༢༠༢༢ལོ་ཡི་འཛིན་གྲྭའི་སློབ་གྲོགས་རྣམས་ལ་ཕུལ།
ཉེས་པའི་བྱ་དང་འགལ་བའི་མོལ་བ་དག།
རྒྱང་རིང་ས་ལ་ང་ཚོས་ཕུ་འདེད་བྱས།།
མཐུན་པའི་ཚིག་དང་ཡག་པའི་འཛུམ་མདངས་ནི།།
ང་ཚོའི་བར་ལ་ཅི་ཡང་འཁྱིལ་བ་ཡོད།།
དྲན་པ་མ་གླེང་འབྱུང་ཁུངས་རྩད་མ་བཅད།།
གང་ནས་ཡོང་ཞེས་སུས་ཀྱང་མ་དྲིས་ཀྱང་།།
འུ་ཚོ་འུ་ཚོའི་ནང་ལ་རྒྱུས་ཡོད་ཅིག།
ང་ཚོས་ང་ཚོ་སུ་ཡིན་ཤེས་ནས་ཡོད།།
ལོ་ངོ་མང་ཙམ་གཤིབ་ནས་མ་འདྲིས་ཀྱང་།།
ཡུལ་ངོ་གཅིག་གི་ཟེར་ནས་མ་ཐུག་ཀྱང་།།
སེམས་པ་སེམས་ལ་འཐད་པའི་ལོ་འཁོར་མོ།།
ཟླ་ངོ་ཁ་ཤས་ཡིན་ཡང་འདང་ཆེན་ཞིག།
ཉིན་དང་ཞགས་མ་རླུང་གི་སྒྲོ་སྤུ་བཞིན།།
མི་འདུག་ནམ་མཁའི་དབྱིངས་ལ་གཡེང་བ་འདི།།
སེམས་ཆུང་ཕལ་བའི་མི་ཡི་ཡིད་གཞུང་དུ།།
འཐད་མེད་མིག་ཆུ་སྒུལ་བའི་དྲན་གདུང་ཞིག།
འདུ་བྲལ་མི་བརྟན་ཆར་རྗེས་འཇའ་འོད་ལྟར།།
ཐོབ་ན་འདོད་ཀྱང་མི་ཟིན་འཆར་ཡན་ཞིག།
མ་བོས་གཙེས་པའི་གྱེས་བྲལ་སྐྱོ་གར་ལ།།
སྐྱེ་བོ་སུ་ཡིས་དང་དུ་ལེན་འདོད་དམ།།
ང་ལ་གསེར་ལས་དཀོན་པའི་དུས་ཚོད་མེད།།
དེ་ལས་དཀོན་པའི་སྙིང་བོ་གང་ཡང་བྲལ།།
གལ་ཏེ་འཇིག་རྟེན་སྙིང་བོ་མཐར་བསྡུ་ན།།
ཐམས་ཅད་འཛོམས་པའི་འདུན་པ་དེ་ལས་དབེན།།
2022.11.24.
ང་ཚོ་ནི་སུ་ཞིག་གི་ཆེད་དུ་དང་
གང་ཞིག་གི་ཕྱིར་ཏུ་གསོན་པ་རེད་
འཚོ་བ་དང་གླུ་གཞས་ནི་འདི་ལྟར་སྦྲེལ་ཐག་དམ་པས་
ང་ཡི་ཞེ་སེམས་ནི་ཆར་ལྭ་མེད་པའི་ཆར་སྡོད་ཅིག་དང་མཚུངས་ཨང་
ཕ་ཡུལ་ནི་ང་ཡི་ཆེད་དུ་དང་
ངའང་ཕ་ཡུལ་གྱི་ཕྱིར་ཏུ་བགད་ཆོག་
བརྩེ་དུང་དང་སྙན་ངག་འདི་ལྟར་གཅིག་ལ་གཅིག་འདྲེས་པས་
ང་ཡི་དྲན་གདུང་ནི་འགུལ་མི་ཐུབ་པའི་གཟེབས་བྱེའུ་ཞིག་དང་ཀུན་ནས་འདྲ།
2022.11.16.
གལ་ཏེ། ཉིད་ཀྱིས་འདི་ནས་མི་སྒེར་གྱི་བརྩམས་ཆོས་སྤེལ་འདོད་ཚེ་དོ་དམ་པར་འབྲེལ་བ་བྱས་ཏེ་སྐུར་ཆོག རྩོམ་སྒྲིག་པ། རིག་པ་རྡོ་རྗེ།