེད་ལ་ཨང་གྲངས་སློང་མཁན་དེ་ཡིན་ལ
ང་ཁྱེད་ལ་ཁ་པར་ཡོང་མཁན་དེའང་ཡིན
ང་ཁྱེད་ལ་སྙན་ངག་འབྲི་མཁན་དེ་ཡིན་ལ
ང་ཁྱེད་ལ་དྲན་པ་འཇོག་མཁན་དེའང་ཡིན
ང་ཁྱེད་ལ་མིག་ཆུ་གཏོར་མཁན་དེ་ཡིན་ལ
ང་ཁྱེད་ལ་སེམས་གཏམ་བཤད་མཁན་དེའང་ཡིན
ང་ཁྱེད་ལ་གཞས་ཚིག་འབྲི་མཁན་དེ་ཡིན་ལ
ང་ཁྱེད་ལ་གླུ་གཞས་ལེན་མཁན་དེའང་ཡིན
མདོར་ན་ང་ཁྱེད་ལ་ངོ་མ་དགའ་མཁན་དེ་ཡིན
ཁྱོད་ཀྱིས་ང་དྲན་ནས་མ་ངུས་ན་རེད
ཁྱོད་ཀྱིས་རང་གི་གྲོགས་པོ་དེ་དག་ལ་སུན་པོ་མ་བཟོས་ན་རེད
ཁྱོད་ཀྱིས་ང་གླེང་ནས་མ་སྨྲེང་ན་རེད
ཁྱོད་ཀྱིས་རང་གི་ལུས་ལ་རྨ་ཁ་མ་བཟོས་ན་རེད
ཁྱོད་ཀྱིས་ངའི་ཆེད་དུ་ཟས་ཀྱི་ཡི་ག་མ་ཆད་ན་རེད
ཁྱོད་ཀྱིས་ངའི་ཆེད་དུ་ཁོ་ལ་འབྲེལ་ཐག་མ་བཅད་ན་རེད
ཁ་སང་ཁྱོད་ནི་སྤྲིན་དཀར་བཞིན་ནམ་མཁའ་ན་རྒྱུ
དེ་རིང་ཁྱོད་ནི་འཇའ་ཚོན་བཞིན་མེད་པར་གྱུར
ཁ་སང་ཁྱོད་ནི་མེ་ཏོག་བཞིན་སྤང་ལ་བཞད
དེ་རིང་ཁྱོད་ནི་ཕྱེ་ལེབ་བཞིན་མེད་པར་གྱུར
ཁ་སང་ཁྱོད་ནི་ཕ་མ་བཞིན་ང་ལ་དགའ
དེ་རིང་ཁྱོད་ནི་དགྲ་བོ་བཞིན་ང་ལ་སྡང་
ཁ་སང་ཁྱོད་ནི་ཆུ་རྡོ་བཞིན་བརྟན་རབ་བཤད
དེ་རིང་ཁྱོད་ནི་གྱང་རྩྭ་བཞིན་རླུང་གིས་ཁུར
གལ་ཏེ
སྙན་ངག་ཟེར་བ་ཞིག་མེད་ནའང
འཇིག་རྟེན་སྔར་བཞིན་གནས་སྲིད་ལ
ངའང་སྔར་བཞིན་གསོན་ཐུབ་མོད
འོན་ཀྱང
ངའི་ཚེ་སྲོག་ལ་ཆག་སྐྱོན་འབྱུང་སྲིད
ང་རང་སློབ་མཐར་ཕྱིན་རྗེས
དཀའ་སྡུག་གི་ཆུ་ནང་དུ་ལྷུང
ཁྱོད་ཀྱང
འདར་སིག་སིག་གིས་ཆུ་ནང་དུ་ལྷུང
འུ་གཉིས་ཀ
ཆུ་ནང་དུ་ལྷུང་སོང་བས
ང་རང
ཞེ་གཏིང་ནས་འདར་དགོས་བྱུང་སོང
ང་འབྲོག་ནས་ཡོང་ཞོར་དུ
ལམ་ནས་ངས་འདི་ལྟར་བསམ
ལོ་འགའི་རྗེས་སུ
འབྲོག་པ་མཐོང་ཐུབ་བམ
རྟ་ནོར་མཐོང་ཐུབ་བམ
འབྲོག་ཁྱི་མཐོང་ཐུབ་བམ
ངས་འདི་ལྟར་སེམས་ཁྲལ་སྒྱེ་མོ་གང་ཁུར་ནས
ལམ་ལ་ཆས
ང་ལ་མེ་ལོང་ལྟ་བུའི་གྲོགས་པོ་ཞིག
ཡོད་ན་བསམ་མྱོང
ངུ་ན་ང་དང་མཉམ་དུ་ངུ་ནི་ཞིག
གད་ན་ང་དང་མཉམ་དུ་གད་ནི་ཞིག
ཚིག་ལ་བྲིས་པའི་དམ་བཅའ་དེ
ངོ་ལྐོག་མེད་པའི་དམ་བཅའ་དེ
ངས་ཁྱོད་ལ་སྟེར་བའི
ཁྱོས་མི་ཚེ་གང་པོར་ཉོ་རྒྱུ་མེད་པའི
བརྩེ་དུང་གི
ཅ་དངོས་རྩ་ཆེན་ཞིག་ཀྱང་ཡིན
གལ་ཏེ
ཁྱོད་རང་སྐོམ་ཆུ་ཞིག་ཡིན་པའི་དབང་དུ་བཏང་ན
ངས་ཁྱོད་འཐུང་ན་འདོད
གལ་ཏེ
ཁྱོད་རང་སྙན་ངག་ཅིག་ཡིན་པའི་དབང་དུ་བཏང་ན
ངས་ཁྱོད་རང་བཀླག་ན་འདོད
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག