མི་རྟག་དུས་ཀྱི་རྒྱལ་མོའི་བཀའ་དབང་གིས།།
མི་སྡོད་ཚེ་ཡི་ཕྲེང་བ་རབ་དེད་པས།།
ལོ་ཟླ་བར་མེད་རྫོགས་པའི་བརྡ་གླུ་ཞིག །
མ་གསན་ཡིད་ཀྱི་གཏིང་དུ་གསལ་བར་གོ །
སྣ་ཚོགས་ལས་ཀྱི་རྒྱ་ལས་མ་གྲོལ་བའི།།
དགའ་སྡུག་ཁྲི་མ་འབུམ་གྱི་མི་ཚེ་འདིའི།།
ཕྱིར་མིག་ཤོར་སའི་རྐང་རྗེས་ཕྲ་མོ་རེར།།
མི་འགྱོད་སྐྱོ་བ་སངས་བའི་ཚོར་གླུ་བླངས།
སྣང་བ་ཡལ་མ་ཡོལ་གྱི་སྨུག་གསེབ་ནས།།
རྒྱབ་ནས་རིང་དུ་གྱེར་པའི་ནམ་ཟླ་ལ།།
ལྷ་མི་དགྱེས་པའི་ལེགས་ཚོགས་མ་མཆིས་ཀྱང་།།
སྡུག་གི་རོང་ཆེན་འགྲིམ་པའི་ལོ་རྒྱུས་དབེན།།
གཅིག་རྗེས་གཉིས་མཐུད་ཟད་པའི་ཉིན་ཞག་གིས།།
སྟོང་ལོ་ཉེར་གསུམ་ལོ་འཁོར་རྫོགས་མཐར་བསྐྱལ།།
ཐོབ་ཤོར་བྱ་དངོས་བྱེ་མའི་རྡུལ་གྲངས་ཙམ།།
མ་ངེས་ནམ་ནུབ་བར་གྱི་སྣང་ཀུན་འགེབས།།
དོན་ཡོད་དོན་མེད་སྔོན་བྱས་བྱ་བཞག་གི །
བསླུ་བྲིད་བཙན་པོས་ཡིད་སེསམ་མ་བཅོམ་པར།།
རེ་བའི་འོད་སྟོང་འཕྲོ་བའི་ལམ་བུ་རུ།།
རྒྱང་མིག་ཡར་ལ་གཏད་པའི་སྤོབས་པ་སྒྲེང་།།
འབྱུང་འགྱུར་སྟོང་ལོ་ཉེ་བཞིའི་སྐྱ་རེངས་ཀྱི།།
འོད་ཟེར་གངས་དཀར་སེམས་ལ་འཕོག་དུས་ན།།
བཀྲ་ཤིས་འབོད་པའི་ཚིག་གི་ཕོ་ཉ་འདི།།
སེམས་དང་བསམ་པའི་ཀློང་ནས་ཡར་ལ་མངག །
འགྲོ་ཀུན་དགའ་མགུ་བསྐྱེད་པའི་བསམ་དཀར་ལ།།
མི་སྡུག་སེམས་འབྱུང་བསྟན་བཤིག་མི་འཚུབ་པར།།
རྨི་ལམ་རོལ་རྩེད་སྒྱུ་བའི་ཚེ་ཐག་འདིར།།
ཞི་བའི་བདེ་ཆེན་ཡིད་ལ་འབར་བར་སྨོན།།
ཞལ་འཛུམ་སྡུག་སེམས་འགེམ་པའི་སོས་ཀ་བཞད།།
ཀུན་གསལ་བུ་མོའི་དབྱིངས་སུ་རབ་ངོམ་ནས།།
མ་འོང་མདུན་དུ་བཞུ་བའི་ལོ་ཟླའི་ཆབ།།
བཟང་གསུམ་དཀར་པོའི་ཆོས་ཀྱིས་མངར་བར་སྨོན།།
༢༠༢༣/༡༢/༢༨/མཚན་མོར་བྲིས།
སྲིད་འཁོར་བའི་སེམས་འགྱུ་མཚོ་མོའི་དབྱིངས།།
ཞེ་ཚོར་འདུའི་རླབས་རིས་གྱ་གྱུར་སྐྱོམ།།
བྱང་ཁོག་གི་དམར་སྙིང་གསེར་མིག་མ།།
ལྡེམ་འཕག་འཚག་འཁྱུགས་ལ་མདངས་ཀྱང་རྒྱས།།
མཁར་མ་བཀྲམ་རྣམ་འགྱུར་སྐར་མའི་ཚོགས།།
མིག་གོ་ལ་གསལ་མོའི་ངོར་འཚུབ་ཅིང་།།
སྣ་དགུ་ཚོགས་སོས་ཀ་བཞད་འདྲའི་མདངས།།
ངས་སྣང་བའི་མེ་ལོང་ཁྲ་ཁྲར་བཏང་།།
འདང་དམར་ཆེན་བཞུས་པའི་མཚེའུ་ལ།།
སྔོན་ལས་ཀྱིས་གསོས་པའི་པད་མ་བཞད།།
ཐུགས་དབྱར་ཁའི་ནམ་ཟླས་རབ་ཏུ་སྲུང་།།
ཞེ་མ་བཅོས་གཏིང་གི་སྙིང་པོ་ཡིན།།
གཉིད་རྨི་ལམ་ཚེ་གཅིག་ཉི་མར་འདྲེས།།
སད་མ་ཐུབ་དུས་ཀྱི་ཆུ་ཁར་ལྡོམ།།
ཡིད་རེ་འཆང་བྱེ་མ་སྤར་བ་གང་།།
འཛིན་མ་ཐུབ་ཤོར་བ་དཔེ་ཞིག་ཡིན།།
འཛུམ་ཁྲ་རིལ་དཔྱིད་ཀྱི་ཉི་མ་ཡིས།།
དབྱིབས་ཟུར་གསུམ་སྙིང་གི་གངས་འཁྱཊ་འཇུ།།
སླར་སྡུག་རྟོག་ཁ་བའི་བུ་ཡུག་སྟེ།།
ཞེ་སྟོན་འཇུག་སྒང་གི་ལ་ལ་འཚུབ།།
འདི་བསམ་ན་གཅིག་ཀྱང་ངེས་མེད་རེད།།
འདི་སྒོམ་ན་མི་རྟག་གཤིས་ཚུགས་སྣང་།།
ཡང་དཔྱད་ན་སྟོང་པ་ཡིན་ཚོད་བཤད།།
གང་ལྟར་ཡང་བདེ་སྡུག་ངེས་མེད་རེད།།
ལས་ཀྱི་ཐང་གའི་ངོས་སུ།།
རི་མོ་གང་བྱུང་མ་འབྲི།།
ཚེ་རབས་གཏན་གྱི་བཀོད་ཐང་།།
ཐང་གའི་ངོས་ནས་གསལ་འོང་།།
རི་ཀླུང་འཁོར་བའི་ནགས་སུ།།
ལས་ཀྱི་ལ་མོ་རྒྱག་དུས།།
སྐྱིད་སྡུག་ཤྭ་བའི་རྭ་ཅོ།།
ངེས་མེད་རི་ལ་ལྷུང་སོང་།།
བརྩེ་མདངས་སེམས་ཀྱི་མཚོ་མོ།།
དུས་འགྱུར་རླབས་ཀྱིས་མ་དཀྲུག །
ལས་འཕྲོ་གསེར་ཀྱི་གྲུ་ཆུང་།།
མཚོ་མོའི་ངོགས་སུ་ལུས་ཡོད།།
ལས་ལམ་སྤྲིན་གྱི་རི་མོ།།
རླུང་གིས་གཏོར་བར་མ་གནང་།།
རེ་བའི་ཕུག་རོན་དཀར་པོ།།
ཁྱེད་ཀྱི་ཕྱོགས་སུ་འཕུར་སོང་།།
ལན་ཆགས་འཁོར་བའི་ས་བོན།།
ཟད་པའི་མཐའ་ཞིག་མེད་ན།།
ངེས་འབྱུང་དགུན་གྱི་ལྷག་རླུང་།།
འཚུག་དང་མ་འཚུག་མི་འདུག །
སེམས་ཀྱི་སྒེའུ་ཁུང་ནང་ནས།།
ཞལ་འཇལ་གནང་བ་མེད་ན།།
ཁ་མཁས་གཏམ་མཁས་ཚིག་གིས།།
སེམས་ལ་བསླུ་བྲིད་མ་གནང་།།
མི་ཚེའི་འཚོ་བའི་གནས་སྟངས།།
ཤེལ་སྒོ་ཞིག་དང་འདྲ་བ།།
ཁྱེད་རང་དགད་ན་དགད་འོང་།།
ཁྱེད་རང་ངུ་ན་ངུ་འོང་།།
བྱིས་དུས་ཚེ་སྟོད་རྨི་ལམ།
ཡལ་མའི་མཇའ་དང་འདྲ་ཡང་།།
རྨི་ལམ་ནང་གི་རྩེ་རོགས།།
བསླར་ཡང་འཛོམས་ན་བསམ་བྱུང་།།
ལང་ཚོ་སྟོན་གྱི་ཟླ་བ།།
རྒྱང་ནས་ལྟས་ན་ཡག་པ།།
གཤིས་འཇམ་སེམས་ཀྱི་བལ་ཁ།།
ལུས་དང་སེམས་ལ་འཇམ་པ།།
དགུང་མཚམས་ས་གཞི་ལྷོད་པའི་སྤང་གི་ཁུབ་ན།།
སྣང་བའི་དབྱངས་ཐག་དཀྲོལ་བའི་དལ་འགྲོ་མ་དེའི།།
ཚོར་བའི་གསང་ཚིག་སྟོན་པའི་བརྡ་གླུ་ཞིག་གིས།།
ང་ཡི་སྙོམས་སེམས་སྒོ་མོ་དལ་གྱིས་བརྡུང་བྱུང་།།
རིང་ནས་ཚུར་ཚུར་ཕེབས་པའི་ཉི་མའི་གྲིབ་སོས།།
ཚོར་མེ་ཕར་ཕར་ཆས་པའི་སེམས་ཀྱི་ནགས་སུ།།
རྟོག་པའི་ཆར་རླུང་དྲག་པོ་འགོག་རོཊ་གནང་དང་།།
ང་ཡི་ལྷིང་འཇགས་བདེ་བ་ཁྱེད་ལ་བགོ་ཆོག །
སེམས་ཀྱི་བྱིས་པ་གཡེང་བའི་སྒྱུ་མའི་འཁྲུལ་རྒྱུ།།
སྐྱི་སེར་རླུང་གིས་མ་དཀྲོགས་ཡུན་དུ་བཞུགས་པའི།།
མཚམས་སྤྲིན་དམར་ལམ་འཁྲིཊ་པའི་དགོང་ཁ་འདི་ནི།།
ང་ཡི་སེམས་ཚོར་འཁྱིལ་བའི་རྫིང་བུ་ཞིག་ཡིན།།
དགའ་སྡུག་སེམས་ཀྱི་ནས་འབྲུ་སྣ་ཚོགས་སྤུང་ནས།།
ཚོར་བའི་ཕབས་ཤིག་བཏབ་ཏེ་ཚིག་ཏུ་བསྙལ་ཡོད།།
གར་མ་ཆང་གི་སྙན་ངག་ལངས་པ་བྱུང་ན།།
ཁྱེད་ཅག་རྣ་དབང་བདུད་རྩི་གསོལ་བར་ཕེབས་དང་།།
༢༠༢༤/༤/༣༠/
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།