ཚོར་རྐང་། དགའ་བདེ།
ཚོར་རྐང་ཉེ་ལམ་ཁྱོད་རང་བདེ་མོ་ཡིན་ནམ། ཁྱོད་དང་འབྲེལ་བ་མ་བྱས་པར་ཟླ་བ་གཅིག་ལྷག་ཙམ་ཕྱིན་སོང་། ངའི་ནང་སེམས་སྟོང་བར་གྱུར་ནས་ཀྱང་ཟླ་བ་གཅིག་ལྷག་ཙམ་ཕྱིན་སོང་། ང་ད་ལྟ་ལྷ་ས་ན་ཡོད། ཉེ་ལམ་དཔེ་ཆ་ལྟ་ཐུབ་ཀི་མེད། དབུས་གཙང་གི་དགོན་པ་ག་གེ་མོ་དང་བར་སྐོར་གླིང་ན་ཁྱི་སྡོམ་པོ་ཞིག་དང་འདྲ་བར་དཔེ་ཆ་གསར་བ་འགའ་རེ་ཐང་བཤམས་བྱས་ནས་བསྡད་ཡོད། རང་ཡུལ་ནས་མཛའ་བཤེས་བོར་ནས་ཁེར་འདུག་བྱེད་པ་དང་། ས་མཐའ་ནས་སྡུག་གླུ་ལེན་ནས་ཉི་མ་ཆོད་ཐབས་བགྱི་བ་ནི་ཨ་ན་མ་ན་རེད།
ཚོར་རྐང། འུ་གཉིས་ངོ་ཤེས་ནས་ལོ་ག་ཙམ་འགོར་ཡོད་པ་ངས་གསལ་བོ་ཞིག་མི་དྲན་མོད། དང་ཐོག་ངས་ཁྱེད་རང་ངོ་ཤེས་དུས། དགུན་ཁ་ཞིག་ཡིན། སྐབས་དེར། དགེ་འདུན་སྐྱབས་དང་ཁྱེད་གཉིས་ངས་སྤེལ་བའི་བྱ་འགུལ་ཞིག་གི་སྟེང་ལ་ཞུགས་ཏེ་ངོ་ཤེས་པ་རེད། སྐབས་དེར། བྱ་འགུལ་དེར་ལ་ཞུགས་མཁན་ཕ་ཡུལ་གཅིག་པ་ཁ་ཤས་ཡོད་པ་མ་ཟད། དགེ་འདུན་སྐྱབས་དང་ཁྱེད་གཉིས་ཀྱིས་དགའ་བདེ་ན་དཔེ་ཆ་ལྟ་མཁན་ཉུང་རབས་ལབ་པ་དྲན་ནམ།
སྐབས་དེར། འུ་ཅག་དཔེ་ཆ་ལ་ཧ་ཅང་དགའ་དཔེ་ཡིན་ན། ད་དུང་དགེ་འདུན་སྐྱབས་ཀྱིས“དགའ་བདེའི་དཔེ་ཆ་བ་ཚང་མ་ད་སྐབས་གྲགས་རྒྱུ་མི་འདུག ཧ་ལམ་གཉིད་འདུག་ཡོད་ཁ་རེད། དགའ་བདེའི་ན་གཞོན་དག་ལ་ཕྱོགས་གླང་དང་ཆོས་གྲགས་འདྲ་བའི་རིག་པའི་རྒྱལ་བོར་འགྱུར་རྒྱུའི་ཆོད་སེམས་དང་སྤོབས་མི་འདུག”ཞེས་བཤད་པ་ཨེ་དྲན་ཁུ། ཕ་ཡུལ་གྱི་ན་གཞོན་དག་གི་ནང་དུ་ང་ཚོ་དང་འདྲ་བ་ཞིག་མེད་སྙམ་པའི་སྟོང་བསམ་སྐྱེས་མྱོང་མོད། དྲང་མོར་བཤད་ན། སྟོང་བསམ་ནི་ནམ་ཡང་སྟོང་བསམ་ནི་སྟོངས་བསམ་རང་སྟེ། དུས་ཚོད་དང་ལོ་ཟླའི་གཡུལ་སར་རིམ་གྱིས་འགྲིམས་ན་ད་གཟོད་དོན་སྙིང་ཅི་ཡང་མེད་པ་དང་ཁ་ནས་ཀྱང་སྡར་སྐད་ཤོར་སོང་། ཡིན་ནའང་། ཁྱོད་ཀྱིས་ལོ་འདི་དག་གི་རིང་ལ། རྭ་རྒྱ་ནས་བྱ་དགའ་མང་པོ་ཞིག་ལེན་གྱིན་འདུག སེམས་གཏིང་ནས་ཁྱེད་ལ་ཡི་རིངས་ཡོད། མ་ཟད་ཁྱེད་ཀྱིས་མི་ཡུལ་ལ་སྒེར་དེབ་ཆུང་ཆུང་ཞིག་པར་དུ་བསྐྲུན་པ་ནི། ཕ་ཡུལ་ལ་མཚོན་ན་དལ་འབྱོར་རྙེད་དཀའ་བ་ལས་ཀྱང་རྙེད་དུ་མེད་པ་ཞིག་དང་། ཡང་ན་ཉིན་མོའི་སྐར་མ་ཇི་བཞིན་ནམ་ནམ་ཤར་རྒྱུ་མེད་པ་ཞིག་རེད། ངོ་མ་རེད།
འུ་ཅག་ལ་ཡོད་པ་ནི་སྤོབ་པ་རེད། རྨི་ལམ་རེད། ཕུགས་བསམ་རེད། ཡིན་ནའང་། ད་སྐབས་ང་ལ་ཅི་ཡང་མེད། ད་སྐབས་ང་ནི་ཤི་མ་གསོན་གྱི་བེམ་རོ་རལ་བ་ཞིག་ལས་དུས་རབས་གཉེར་གཅིག་པའི་ནང་དུ་འཚར་བའི་ན་གཞོན་ཞིག་དང་ཡེ་ནས་མི་འདྲ་སྟེ། ང་ལ་ཐ་ན་ཆེས་སྤྱིར་བཏང་གི་འཚོ་བ་བདེ་མོ་ཞིག་ཀྱང་མེད་མོད། ངས་རང་གི་གྲོགས་པོ་འདང་ཆེན་དག་ལ་འཕྲིན་ཡིག་རེ་ཨེ་ཕྲིས་བསམ་ཏེ་འདི་ལྟར་འབྲི་ཁུལ་བྱས་པ་ཡིན། འཕྲིན་ཡིག་འདི་ཡང་ཆེས་སྤྱིར་བཏང་གི་འཕྲིན་ཡིག་ཞིག་ཡིན་ན་ཡང་། དེའི་ཐོག་ཏུ་ངས་རང་ཉིད་ཀྱི་མི་གཤིས་དང་བརྩེ་དུང་མཚོན་བྱེད་ཀྱི་ཚེག་དང་ཤད། རང་ཉིད་ཀྱི་གྲོགས་པོ་དག་ལ་བསྟན་ན་འདོད། དེའི་རྒྱུ་མཚན་གཙོ་བོ་ནི་ངའི་མི་ཚེའི་ནང་དུ་ཁྱོད་དང་འདྲ་བའི་གྲོགས་རེ་འགའ་ཡོད་ལ། དེ་དག་གིས་ང་ལ་ཕྱོགས་གང་གྱིས་ཐད་ནས་རོགས་དང་རམ་འདེགས་བྱས་པས། ངས་ཕྱིར་དྲིན་ལན་མ་ཟེར། ཡིག་ལན་ཡག་པོ་ཞིག་ཀྱང་ཕྲིས་ཀི་མེད་མོད། ཁྱེད་ཅག་སེམས་ནས་ནམ་ཡང་བརྗེད་ཀི་མེད།
ཉེ་ལམ་ངས་སྙན་ངག་གསར་བ་མང་པོ་ཞིག་བྲིས་ཡོད། མུ་མཐུད་དུ་སྤེལ་ཡོང་། ངས་སྙན་ངག་ཀློག་འབྲི་བྱེད་པ་ནི་འགྲོ་བ་ཐམས་ཅད་ཀྱི་སླད་དུ་མིན་ལ། དམ་པའི་ཆོས་གསལ་བར་བྱ་བའི་ཕྱིར་ཡང་མིན་པར་མདོར་བསྡུས་ན་རང་ཉིད་ཁོ་ནའི་སླད་དུ་ཡིན་པས། ངས་སྙན་ངག་ཀློག་འབྲི་ཡོད་ཚད་སྙན་ངག་གི་ཡིད་འགྱུར་གྱི་རྗེས་སུ་འགྲོ་ལྡོག་བྱེད་པའམ་རང་སེམས་ཀྱི་ན་ཚ་གཟེར་ཟུག་གི་རྗེས་སུ་འགྲོ་འོང་བྱེད་ཀྱིན་པ་ལས་ཕྱི་དར་དང་སྲོལ་རྒྱུན་གྱི་གཞུང་ལུགས་སོགས་གང་གི་དབང་དུ་མ་འགྱུར་བར་གཏོང་བ་ནི་རྩ་བའི་དམ་ཚིག་ཅིག་ཏུ་བལྟས་ཡོད། འོན་ཀྱང་ང་ལ་སྙན་ངག་འབྲི་བར་གཞུང་ལུགས་ཀྱི་འཛུབ་སྟོན་རྦད་དེ་མི་དགོས་པའི་ལོག་རྟོགས་དེ་འདྲ་བྱུང་མྱོང་མེད་ལ། འབྱུང་ཡང་མི་སྲིད།
ནང་གྲོགས་དམ་པ་ཚོར་རྐང་། འུ་ཅག་ནར་སོན་རྗེས། ཕན་ཚུན་ལ་འཕྲིན་ཡིག་ཐུང་ཐུང་རེ་འབྲི་བའི་ཁོམ་པ་མི་འདུག ནར་སོན་རྗེས། སྔོན་ཆད་རང་ཉིད་ཀྱི་འདང་ཆེ་བའི་དངོས་པོ་དག་རེ་རེ་བཞིན་མེད་བརླག་ཏུ་ཤོར་འགྲོ་ཡི་ཡོད་པ་འདྲ། ནར་སོན་གྱི་གོ་རིམ་ཁྲོད་དུ། ང་ཚོས་རང་གི་རྨི་ལམ་དང་འདུན་མ། བརྩེ་དུང་དང་ཕྱི་ཐག ཐ་ན་སྙིང་ཉེ་བའི་རང་ཉིད་ཀྱང་འབོར་གྱིན་ཡོད་པ་འདྲ། དེ་བས་ང་ལ་རང་ཉིད་བོར་འགྲོ་བའི་སེམས་ཁྲལ་ཇེ་ཆེ་རེད། ཁྱོད་ཀྱིས་ཤོད་དང་། དེ་འདྲ་ཅིག་ཨེ་རེད། ང་ཚོ་མི་རེ་རེའི་ནང་སེམས་སུ་མཛེས་སྡུག་གི་མ་འོངས་པ་རེ་རེ་ཡོད་སྲིད་ལ། དེའི་དོན་དུ་རི་རབ་དང་གཙང་པོ་མང་པོ་ཞིག་ཅི་མི་སྙམ་པར་བརྒལ་སྲིད། འོན་ཀྱང་། དཀའ་ངལ་དང་སྐྱོ་གདུང་མང་པོ་ཞིག་མྱོང་རྗེས་ང་ཚོ་ལ་ཐོབ་པ་ནི་ཅི་ཞིག་ཡིན་སྲིད་དམ། ང་ཚོ་ལ་ཐོབ་པ་ནི་འཆི་བ་ཡིན་སྲིད་ལ། འཆི་བ་ལས་གཞན་པའི་ནོམ་ཆེན་གྱི་དངོས་པོ་ཅི་ཡང་མ་ཐོབ་ན། ང་ཚོས་སུ་ལ་ལེ་བདའ་བྱེད།
དེ་བས། ད་ལྟ་ནས་རང་རང་གི་དགའ་ཕྱོགས་ལྟར་འབད་པ་བྱེད། ང་ནི་སྒྲུང་རྩོམ་ཀློག་པར་དགའ་མཁན་ཞིག་ཡིན། ཕྲན་གྱིས་ལོ་འདི་གར་སྒྲུང་རྩོམ་གྱི་དེབ་རྒན་མང་པོ་ཞིག་མགོ་ནས་མཇུག་ཕུད་བཞག དེ་ཀའི་ནང་ང་རང་ཆེས་དགའ་ས་ནི་ལྷ་བྱམས་རྒྱལ་ཡིན་ལ། ངས་ལྷ་བྱམས་རྒྱལ་གྱིས་བརྩམས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས“གཉིད་དུ་ཡུར་བའི་ཆུ”ཞེས་པ་དང་། ལྷུག་རྩོམ་ཕྱོགས་བསྒྲིགས“ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག”ཅེས་པ། སྒྲུང་རིང“བོད་ཀྱི་གཅེས་ཕྲུག”སོགས་ཐེངས་དུ་མར་བཀླགས་པ་ཡིན།“གཉིད་དུ་ཡུར་བའི་ཆུ”ཞེས་པའི་དཔེ་ཆ་འདི་ཕུ་བོ་ཁྲི་བོད་ཁྲག་གིས་ང་རང་སྒྲུང་རྩོམ་གྱི་ལམ་ཁར་ཞུགས་དགོས་པའི་སྐོར་གྱི་ཁ་བརྡ་ཅིག་དང་འབྲེལ་ཏེ། ཁོང་གིས་ང་ལ་ལེགས་སྐྱེས་སུ་ཕུལ་བ་རེད། དེ་བས་ངའི་དཔེ་ཆའི་གྲས་ཀྱི་དེབ་འདང་ཆེན་ཞིག་ཡིན།
སྒྲུང་རིང“བོད་ཀྱི་གཅེས་ཕྲུག”ང་རང་པེ་ཅིན་ན་ཡོད་སྐབས་ཀློག་མྱོང་མོད། སྐབས་དེར། ང་རང་ཉིན་དཀར་སློབ་ཁྲིད་ལ་འགྲོ་དགོས་པ་དང་། མཚན་མོར་བོད་ཟས་ཁང་དུ་ཞབས་ཞུ་བ་བྱེད་དགོས་པའི་དེ་འདྲའི་ཡག་པོ་ཞིག་ཀློག་མ་ཐུབ་མོད། ཕྱིས་སུ་སྒྲུང་རིང“བོད་ཀྱི་གཅེས་ཕྲུག”ཞེས་པ་དེ། “耳根有声”ཞེས་པའི་སྤྱི་སྟེགས་སུ་འབྲུ་ཚ་རིན་ཆེན་མཁར་གྱིས་སྒྲོག་འདོན་བྱས་འདུག ངས་ཡང་ནས་ཡང་དུ། ཐེངས་མང་པོར་ཉན་མྱོང་། དེ་བས། སྒྲུང་རིང“བོད་ཀྱི་གཅེས་ཕྲུག”ཞེས་པ་དེས་ང་ལ་སྔར་ལས་ཀྱང་བག་ཆགས་ཟབ་མོ་ཞིག་བཞག་སོང་ལ། ངའི་ཁེར་ཧྲེང་གི་མཚན་མོ་རེ་རེར་འབྲུ་ཚ་རིན་ཆེན་མཁར་གྱི་སྒྲོག་འདོན་ལ་ཉན་པ་ཡིན་ལ། ང་རང་སྒྲུང་རྩོམ་ལ་ཧ་ཅང་དགའ་བོ་ཡོད། ལྷག་པར་ཏུ་ལྷ་བྱམས་རྒྱལ་ལ་དེ་བས་ཀྱང་དགའ་བོ་ཡོད།
གོ་ཐོས་སུ། ལྷ་བྱམས་རྒྱལ་གྱིས་སྒྲུང་རྩོམ་བྲིས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་འདུག་ཟེར། མི་ལོ་ཉི་ཤུ་ལྷག་གི་རིང་ལ་ཁོང་གིས་སྒྲུང་རིང་། སྒྲུང་འབྲིང་། སྒྲུང་ཐུང་བྲིས་ཏེ་སྒྲུང་རྩོམ་གྱི་ལམ་ཁ་ནས་གྲུབ་འབྲས་ཆེན་པོ་བླངས་བ་དང། ཁོང་གི་སྙན་པའི་གྲགས་པ་བོད་རྒྱ་གཉིས་ན་འབར་གྱིན་ཡོད་ཟེར། ད་དུང་ཁོང་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་ཐེངས་ལྔ་ལ་ཐོབ་པ་དང་། ཀྲུང་གོའི་མི་རིགས་རྩོམ་རིག་བྱ་དགའ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་ཟེར། ད་དུང་སྒྲུང་རིང“བོད་ཀྱི་གཅེས་ཕྲུག”ཅེས་པ་དེ། ད་སྔ་བོད་ཡིག་གི་པར་གཞི་མི་འདྲ་བ་བཞི་ཙམ་བྱུང་ཡོད་རེད་ཟེར། དཔེར་ན། བོད་ཀྱི་དཔེ་མཛོད་ཁང་གི་པར་གཞི། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་གཞི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི། མི་རིགས་དཔེ་སྐྲུན་ཁང་གི་པར་གཞི། ད་དུང་འཆི་མེད་ཀྱིས་ཉི་ཧོང་གི་སྐད་དུ་བསྒྱུར་ནས་པར་དུ་བསྐྲུན་བྱས་ཡོད་ཟེར། གཞན་ཡང་ལུང་རིན་ཆེན་གྱིས་རྒྱ་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན་ཡོད་པ་སོགས་མང་ཞིག་མཐོང་ཐོས་བྱུང་།
རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན། རང་རང་གི་དཔེ་དེབ་ལ་པར་གཞི་མི་འདྲ་བ་མང་པོ་བྱུང་བ་ནི་གཟི་བརྗིད་ཅིག་དང་ངོམ་རི་བ་ཞིག་ཡིན་པ་སྨོས་མ་དགོས། འོན་ཏེ།“བོད་ཀྱི་གཅེས་ཕྲུག”གི་རླུང་རྟ་འདི་ལྟ་བུ་ཞིག་རྒྱུགས་དོན་ནི་སྒྲུང་རྩོམ་གྱི་ཁ་བྱང་སྟེ“བོད་ཀྱི་གཅེས་ཕྲུག”ཅེས་པ་འདི་ལ་རག་ལས་ཡོད་པ་རེད་ཟེར། གལ་ཏེ་ཁ་བྱང་ཞིག་ལ་རག་ལས་པ་ཞིག་ཡིན་ན། ཁ་བྱང་ཡག་པོ་ཞིག་བྲིས་པས་ཆོག་མོད། དེ་ཙམ་ག་ལ་ཡིན། ཁོང་གི་སྒྲུང་རྩོམ་ལ་བྱིས་དུས་ཀྱི་གཏམ་རྒྱུད་དྲན་ཐུབ་པའི་ལེགས་པའི་ཆ་མང་དུ་འདུག འོན་ཏེ། “རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས”ཞེས་པའི་གཏམ་རྒྱུད་ཀྱི་སྒྲོམ་དེ། དམའ་འབྲིང་སློབ་མའི་འཚོ་བ་དང་ཁོར་ཡུག་ལས་རིང་དུ་འགོང་འདུག་པ་འདྲ། ད་དུང་“ལོ་བཞི་བཅུའི་སྐྱེས་པའི་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང”ཞེས་པ་དེའི་ནང་གི་གཏམ་རྒྱུད་ནི་བཙན་སྒྲིག་བྱས་པ་ཅུང་ཙམ་མཐོང་རྒྱུ་འདུག་ལ། གཞན་སྒྲུང་རྩོམ་འགའ་ཞིག་གི་ནང་ན་མི་སྣ་རིགས་འདྲ་མང་བ་དང་། བསྐྱར་ཟློས་ཀྱི་ཆ་འགའ་རེ་ཡོད་པ་མཐོང་མྱོང་། ད་དུང་ཁོང་གི་སྒྲུང་རྩོམ་དུ་ཆགས་སྲེད་དང་དགའ་མགུར་སྤྱོད་པའི་སྐོར་མང་དུ་བདོག་པས། ལོ་ན་ཕྲ་བ་དང་བློ་མ་རྒྱས་པའི་སློབ་མ་རྣམས་ལ་འཚམ་པོ་ཡིན་མིན་བཤད་ཁག་པོ་རེད་མོད། འོན་ཏེ། ང་ལྟ་བའི་ཆགས་སྲེད་ཅན་དག་ལ་མཚོན་ན་ནི། སྒྲུང་རྩོམ་དེ་དག་འགྲོ་རོགས་ཉལ་རོགས་ཧ་ལས་པ་ཞིག་རེད།
དེ་བཞིན་དུ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཅེས་པའི་དཔེ་ལྟར་སྐྱོན་དེ་ཙམ་ཞིག་སུ་ལ་ཡོད་སྲིད། ང་ནི་སྔར་བཞིན་ཁོང་གི་སྒྲུང་རྩོམ་ལ་དགའ་བོ་ཡོད་ལ། ཁོང་ལ་དེ་བས་ཀྱང་དགའ་བོ་ཡོད། མ་ཟད་ཟླ་སྔོན་མའི་ནང་དུ། ཁོང་གིས་བརྩམས་པའི“འཇམ”ཞེས་པའི་དེབ་གསར་སྤུས་ལེགས་ཅན་ཞིག་རྔ་བ་ནས་ཉོས་ཏེ་ལག་ཏུ་འབྱོར་བྱུང་། ཁོང་གིས་རྔུལ་ཆུས་བྲིས་པའི་ཡིག་འབྲུ་ཁྲི་ཚོ་བཞི་བཅུ་ལྷག་གི་དེབ་རྒན་འདི་མཐོང་མ་ཐག་ང་ཁོང་གི་སྙིང་སྟོབས་དང་རྒྱུན་འཁྱོངས་ལ་སེམས་གཏིང་ནས་ཡིད་སྨོན་སྐྱེས་པ་དང་། ཁོང་གི་དེབ་རྒན་དེ་མགོ་ནས་མཇུག་ཏུ་ཐེངས་གཅིག་ཀློག་པར་སེམས་ཐག་བཅད་པ་ཡིན། འོན་ཏེ། གཟའ་འཁོར་གཉིས་ཙམ་བྱིན་རུང་ཀློག་ཚར་མེད། དེ་བས་ངའི་སེམས་སུ་དེབ་འདི་འདྲ་ཅིག་ཀློག་པར་དཀའ་ལས་འདི་འདྲ་ཡོད་ན་འབྲི་བ་ལ་དེ་བས་ཀྱང་དཀའ་ལས་ཆེན་པོ་ཞིག་ཡོད་པ་སྨོས་མ་དགོས་བསམ་ནས་ཁོང་ལ་སྔར་ལས་ཀྱང་དགའ་བོ་བྱུང་།
ཁྱེད་ཀྱང་ལྷ་བྱམས་རྒྱལ་ལ་དགའ་ཡོད་ཟེར་ནས་ང་ལ་ནམ་ནམ་ལབ་མྱོང་། དེའི་མི་ཚད་དེ། ཁྱེད་ཀྱིས་ཀྱང“རྩོམ་པ་པོ་དྲ་བའི”སྟེང་ལ“ལྷ་བྱམས་རྒྱལ་གྱི་སྒྲུང་རྩོམ་འགའ་བཀླགས་པའི་ཟིན་ཐོ”ཞེས་པ་ཞིག་བཀོད་འདུག ངས་ཐེངས་ཁ་ཤས་ལ་བཀླགས་ཟིན། ད་དུང་མུ་མཐུད་དུ་འུ་གཉིས་ཀྱིས་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་མང་པོར་མཉམ་དུ་ཀློག་པར་བྱ། མཐར་ནང་གྲོགས་དམ་པ་ཚོར་རྐང་ཁྱེད་ཀྱི་སྨྱུག་རྩེ་ནས་རང་ཡུལ་ཁ་བ་ཅན་གྱི་ཀློག་པ་པོ་རྣམས་ལ་བརྩམས་ཆོས་མང་པོ་ལེགས་སྐྱེས་སུ་བཞག་ཐུབ་པ་དང་། ཁྱེད་ཉིད་བོད་ཀྱི་རྩོམ་རིག་གི་སྡེ་ནས་རྒྱ་མཚོའི་གཏིང་གི་ནོར་བུ་ཞིག་ཏུ་འགྱུར་བར་ཕྲན་གྱིས་སྨོན་ལམ་སྙིང་ནས་འདེབས་སོ།། 2021-8-30ཉིན་ཁ་རུབ་ཆེ་ནས་བྲིས།
དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ་ཨང་། ངའི་རྩོམ་རིག་ཅེས་པའི་བརྡ་ཆད་འདི་ངོ་ཤེས་ནས་ཏག་ཏག་ལོ་ངོ་བརྒྱད་འགོར་སོང་ལ། དེ་བཞིན་སློབ་གྲོགས་ཁྱེད་ངོ་ཤེས་ནས་ཀྱང་ཏག་ཏག་ལོ་ངོ་བརྒྱད་འགོར་སོང་། འོན་ཏེ། ངས་ཁྱོད་ལ་འཚོ་བ་དང་སློབ་སྦྱོང་གང་ཅིའི་ཐད་ནས་རོགས་དང་རམ་འདེགས་ཅི་ཡང་མ་ནུས་མོད། ང་ཁྱོད་ལ་དགའ་བའམ་ཡང་ན་དུང་བ་ནི་ཁ་ཞེ་གཉིས་མེད་ཡིན།
ལྕེའུ། མི་ཚེ་རིང་ན་ཐུང་ན། མི་སོ་སོའི་བློ་འགྱོད་མེད་པའི་འཚོ་བ་ཞིག་ལ་རེ་བ་རྒྱག་གིན་ཡོད་པར་མ་ཟད། ཁ་ཡོད་ལག་ཡོད་ཀྱི་འཚོ་བ་ནི་ད་གཟོད་གཅེས་སུ་འོས་པའི་མི་ཚེ་ཡིན་པ་འདྲ། ད་དུང་ཐོད་ལ་གཉེར་མ་ཇེ་མང་དང་མགོ་ལ་སྐྲ་ལོ་ཇེ་ཉུང་། གདོང་ལ་ཁ་སྤུ་ཇེ་མང་དང་སྙིང་ཉེ་བའི་གྲོགས་པོ་ཇེ་ཉུང་ཡིན་པ་ནི། ང་ཚོ་རྒས་བཞིན་ཡོད་པ་མཚོན་ལ། རྒས་སོང་ཞེས་པ་ནི་ལོ་ཇེ་ཆེ་རུ་སོང་བ་ཙམ་ཞིག་མིན་པ་འདྲ། དེ་ནི་གཞོན་དུས་ཀྱི་རྨི་ལམ་བོར་སོང་བ་དང་གཅིག ཆུང་འདྲིས་ཀྱི་རྩེད་རོགས་བར་འགལ་སོང་བ་དང་གཉིས། མཚམས་མཚམས་ནས་སྙིང་ཉེ་བའི་རང་ཉིད་བོར་སོང་བ་དང་གསུམ་ནི་རྒས་སོང་བ་དང་ཅི་འདྲའི་མཚུངས་ཨང་།
ད་སྐབས་ང་གཅིག་པུར་སྡོད་རྒྱུ་ཧ་ཅང་དགའ་བོ་འདུག ངའི་སེམས་སུ་ཁེར་རྐྱང་ནི་གཅིག་པུར་སྡོད་པའི་དོན་ཡིན་མིན་མི་ཤེས་མོད། འོན་ཏེ་ཁེར་རྐྱང་ནི་ལྷིང་འཇགས་དང་ཞི་བའིི་དོན་ཡིན་པ་འདྲ། ངས་ཁེར་རྐྱང་ནི་ཕ་མ་དང་གྲོགས་པོ་མེད་པའི་དོན་མ་རེད་བསམ། ཁེར་རྐྱང་ནི་མནོ་བསམ་གཏོང་བ་དང་སྒེར་ཚུགས་འཛིན་པའི་དོན་ཡིན་འདྲ། ད་དུང་འུ་ཅག་ནམ་ཞིག་གི་ཚེ་ན་ཁེར་རྐྱང་དུ་ལྷག་སྲིད་ལ། ཁེར་རྐྱང་ལ་འཇིགས་དགོས་དོན་མེད། ཁེར་རྐྱང་ལ་འཇིགས་པ་དེ་ནི་རང་ཉིད་ལ་འཇིགས་པ་དང་ཁྱད་པར་ཅི་ཡང་མེད། མི་སུ་ཡིན་ནའང་། ཁེར་རྐྱང་ཞེས་པའི་འཚོ་བ་ཞིག་རོལ་དགོས་པ་དང་ཁེར་རྐྱང་ལ་ལོབ་དགོས་པ་མ་ཡིན་ནམ།
ལྕེའུ། མི་ཚང་མས་ཁེར་རྐྱང་ལ་དོ་སྣང་མ་བྱས་པའི་དབང་གིས་ཁེར་རྐྱང་ལ་སྐྲག་པ་དང་ཁེར་རྐྱང་ལ་མ་གོམས་པའི་རྐྱེན་གྱིས་ཁེར་རྐྱང་ཞེས་གླེང་ཙ་ན། སྐྲག་སྣང་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། ཡིན་ནའང་། ངས་ཁེར་རྐྱང་གི་དུས་སུ་ཁྱོད་ལ་འཕྲིན་ཡིག་འབྲི་བ་དང་ཁྱོད་ཀྱི་སྐད་འཕྲིན་གྱི་བར་སྟོང་ཀློག་པ་ཡིན། དེས་ང་ཁྱོད་ལ་དགའ་བ་མཚོན་ལ། ངའི་འཕྲིན་ཡིག་འདིའི་ང་རང་ཉིད་ཕྱི་ནང་གསང་གསུམ་མཚོན་གྱིན་ཡོད།
སྤྱིར་ན། ཉིན་འདི་དག་ལ་དཔེ་ཆ་ལྟ་འདང་མིན། ད་བར་དུ་ཅི་ཡང་ཤེས་ཀྱིན་མེད་མོད་དཔེ་ཆ་ལ་ཤི་འཐམ་རོ་འཐམ་བྱས་པས། ཉིན་འདི་དག་ལ་ངལ་གསོ་སྐྱིད་པོ་ཞིག་བྱེད་འདང་ཡིན་མོད། མི་འགྱང་བར་ཁྱོད་ཀྱི་སྐྱེས་སྐར་ལ་སླེབ་ལ་ཉེ་བའི་ངས་ཕྲིས་ཚོད་ཀྱིས་ཁྱོད་ལ་ཐ་སྙད་ཀྱི་སྐ་རགས་ཤིག་བཅང་འདོད་པས་ཁྱིམ་ལས་ཙག་ཙིག་དག་བསྐྱུར་ཏེ་ཁྱོད་ལ་འཕྲིན་ཡིག་འདི་བྲིས་པ་ཡིན། ངས་ད་དུང་མུ་མཐུད་དུ་ཁྱོད་ལ་འཕྲིན་ཡིག་བྲི་དགོས་བསམ་གྱིན་ཡོད་ལ། འུ་གཉིས་ནི་མནའ་ཆེན་བསྐྱལ་ཏེ་དམ་བཅའ་པའི་ན་བཅད་མ་རེད་མོད། འོན་ཏེ་ཕན་ཚུན་ལ་འདང་ཆེ་ཞིང་བློ་དཀར་ལ། ང་ནི་ཁྱོད་ལ་དེ་བས་ཀྱང་དགའ་དཔེ།
ལྕེའུ། ལོ་འགའི་རྗེས་ནས་ང་རང་འཇིག་རྟེན་འདིར་གསོན་ཡོད་མིན་མི་ཤེས་ལ། གལ་ཏེ་གསོན་ཡོད་ཀྱང་ད་ཆ་བཞིན་ཁྱོད་ལ་འཕྲིན་ཡིག་བྲིས་ནས་འདུག་ཁོམ་ཨེ་ཡོད་མི་ཤེས། དེ་བས་འཕྲིན་ཡིག་འདི་ངས་ཁྱོད་ལ་གཅེས་སུ་ཕུལ་བའི་ལེགས་སྐྱེས་ཡིན་ལ། འདི་ལས་ལྷག་པ་ཞིག་ངས་འབྲི་མི་ཤེས་ལ་ཕྲིས་ས་མ་རེད། ད་དུང་བཤད་རྒྱུ་ཞིག་བརྗེད་ཀྱིན་འདུག མི་ཞིག་གི་མི་ཚེ་ཧྲིལ་པོའི་ནང་དུ་བློས་བཏང་བྱེད་ཐབས་བྲལ་བའི་མི་རེ་ངེས་པར་དུ་སོ་སོའི་འཇིག་རྟེན་དུ་སླེབས་ཡོང་བ་འདྲ། དེ་བས། ཁྱེད་ཀྱིས་འབྲུག་མོ་ལ་ཁ་བརྡ་མང་པོ་བྱོས། ཐོབ་པ་ལས་ཤོར་བ་མང་བའི་ད་སྐབས་ཀྱི་དུས་ཚོད་འདི་འདྲ་ཅིག་གི་སྐབས་སུ། རང་ཉིད་དགའ་སའི་བུ་མོ་ཞིག་གི་བརྩེ་དུང་འཐོབ་རྒྱུ་ནི་དེ་འདྲ་ལས་སླ་བོ་མ་རེད། ཚུལ་དེ་ནི་ངས་མ་བཤད་ན་ཁྱེད་ཀྱི་ཤེས་ངེས། དེ་བས་ད་སྐབས་ཀྱི་འཚོ་བ་ལ་གཅེས་སྤྲས་བྱོས། ཐུག་འཕྲད་ནི་ས་ནས་སྐྱེས་པ་ཞིག་མིན་ལ་གནམ་ནས་ལྷུང་བ་ཞིག་ཀྱང་ག་ལ་ཡིན།
ད་ནི་ཤུ་རེ་གྱིས་ཤིག དར་ལག་རྫོང་ཐོག་ནས་སྙིང་ཉེ་བའི་བུ་མོ་དྲན་ཏེ་སེམས་སྡུག་རུང་གཞན་སྔུན་ནས་ངུ་མི་ཉན། རང་མགོ་ཐོན་ནི་བྱོས། རང་ལམ་རྙེད་ནི་བྱོས། ངས་ནམ་ཡང་ཁྱོད་ལ་བལྟས་ན་འདུག འུ་གཉིས་ལ་འུ་གཉིས་ཚོད་ཀྱི་བྱ་ཞིག་ཅིས་ཀྱང་ཡོད་དགོས་ལ། ཕུགས་བསམ་ཞིག་ཡོད་དགོས། ལག་ལེན་ཞིག་ཡོད་དགོས། དྲང་མོར་བཤད་ན། འུ་གཉིས་ཀ་བདག་མེད་ཡིན་ནི་རེད། ཕ་མ་ནི་འཛོམས་པོ་མིན། གཉེན་ཉེ་ནི་མང་པོ་མེད། ཡིན་ནའང་། ཁྱོད་ལ་ད་དུང་སྙིང་ཉེ་བའི་བུ་མོ་དང་ཨ་ཞང་ཨ་ནེ་སོགས་ཡོད། དེ་བས་ཤུ་རེ་བྱོས། ཁྱོད་ཀྱིས་མུ་མཐུད་དུ་ལྷུག་རྩོམ་མང་པོ་འབྲི་བར་ང་ལ་རེ་བ་ཆེན་པོ་ཡོད། ངོ་མ་ཡིན་གོ རེ་བ་འདི་ས་ལ་མ་འཇོག་ཆུ་ལ་མ་བསྐུར།
ལྕེའུ། གྲོགས་པོ་སྒེའུ་ཁུང་གིས་བཤད་ན་ཁྱོད་ནི་ནང་སེམས་རབ་ཏུ་འཁྱག་པའི་མི་ཞིག་ཡིན་ཟེར། ད་དུང་སྐྱོ་སྣང་རང་ལུགས་པ་ཞིག་ཀྱང་ཡིན་ཟེར། ངས་ཀྱང་ཁྱོད་ནི་མི་བརྩེ་དུང་ཅན་ཞིག་ཡིན་པ་ཤེས་མོད། ཁྱོད་ཀྱིས་སྐྱོ་སྡུག་བཤད་ན་ཆོག་པའི་སེམས་ཀྱི་ཁེན་ས་ཞིག་མི་འདུག་འདོད་ནས་མ་སུན་རོགས། རྒྱུ་མཚན། ནང་སེམས་རབ་ཏུ་འཁྱག་པའི་མི་དེ་ཁྱོད་གཅིག་པུ་ག་ལ་ཡིན། བརྩེ་དུང་གི་ཆེད་དུ་མིག་ཆུས་རབ་ཏུ་བརླན་པའི་མི་དེ་ཁྱོད་གཅིག་པུ་ག་ལ་ཡིན། སྙན་ངག་བརྒྱ་སྟོང་འབྲི་མཁན་གྱི་མི་དེའང་ཁྱོད་གཅིག་པུ་ག་ལ་ཡིན། མི་གང་མང་ཞིག་གིས་ཀྱང་དེ་ལྟར་མི་ཚེ་བསྐྱལ་བ་མ་ཡིན་ནམ།
ཁྱོད་ཀྱིས་སྐྱོ་སྐྱོ་མ་གནང་རོགས། ཁྱོད་ལ་ད་དུང་སྒེའུ་ཁུང་ལྟ་བུའི་རིག་གནས་ཡོན་ཏན་དང་མི་གཞི་ཀུན་གྱིས་ཕྱུག་པའི་མེ་ལོང་ལྟ་བུའི་གྲོགས་པོ་འདང་ཆེན་གང་མང་ཞིག་ཡོད་པས་ཁྱོད་རང་སྐྱོ་དགོས་མི་འདུག ངས་ནི་དེ་ལྟར་འདོད། ད་དུང་འུ་ཅག་གི་བར་ན་ཤ་ཚའི་ཉི་འོད་དྲོད་ལམ་མེར་འཕྲོ་ཞིང་། སེམས་ཁུར་གྱི་རླུང་བུ་འཇམ་བསིལ་བསིལ་གྱིས་རྒྱུ་བ་དང་། ཁ་བརྡའི་གཙང་བོ་སྔོ་ལྟེམ་མེར་འཁྱིལ་བཞིན་ཡོད་པས་ཁྱོད་རང་སྐྱོ་དགོས་མི་འདུག ངས་ཁྱོད་ལ་འཕྲིན་ཡིག་འདི་བྲི་བཞིན་ཆང་ཁང་ཞིག་གི་ནང་ན་གྲོགས་པོ་ཆང་འཐུང་འགའ་དང་མཉམ་དུ་ཡོད། ཆང་མ་འཐུང་ན་ཁང་ཆང་ནི་དེ་འདྲ་སྐྱིད་པོ་ཞིག་མ་རེད་མོད། ངས་ཆང་ཁང་ནང་ནས་དཔེ་ཆ་ལྟ་ཞོར་འདུག་ཡོད། ངས་དུས་རབས་འདིའི་ན་ཟུག་ཐེག་ཚད་ཅིག་ཁུར་ནས་ཡོད་པ་དང་ཅི་འདྲའི་མཚུངས་ཨང་།
ད་དུང་ངའི་བཤད་རྒྱུ་ཞིག་བརྗེད་འདུག ངས་སྒྲུང་རིང་བྲིས་ནས་ཚར་ཡོད། ད་ཆ་སྤེལ་བཏང་ན་ཆོག་མོད། ངའི་དེབ་ཅིག་བཟོ་ཨེ་ཐུབ་བསམ་གི་ཡོད། “སྤེལ་སྔ་འཕྱི་མ་རེད། ནང་དོན་ཡོད་མེད་རེད།”ཁྱེད་ཀྱིས་ང་བཤད་པ་མིན་ནམ། ཁྱེད་ཀྱིས་བཤད་པ་དེ་ངོ་མ་རེད། ནང་དོན་གཙོ་བ་རེད། དེ་བས། ད་དུང་མཐུད་དུ་དག་བཅོས་བྱེད་ཀྱིན་ཡོད། ན་ནིང་ངས་དཔར་སྐྲུན་བྱེད་འདོད་ཏེ། གླུ་བ་མགར་བསམ་འགྲུབ་ཚེ་ལ་འབྲེལ་བ་བྱས་པ་ཡིན་མོད། དེབ་ཀྱི་བར་རྒྱུག་འདྲ་པར་བླངས་ན་སྒོར་ཁྲི་གཅིག་མ་མཐའ་དགོས་ཟེར། དེ་བས་ཁྱེད་ཀྱིས་ང་ལ།“སྒོར་ཁྲི་གཅིག་གི་མི་རིགས་དཔེ་སྐྲུན་ཁང་གི་དཔེ་རྟགས་རྙེད་ཐུབ་པ་འདྲ་ང་ཡིན་ན་དེའི་དགའ་”ཞེས་ལབ་པ་དྲན་ནམ།
ཕྱིས་སུ་ངས་དེབ་ཅིག་བཟོ་རྒྱུ་ཐག་གིས་བཅད་པ་དང་ངའི་དེབ་ཀྱི་བར་རྒྱུག་ལ་རི་མོ་འབྲི་རྒྱུ་བྱས་པ་ཡིན། ཡིན་ནའང་། རི་མོ་ད་དུང་འགྲུབ་མེད། རྗེས་སུ་འཁྲབ་གཞུང་ལྟ་བུ་ཞིག་བྲིས་ནས་སྔོན་ལ་འདྲ་པར་བླངས་ཏེ། དེ་ནས་རི་མོ་འབྲི་འདོད་ཡོད། གང་ལྟར་ད་དུང་རི་མོ་དང་དཔེ་རྟགས་གཉིས་ཀ་གཟོད་བཀོད་སྒྲིག་བྱེད་དགོས། 2021-2-9ཉིན"ན་ལ་ཁོ་ཧྥེ་ཁང"ནས་བྲིས།
ཨ་དུག འཕྲིན་ཡིག་འདི་ཁྱེད་ལ་མཚོན་ན་དེ་འདྲ་གལ་ཆེན་ཞིག་ཡིན་མིན་མི་ཤེས་མོད། ང་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན། ངས་དུས་ཚོད་མང་པོ་བཏང་ནས་བྲིས་པ་ཡིན། ངས་ཁྱོད་ལ་སྐད་འཕྲིན་ལས་བཤད་པ་ལྟར་གྲོགས་པོ་ཞེས་པ་ནི་ཁ་ནས་ཁ་བརྡ་ཙམ་བྱེད་རོགས་དང་ཉིན་མ་འགའ་རེ་མཉམ་དུ་སོང་བ་ཞིག་ལ་མི་གོ་བ་འདྲ། མི་སུ་ཡིན་རུང་གྲོགས་པོ་མེད་ས་ཞིག་མེད་པ་ནང་བཞིན་དུ་ཚེ་གང་པོར་གྲོགས་མེད་ཁེར་རྐྱང་དུ་སྡོད་ཐུབ་པ་མ་རེད་མོད། དེ་བཞིན་མི་སུ་ཡིན་རུང་མི་ཚེ་གང་པོར་འདུག་རོགས་བྱེད་ཐུབ་མཁན་ཞིག་ཡོད་མི་སྲིད། གང་ལྟར་ཀྱང་ང་ལ་ད་སྐབས་ཁ་ནས་གྲོགས་པོ་ཞེས་འབོད་ས་མང་ནའང་དོན་ལ་སེམས་མཐུན་ས་དང་ལས་ཀ་གཅིག་པ། ནམ་རྒྱུན་ཕན་ཚུན་ལ་ཁ་བརྡ་བྱེད་འདོད་སའི་མི་ནི་ཇེ་ཉུང་ནས་ཇེ་ཉུང་རེད། སྔོན་ཆད་ངའི་གྲོགས་པོ་ཟེར་ནས་འབོད་སའི་མི་དག་ད་སྐབས་ང་དང་བར་ཐག་ཇེ་རིང་རེད།
ད་སྐབས་ཁོ་པ་ཚོས་རང་གི་ཁྱིམ་ཚང་དང་འཚོ་བ་སོགས་ལ་འབད་ནས་ཁོམ་ལོང་མི་འདུག ང་ལ་ད་སྐབས་དཔེ་ཆ་ཀློག་མཁན་གྱི་གྲོགས་པོ་དེ་བས་ཀྱང་མང་པོ་མེད། ཁྱོད་ཀྱིས་ཤེས་གསལ་ལྟར། དཔེར་ན། ཚོར་རྐང་། དགའ་རལ་གྲི། འབྲོག་ལྗང་། ཁ་བ་རང་གྲོལ་ལྟ་བའི་དགའ་བདེ་ན་དཔེ་ཀློག་ལ་དགའ་མཁན་གྱི་ངོ་ཤེས་འགའ་ཡོད་པ་མ་གཏོགས། ངའི་གཉེན་ཉེ་དང་ནུ་བོ་ནུ་མོ་དག་གི་ནང་དུ་དཔེ་ཀློག་ཅེས་གླེང་ཙ་ན། ང་ལ་འཕྱ་དམོད་གཏོང་མཁན་མ་གཏོགས་མཉམ་དུ་དཔེ་ཀློག་བྱེད་ཟེར་མཁན་ཞིག་མཐོང་རྒྱུ་མི་འདུག་ལ། དཔེ་ཀློག་ཅེས་པ་ནི་ཁོམ་སོང་བ་ཞིག་གིས་ལས་རྒྱུ་ཞིག་ཡིན་པར་གོ་བཞིན་འདུག འོན་ཏེ། ངས་ཁོ་ཚོ་ལ་སྐད་ཆ་ཅི་ཡང་ལབ་ན་མི་འདོད།
ཨ་དུག ད་དེ་མི་གླེང་། ཡང་ངས་རང་གི་སྡུག་བཤད་ཏག་ཏག་བཤད་ཤོར་སོང་།དེ་བས་ངས་གཞན་ཞིག་གླེང་རྒྱུ་བྱེད། འུ་གཉིས་ངོ་ཤེས་ནས་དུས་ཚོད་མང་པོ་མ་རེད་མོད། ནམ་ནམ་ཁྱེད་ཀྱི་སྐད་འཕྲིན་རྒྱབ་ལ་སྤེལ་བའི་རྩོམ་དང་དཔེ་ཆ་དེ་དག་མཐོང་པ་ན་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་འདུག ངས་ཁྱོད་ལ་ནམ་ནམ་གྲོགས་པོ་གྲོགས་པོ་ཞེས་འབོད་པ་ལས་ངས་ཁྱེད་དང་མཉམ་དུ་ཇ་དལ་འཐུང་ཞིག་བྱེད་མྱོང་མེད། སྤྱིར་བཏང་མི་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལྟར་གྲོགས་པོ་ལའང་རབ་འབྲིང་ཐ་གསུམ་ཡོད་ངེས་པས། དགེ་བའི་གྲོགས་པོ་གསེར་ལས་དཀོན། ། གཞན་ཕྱོགས་ཡིན་ཀྱང་གཉེན་དུ་ཁུག ། སྡིག་པའི་གྲོགས་པོ་དུག་ལས་ཐུ། ། རང་ཕྱོགས་ཡིན་ཀྱང་བོར་ན་ལེགས། ། ཟེར་བ་ལྟར་ཡོན་ཏན་གྱི་དྲི་བསུང་འགོས་པའི་གྲོགས་རེ་རྙེད་པ་ནི་རང་ཉིད་ཀྱི་ཚེ་ནོམ་ཞིག་རེད་འདོད། ཟླ་སྔོན་མའི་ནང་དུ་ཁྱོད་ཀྱིས་ང་ལ་ཁྱེད་རང་ད་ལྟ་ཁེར་རྐྱང་ཡིན་པ་དང་གྲོགས་པོ་ཞེས་འབོད་སའི་མི་མང་པོ་མེད་ཚུལ་ལབ་པ་དང་ད་དུང་རྩོམ་རིག་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་ཡོད་རབས་ལབ་པས་ང་རང་ཧ་ཅང་དགའ་བོ་བྱུང་། ངས་ཁྱེད་ལ་འཛམ་གླིང་རྩོམ་རིག་ཁྲོད་སྐད་གྲགས་ཆེ་བའི “ཁེངས་དྲེགས་དང་ཕྱོགས་ལྷུང”ཅེས་པའི་དེབ་ཅིག་ཉོས་ཡོད་མོད། ད་དུང་ནད་ཡམས་ཀྱི་དབང་གིས་ཁྱེད་ཀྱི་ལག་ཏུ་འཕྲོད་ཐབས་མ་བྱུང་། རྗེས་སུ་སྦྲག་སྲིད་ནས་བསྐུར་ཆོག་པ་བྱུང་ན་ངས་ཁྱེད་ལ་བསྐུར་ཡོང་ལགས། གོ་ཐོས་སུ་མི་གཅིག་གི་མི་ཚེའི་ཁྲོད་ངེས་པར་དུ་ཀློག་དགོས་པའི་དེབ་འགའ་ཡོད་ལ། དེའི་ཁྲོད་དུ “ཁེངས་དྲེགས་དང་ཕྱོགས་ལྷུང”ཞེས་པའི་དེབ་འདི་རྟག་པར་གྲོགས་པོ་མང་པོས་འོས་སྦྱོར་བྱས་པས། དེབ་འདི་ངས་ཐེངས་གཅིག་བཀླགས་པ་ཡིན་ཞིང་ཡིད་སེམས་དབང་མེད་ཤོར་བར་མ་ཟད། སྒྲུང་འདིའི་ལྟེ་བ་ནི་གྲོང་གསེབ་པའི་བུ་མོ་ཨི་ལི་བཟའ་བྷེད་དང་འབྱོར་ལྡན་མི་དྲག་ཌར་སི་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཡིན་འདུག་ལ། སྒྲུང་འདིར་བརྩེ་དུང་ནི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་གྲལ་རིམ་གྱི་བགག་རྒྱ་ལས་སྒྲོལ་ཐུབ་པ་ཡིན་པར་བསྟན་འདུག
སྤྱིར་བཏང་འཛམ་གླིང་རྩོམ་རིག་ལ་མཚོན་ན། ལྷག་པར་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ཀྱི་རྩོམ་རིག་ལ་མཚོན་ན་བརྩམས་སྒྲུང་གཅིག་པུའང་དཔེ་སྒྲོམ་མི་འདྲ་བ་སྣ་ཚོགས་སུ་བཀར་ནས་འཚོང་གི་ཡོད་ཟེར། དཔེར་ན་ཕོ་མོའི་བརྩེ་དུང་གི་སྐོར་དང་འདོད་སྲེད་ཀྱི་སྐོར་གཉིས་ཀའང་རིགས་མི་འདྲ་བར་བཀར་ཡོད་པ་རེད་ཟེར། བོད་ཀྱི་རྩོམ་རིག་གར་སྟེགས་སུ་ལོ་གཅིག་ལ་སྒྲུང་དེབ་བཅུ་གྲངས་ལས་ཐོན་གྱི་མེད་པ་དང་དེ་དག་ཚང་མ་བརྩམས་སྒྲུང་ཞེས་པའི་རིགས་ཆེན་པོ་ཞིག་གི་ཁོངས་སུ་སྡུད་པ་ལས་བྱེ་བྲག་ཏུ་རྩོམ་ལུས་སྣ་ཚོགས་འབྱུང་ཐུབ་ཀྱིན་མེད། དེ་མིན་རང་རེར་ཆེད་དུ་དེབ་བྲིན་པོའི་སྐོར་འབྲི་མཁན་གྱི་རྩོམ་པ་པོ་མེད་ལ་འགའ་རེ་ཡོད་པ་དག་འཚོ་བས་ཕྱི་བཙིར་ནང་བཙིར་བྱས་ནས་མཐའ་མ་རྩོམ་རིག་ཅེས་པའི་བུ་མོ་འདི་ལ་ཁྲེལ་མེད་བྱེད་དགོས་བྱུང་གི་འདུག དེ་ལ་ཡང་ཁག་མི་འདུག་སྟེ་རྩོམ་ཡིག་ཡག་པོ་འགའ་རེ་འབྲི་མཁན་བྱུང་རུང་རྩོམ་ཡོན་རེ་ལེན་རྒྱུ་བྱས་ན་ཀློག་པ་པོ་དག་གིས་སྡིགས་མོད་དང་འཁང་རས་ལམ་དེ་མེད་པར་བྱས་འགྲོ། དེའི་རྐྱེན་གྱིས་ཁོ་པ་ཚོས་རྩོམ་རིག་ལ་མུ་མཐུད་དུ་ཤི་འཐམ་རོ་འཐམ་བྱེད་མ་ཐུབ་པ་རེད། དེ་ཡང་ཁག་མི་འདུག་ཁོ་ཚོ་ལ་ཁྱིམ་ཚང་དང་བྱིས་པ་ཡོད་པའི་ནམ་ནམ་རྩོམ་ཡོན་མེད་ན་རྩོམ་ཏག་ཏག་བྲིས་ནས་འདུག་ག་ལ་ཐུབ། 姜子牙ལྟ་བུའི་དམག་ཐབས་ལ་མཁས་ཤིང་མི་ཀུན་གྱི་བཀུར་བའི་ཡོན་ཏན་པ་ཞིག་ཡིན་རུང་། ཆུང་མ་ལེན་ནས་ཚོང་རྒྱག་པ་ནི་ཁོང་གིས་ཀྱང་མ་ནུས་པ་རེད། མི་སུ་ཡིན་རུང་རང་རང་གི་འཇོན་ཐང་དང་དགའ་ཕྱོགས་ལྟར་གསོན་མ་ཐུབ་ན་རྩོམ་པ་པོ་ཡིན་རུང་བྱ་བ་ལ་ལར་འཇོན་པོ་ཡོད་པའི་ངེས་པ་མི་འདུག ངས་ལྷ་ལ་བསྐོས་པའི་སྒྲུང་ཞེས་པའི་གློག་བརྙན་དེ་ལ་བལྟ་སྐབས姜子牙ཆུང་མ་དང་མ་འགྲིག་པ། ད་དུང་ཁོང་ཚོང་རྒྱག་ཏུ་སོང་ནས་ཕྱིར་ལག་སྟོང་ལ་ཡོང་བའི་མཚམས་དེར་སླེབས་དུས་ག་ཤེད་ཅིག་ནས་བཤད་མི་ཤེས་པའི་ཚོར་བ་ཞིག་འདུག དཔེ་ཆ་ཀློག་མཁན་ཞིག་ལ་མཚོན་ན་འཚོ་བའི་བཙིར་བ་དེ་དཀའ་ཁག་ཅིག་ཡིན་ནའང་། དེ་བས་ཀྱང་ཁྱིམ་མི་དང་བཟང་ཚང་གིས་བཙིར་བ་དེ་ཆེས་ཆེ་བའི་དཀའ་ཁག་རེད་འདུག
ངས་ནམ་ནམ་བརྩམས་སྒྲུང་རེ་འབྲི་ཞོར་དུ་གློག་བརྙན་ཁ་གྲངས་མེད་པ་རེ་བལྟ་བཞིན་ཡོད། བརྩམས་སྒྲུང་ནི་རྩོམ་ལུས་མཐའ་དག་གི་ནང་ནས་ཆེས་འགངས་ཆེ་བ་ཞིག་རེད། ནུབ་ཕྱོགས་སུ་སྐབས་འགར་བརྩམས་སྒྲུང་ཟེར་བ་དང་སྒྱུ་རྩལ་བརྩམས་ཆོས་ཟེར་བ་གཉིས་དོན་གཅིག་ལ་གོ་བཞིན་ཡོད་པ་འདྲ། གང་ལྟར་བརྩམས་སྒྲུང་ཟེར་བའི་རྩོམ་ལས་འདི་ལ་ང་རང་ཧ་ཅང་དགའ་བོ་ཡོད། ངས་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་བརྩམས་སྒྲུང་གི་དེབ་ཅིག་བྲིས་ཟིན་ལ། མི་འགྱང་བར་དཔར་སྐྲུན་བྱེད་འཆར་ཡོད། ངས་ད་དུང་ད་བར་དུ་རང་གི་བྲིས་པའི་འཕྲིན་ཡིག་དང་ལྷུག་རྩོམ་དག་ཕྱོགས་གཅིག་ཏུ་སྒྲིག་ནས་དེབ་ཞིག་བཟོ་ཐུབ་དགོས་ཞེས་རང་གིས་རང་ལ་བཤད་ཀྱིན་ཡོད། འཚོ་བ་ལ་མཐའ་མེད་པ་བཞིན་དུ་བརྩམས་སྒྲུང་ལ་མཐའ་མི་འདུག བརྩམས་སྒྲུང་བཀླགས་པས་ངའི་འཚོ་བ་ཕུན་སུམ་ཚོགས་པར་འགྲོ་ཡི་ཡོད། མི་ཚེ་དང་འཇིག་རྟེན་འཁོར་བའི་སྐོར་གྱི་མྱོང་བ་དང་རྟོགས་པའང་ཇེ་མང་ཇེ་ཟབ་ཏུ་འགྲོ་ཡི་འདུག བརྩམས་སྒྲུང་གིས་མཚན་ཉིད་རིག་པའི་དེབ་ལྟར་གོ་དཀའ་བའི་ལྟ་བའམ་བསམ་བློ་རྡོག་རྡོག་ཅིག་སྟེར་བ་མིན་ནའང་དེས་ཧ་ཅང་ལྷོད་པོའི་ངང་དུ་མི་གཞན་གྱི་མི་ཚེའི་མྱོང་བ་དག་ང་ལ་མྱོང་དུ་བཅུག་ཐུབ། མི་ཕལ་བ་ཞིག་ལ་མཚོན་ན་བསམ་བློ་དང་དགོངས་པ་ཟེར་བའི་དོན་ཟབ་མོ་དེ་དག་དང་བསྡུར་ན་ཏག་ཏག་འཚོ་བའི་མྱོང་བ་ནི་ཆེས་གལ་ཆེ་བ་ཞིག་རེད། དེ་བས་ནམ་ཞིག་ངེད་ཅག་བོད་པ་དག་གི་བཀླག་དེབ་ཀྱི་རིགས་གཙོ་བོ་ནི་བརྩམས་སྒྲུང་དུ་གྱུར་ནས་སྙན་ངག་དང་ལྷུག་རྩོམ་སོགས་ཕལ་བར་གྱུར་དུས་ད་གཟོད་རང་རེའི་རྩོམ་རིག་གི་ལམ་ཀ་དེ་ཧ་ཅང་མཐོན་པོ་ཆགས་ཀི་ཡོད་སྲིད། འོན་ཏེ་ད་ལྟ་ངའི་གྲོགས་པོ་དག་གི་ནང་དུ་བརྩམས་སྒྲུང་འབྲི་མཁན་ཞིག་མཐོང་དཀོན་ལ་བརྩམས་སྒྲུང་ཀློག་མཁན་ཙམ་ཡང་འགའ་རེ་མ་གཏོགས་མི་འདུག
ངས་འདི་ལྟར་གླེང་ན། མི་མང་པོ་ཤིག་གིས་ང་ནི་རྩོམ་རིག་ཤེས་མཁན་ཞིག་ཡིན་པར་སྙམ་ན་དེ་ནི་གཏན་ནས་མིན་ལ། ཡང་མི་འགའ་རེས་ང་ནི་གྲོགས་པོ་ལ་ལབ་རྒྱག་མཁན་ཞིག་རེད་བསམས་ན་དེ་ཡང་ཁྱེད་ཀྱིས་ནོར་ཡོད་སྲིད། ངས་དྲང་མོར་ལབ་པ་ཡིན་མོད་ཡིད་ཆེས་མིན་དེ་གཙོ་བོ་ཞིག་མ་རེད། ངས་ནམ་ནམ་རྩོམ་འདྲ་མིན་བྲིས་ཀྱིན་བྲིས་ཀྱིན་ང་རང་དེ་ལ་གོམས་ཤིང་འདྲིས་པར་གྱུར་བ་དང་ད་ལྟ་མ་བྲིས་པར་བསྡད་ཚེ་སུན་པ་དང་སེམས་སྟོང་བར་འགྱུར་བ་སོགས་རྩོམ་མ་བྲིས་ན་ཉི་མ་འགྲོ་ཐབས་མི་འདུག
སྤྱིར་བཤད་ན་མི་ཚེའི་ནང་དུ་དོན་དམིགས་བསལ་བ་དང་འགྲུལ་བཞུད་ངོ་མཚར་བ། ལྟད་མོ་ཡ་མཚན་པ་སོགས་མྱོང་བ་སྣ་ཚོགས་མེད་ཚེ་རྩོམ་ཡག་པོ་འགྲུབ་ཐབས་མེད་པ་འདྲ། དེ་བས་ང་ལ་མཚོན་ན་ཕྱིས་སུ་རྩོམ་ཡག་པོ་འབྱུང་ངམ་མི་འབྱུང་གི་གནད་དེའང་ང་རང་གི་འཚོ་བའི་ནང་དུ་རྩོམ་ཡག་པོ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་དེ་འདྲ་འབྱུང་མིན་ལའང་རག་ལས་འདུག་སྙམ་ནས་ང་རང་སྔོན་ཆད་ས་ཆ་མང་པོར་འཁྱམ་ཉུལ་དུ་འགྲོ་མྱོང་མོད། གྲོགས་པོ་འགའ་རེས་བཤད་ན་འཁོར་བ་མ་བཟུང་སྔོན་ལ་རྩོམ་ཡིག་ཕྲིས། རྗེས་སུ་འཁོར་བ་བཟུང་རྗེས་རྩོམ་ཡིག་འབྲི་ཁོམ་ཡོད་པ་མ་རེད་ཟེར། དེ་བས་ང་ས་གཞན་ལ་འགྲོ་ཁོམ་མེད་དུས་སུ་ངས་རྩོམ་ཡིག་ཡག་པོ་རེ་འབྲི་ཐུབ་ཆེད་དུ་གློག་བརྙན་འདྲ་མིན་ལ་བལྟ་ཡི་ཡོད་ལ་རྩོམ་ཡིག་འདྲ་མིན་ཀློག་གིན་ཡོད། ད་དེ་ཙམ་བྱེད། གནས་སྐབས་བདེ་མོ།
2022-11-17ཉིན་རྨ་ཆུ་རྫོང་ཤར་ཕྱོགས་སྤོ་ལོ་ཐང་ནས་བྲིས། སྤོ་ལོ་ཐང་ཞེས་བྲིས་པ་འདི་མཐོང་ན་ཁྱེད་རང་ཧ་ལས་འགྲོ་ནའང་ཐང་། ངའི་སྤོ་ལོ་ནི་རྩེད་མི་ཤེས་མོད། ངས་འདི་ནས་ཕུ་བོ་ཞིག་གིས་སྤེལ་བའི་སྤོ་ལོ་འགྲན་བསྡུར་ཞིག་ལ་ཐད་གཏོད་བྱེད་སྐབས་བརྙན་ལེན་རོགས་བྱེད་དུ་སོང་ནས་ཞོར་ལ་རྩོམ་འདི་བྲིས་པ་ཡིན། མི་ཚོགས་ཅི་འདྲ་མང་རུང་ངས་སྔར་ལྟར་རྩོམ་འབྲི་བ་ལ་བར་ཆད་ཅུང་ཙམ་ཡང་མི་འདུག
ནུ་བོ། ཁྱོད་རང་སློབ་མཐར་ཕྱིན་པར་ཕུ་བོ་ངས་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། ངས་ཁྱོད་ལ་འཕྲིན་ཡིག་ཅིག་གི་ལེགས་སྐྱེས་ཆུང་ཆུང་ཞིག་འབུལ་ན་འདོད་ཡོད། སྐད་ཆ་དྲང་མོར་ལབ་ན། ངས་གང་ནས་མགོ་རྩོམ་པ་དང་གང་ནས་མཇུག་བསྡུ་བ་སོགས་ང་ལ་མཚོན་ན་ཧ་ཅང་དཀའ་བའི་ལས་ཤིག་རེད། ཡིན་ནའང་། ཕུ་བོས་འཕྲིན་ཡིག་ཅིག་ཁྱོད་ལ་ལེགས་སྐྱེས་ཤིག་གི་ཚབ་ཏུ་ཕུལ། ངས་ཕ་ཡུལ་དང་ཧ་ཅང་ཁ་ཐག་རིང་ས་ཞིག་ནས་ཁྱོད་ལ་འཕྲིན་ཡིག་འདི་འབྲི་དུས། ངས་ཁྱོད་དང་ནུ་བོ་དག་ཤིན་ཏུ་དྲན་གྱིན་ཡོད། འོན་ཏེ། ངས་ཁོ་ཚོ་ལ་འཕྲིན་ཡིག་འབྲི་ཡི་མེད་པ་ནི་ཁོ་ཚོ་བོད་ཡིག་ལ་དེ་ཙམ་དགའ་བོ་མེད་པ་དང་ལྷག་ཏུ་རྩོམ་ཡིག་ཉ་ཉོག་ལ་དེ་བས་དགའ་བོ་མེད་པས་མ་བྲིས། ཡིན་ནའང་། ཁྱོད་རང་དེ་དང་མི་འདྲ་དེ་ཁྱོད་རང་རྩོམ་ཡིག་འབྲི་བར་དགའ་ཞིང་། རྩོམ་ཡིག་ཀློག་པར་དགའ་བས་ཕུ་བོས་ཁྱེད་ལ་ཡིག་ཉོག་འགའ་སེམས་མཚོན་དུ་ཕུལ་བ་ཡིན་ལ། ངས་དེ་རིང་ལས་ཀ་ལས་རྒྱུ་མང་དྲགས་པས་དོ་ནུབ་ཧ་ཅང་ཐང་ཆད་པའི་ཁར་ཁ་པར་གྱི་གློག་རྗས་ཚར་ལ་ཉེ། ཡིན་ནའང་། འུ་གཉིས་ཀྱིས་ཕན་ཚུན་ལ་ཡུན་རིང་འཕྲིན་ཡིག་མ་བྲིས་བར་མ་ཟད་ཟླ་སྔོན་མར་ཁྱོད་ཀྱིས་ང་བསྐུར་ཡོང་བའི་འཕྲིན་ཡིག་དེ་ངས་བཀླགས་ཟིན་མོད། ངས་ཁྱོད་འཕྲིན་ལན་ཞིག་ཕར་ཞོག་ཁ་པར་ཞིག་གཏོང་མ་ཐུབ་པས་ཕུ་བོས་ཁྱོད་ལ་དགོངས་དག་ཞུ།
འུ་ཅག་མིང་སྲིང་ཚོའི་ཁྲོད་དུ་དཔེ་ཆ་འདོན་མཁན་མང་རུང་ཁྱོད་དང་འདྲ་བར་བོད་སྐད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་མེད། ཁྱེད་ཀྱིས་སློབ་སྐབས་རེ་རེར་བོད་ཡིག་གི་རྒྱུགས་འཕྲོད་པ་དང་ལྷག་པར་ཏུ་འཆད་རྒྱུགས་ལ་སྐར་མ་མཐོན་པོ་བླངས་པ་འདི་ལས་ལྷག་པའི་དགའ་བ་ཞིག་ང་ལ་མཚོན་ན་གང་དུའང་རྙེད་རྒྱུ་མེད། དེ་བས་ངས་ནམ་ཡང་བློ་མིག་ཁྱོད་ལ་གཏད་ཅིང་རྒྱང་རིང་བའི་ཕུགས་བསམ་ཞིག་ཁྱོད་ཀྱི་སེམས་ཀློང་དུ་འཇོག་ཅི་ཐབས་བགྱིས་པ་ཡིན། སོ་སོའི་བྱ་བའི་དབང་གིས་མཇལ་འཛོམས་ཀྱི་སྐལ་བ་ཕྲ་ན་ཡང་འུ་གཉིས་ཀྱིས་སྐད་འཕྲིན་ནང་དུ་ཁ་བརྡ་བྱེད་སྐབས་ཀྱང་ངས་ཁྱོད་ཀྱི་འདོད་བློ་ལྟར་སྐད་ཆ་བཤད་ཅི་ཐབས་བྱས་ཤིང་ངག་གི་རླུང་བུ་ཁྱོད་ཀྱི་ཕུགས་བསམ་རིང་མོའི་དར་གདང་གི་མཐུན་ཕྱོགས་སུ་གཡུག་ཏུ་བཅུག་པ་ཡིན། ངས་ཁྱོད་རང་སྨིན་ཐང་དུ་སློབ་གྲྭར་བསྐྱལ་དོན་ནི་ལས་ཁུངས་ཤིག་ལ་མགོ་རྒྱག་མཁན་ཞིག་ཡོང་བའི་ཆེད་དུ་མིན་ལ། བོད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་དང་རིགས་ཞེན་ཅན་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན། ད་ལྟ་ཁྱོད་རང་ཕུ་བོ་ངའི་སེམས་སུ་ནམ་མཁའི་སྐར་ཆེན་བཞིན་འོད་དུ་འཚེར་ཞིང་ཕུགས་བསམ་ཀྱི་མེ་ཏོག་ཚལ་དུ་རེ་འབྲས་ཀྱི་ཉི་འོད་བསུ་བའི་ནུ་བོ་རེ་བ་ཅན་ཞིག་ཏུ་གྱུར་ཟིན་འདུག་ལ། ཕུགས་བསམ་ནི་མི་སུལང་ཡོད་ཀྱང་དེའི་གལ་ཆེའི་རང་བཞིན་ཤེས་རྒྱུ་ནི་རྩ་བའི་རྩ་བ་ཡིན། ངས་དེ་རིང་ཁྱོད་ལ་སྐད་ཆ་མང་བོ་ཞིག་བཤད་རྩིས་མེད། ད་ནི་ཁྱོད་རང་སློབ་མཐར་ཕྱིན་སོང་། ཕུ་བོ་ངས་ཁྱེད་ལ་སྙིང་ནས་རྟེན་འབྲེལ་ཞུ་བ་དང་འཕྲིན་ཡིག་འདི་ཁ་བཏགས་ཤིག་གི་ཚུལ་དུ་ཕུལ་བ་ཡིན།
འུ་ཅག་གི་ཡབ་མེས་གོང་མ་དག་ནི་ཆོས་ལ་དད་ཅིང་རང་རིགས་ལ་ཤ་ཞེན་རུས་ཞེན་ཆེ་བས་བོད་ཅེས་ས་ཆེན་པོ་ཡོམ་ཡོམ་དུ་སྒུལ་མྱོང་མཁན་གྱི་གནའ་མི་དེ་དག་ཡིན་པའི་ཁྱོད་ཀྱང་ཤ་ཞེན་དང་རུས་ཞེན་ཡོད་པའི་ན་གཞོན་རེ་བ་ཅན་ཞིག་ཡིན་འོས། འུ་ཅག་གི་ཨ་ཕ་ལྟ་བུའི་སྤྲུལ་བའི་སྐུ་མཆོག་རྡོ་རྗེ་བསྟན་ལགས་ཀྱི་ཐུགས་དགོངས་ཀྱང་རེ་མེད་དུ་གཏོང་མི་རུང་། དེ་བས་ཁྱོད་རང་སློབ་སྦྱོང་གི་ལམ་ཁ་དེ་ནས་དཀའ་ཁག་ཡོད་རུང་ལེ་ལོ་གྲོགས་སུ་རྟེན་མི་ཉན། འུ་གཉིས་ལ་འུ་གཉིས་ཚོད་ཀྱི་སྙིང་རུས་ཤིག་ཡོད་དགོས་ལ། འུ་གཉིས་ལ་འུ་གཉིས་ཚོད་ཀྱི་བྱ་བ་ཞིག་ངེས་པར་དུ་ཡོད་དགོས། དེས་མི་ཚད་འུ་གཉིས་ཀ་བདག་མེད་ཡིན་ནི་རེད། ཕ་ནི་འུ་གཉིས་ལ་མེད། ཕ་མེད་ན་སྡེ་བས་འཕྱ་ས་དང་དགོད་ས་ཡིན་ཟེར་དཔེ། མ་དྲིན་ཆེན་ཟུང་གིས་བྱམས་ཀྱིས་བསྐྱངས་ན་ཡང་མ་རྒན་གྱི་དོན་ཆེན་ཞིག་ཅི་ལྟར་འགྲུབ། ཐ་ན་ཡིག་རྨོངས་ཙམ་སེལ་བ་ལས་མིན་པ་རང་རང་གི་སེམས་ན་གསལ་བོ་ཡིན་ནི་རེད། ད་དུང་ཁྱོད་ཀྱི་ཕ་ཚབ་དང་ང་ཡི་ཕ་མ་གཉིས་ཀྱི་ཚབ་མཚོན་ནི་ཨ་ཕྱི་དྲིན་མོ་ཆེ་གཅིག་པུ་མ་གཏོགས་གཞན་གཉེན་ཉེ་ཟེར་བའི་དྲིན་ཆེན་ཞིག་མེད་པ་ཤེས་དགོས། ང་ལ་མཚོན་ན་ཁོང་ལས་དྲིན་ཆེན་ཞིག་ཚེ་ཐོག་འདིར་མེད་ཟེར་ན་ཆོག་ཆོག་ཡིན།
སྤྱིར་ན། འུ་ཅག་ནི་ཕ་མ་དང་ཁ་ཐག་རིང་བའི་མི་ཡིན་པ་དང་། ད་དུང་ཁྱིམ་ཚང་གི་འཁོས་ཀ་ཞན་པོ་ཡིན་སྟབས་མི་གཞན་དང་མི་འདྲ་བས། ནམ་ནམ་རང་ཉིད་ཀྱིས་རང་ཉིད་ལ་སྐུལ་མ་དང་བྱམས་སྐྱོང་བྱེད་དགོས་ནི་རེད། འུ་ཅག་གི་ལས་དབང་ནི་འདི་ལྟ་བུ་ཞིག་ཡིན་པས་སུ་ལ་ལེ་བདའ་དང་འཁང་ར་བྱེད་ས་འགྲོ་ཀི་མ་རེད་མོད་རང་ཉིད་ཀྱིས་རང་ཉིད་ལ་སྐུལ་མ་དང་བདག་སྐྱོང་ནི་ཤིན་ཏུ་གལ་ཆེན་ཡིན། ངས་ཁྱོད་ཀྱི་རྒྱབ་ཁབ་ཀྱི་བྱ་བ་གཉེར་མཁན་ཞིག་དང་ལས་ཁུངས་ཞིག་གི་ནང་དུ་མགོ་རྒྱག་ས་ཨེ་རྙེད་ཀི་དུ་ཅན་པོ་ལབ་ན་མི་འདོད་ཀི དུ་ཅན་པོ་ངས་བཤད་རུང་ཁྱོས་སེམས་སུ་འབབ་མིན་ར་མི་ཤེས། ཡིན་ནའང་། ངས་ཁྱོད་ལ་ཁ་མིན་དོན་གྱིས་ལབ་ན་འདོད་རྒྱུ་དེ་ནི། ད་རུང་ཁྱོད་ལོ་ཆུང་གི་དེ་བས་སློབ་སྦྱོང་དོར་མི་ཉན་ལ། སློབ་སློང་ནི་རང་ཉིད་ཀྱིས་རང་ཉིད་ལ་མ་རྩ་འཇོག་སྟངས་ཆེས་ཡག་ཤོས་དེ་རེད། འཛམ་གླིང་གི་མཁས་པ་གྲགས་ཅན་ཨེ་ཡེན་སུ་ཐན་གྱིས “ནམ་ཞིག་ཁྱེད་ཀྱིས་སློབ་སྦྱོང་དོར་བ་ཡིན་ན། ཁྱེད་རང་འཆི་བའི་མགོ་བརྩམས་པ་རེད།” ཅེས་གསུང་པ་བཞིན་དུ། སློབ་སྦྱོང་མ་དོར་ན་ང་དེའི་ཡན་གི་རེ་བ་ཆེན་པོ་ཞིག་མེད། ངས་རེ་བ་ནི་ཁྱོད་ཀྱིས་ལག་རྟགས་བཟང་པོ་ཞིག་ལོན་རྒྱུ་དང་གཞུང་གི་བྱ་བ་ཞིག་ལ་འཐམ་རྒྱུ་དེ་ངོ་མ་མིན། ས་གང་དུ་སོང་རུང་མི་སུ་ལ་འགྲོགས་ཀྱང་སློབ་སྦྱོང་མི་དོར་རྒྱུ་དེ་ཡིན།
ཏྲེ་ཧོར་ལྷ་རམས་ཀྱིས། “ནམ་ཞིག་ཁྱོད་ཀྱི་སྣང་ངོར་དཔེ་ཆ་ནི་སུས་ཀྱང་འགྲན་དུ་མེད་པའི་ཡིད་དུ་འོང་བའི་དངོས་པོ་ཞིག་དང་དཔེ་ཀློག་ནི་ནམ་ཡང་ངོམས་པ་མེད་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཚེ། ད་གཟོད་ཁྱོད་ནི་དཔེ་ཆ་བ་རྣམ་མ་ཞིག་ཏུ་གྱུར་བའི་རྟགས་མཚན་ཡིན་ལ། དུས་དེ་ནས་ཁྱེད་ཀྱི་ཤེས་རབ་དང་ནུས་སྟོབས་ཀྱང་ནམ་ཡང་ཆེས་བླ་མེད་དུ་འཕེལ་ངེས།” ཞེས་གསུང་པ་མ་རེད་དམ། འོན་ཏེ། མི་ཟེར་བ་འདི་ནི་བཙན་གཏམ་བཤད་ནས་འདུལ་ཐུབ་པ་ཞིག་དང་ཁ་ཏ་བྱས་ནས་འགུག་ཐུབ་པ་ཞིག་མིན་རུང་འུ་ཅག་གི་འབྲེལ་བ་དང་འདང་བརྩེ་ཟབ་པས་ངས་དེ་ལྟར་ལབ་པ་ཡིན། ཨ་ཕྱིས་རེ་བ་ནི་ང་ཡང་འོད་ཟེར་བཞིན་རྫོང་གི་ལས་ཁུངས་ཤིག་ལ་ཞུགས་རྒྱུ་དང་ཡང་མིན་ན། རི་མོ་བ་ཞིག་ཏུ་གྱུར་ན་བསམ་ཡོད་མོད་ངས་རང་གི་འདོད་པ་ལྟར། གནས་ངེས་མེད་དུ་དཔེ་ཀློག་ཙག་ཙིག་རེ་བྱས་ཀྱང་ད་རུང་འབྲས་བུ་ཆེན་པོ་ཅི་ཡང་མེད་པས། ད་ལྟ་ཨ་ཕྱི་དང་ངའི་གཉེན་ཉེ་ཚོའི་སེམས་ན་ང་ནི་དྲན་རྒྱུ་མང་ཞིང་ལས་ཁུངས་ཤིག་གི་ནང་དུ་ཚུད་མི་ཐུབ་པའི་མི་ནུས་མེད་ཅིག་རེད་འདོད་ཡོད། ངའི་སློབ་གྲོགས་ཕུན་ཚོགས་ཉི་མས་བཤད་པ་བཞིན་སྤྱི་ཚོགས་ཟེར་བའི་གར་སྟེགས་ཆེན་པོ་འདིའི་སྟེང་ནས་དཔེ་ཀློག་ཙག་ཙིག་རེ་བྱེད་ཞོར་དུ་རང་དབང་གི་འཚོ་བ་ཞིག་རོལ་རྒྱུ་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་མོད། དེ་འདྲའི་རང་དབང་གི་འཚོ་བ་སྟབས་བདེ་ཅིག་རོལ་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་རེད་ཅེས་བཤད་པ་ངོ་མ་བདེན་པ་རེད།
མདོར་ན། འུ་གཉིས་ཀའི་དགའ་ཕྱོགས་མི་གཅིག་རུང་འུ་གཉིས་ཀ་སྒེར་ཚུགས་སློབ་གྲྭ་ཞིག་ནས་མཐར་ཕྱིན་གྱི་མིང་ཙམ་ཁུར་མཁན་ཞིག་ཡིན་པས་ཆ་ནས་གཞན་དང་མི་འདྲ་ས་ཡོད་ན་འགྲིག་གི་རེད། འུ་གཉིས་ཕ་མ་གཅིག་པའི་ཕུ་ནུ་མིན་ན་ཡང་ཨ་ཕྱི་ཡི་བྱམས་བརྩེའི་དྲོད་འཇམ་ལས་ནར་སོན་པའི་ཕུ་ནུ་ཤ་སྟག་ཡིན་པས། འུ་གཉིས་ཀའི་ལུས་ཀྱི་གཟུགས་དབྱིབས་མི་འདྲ་ན་ཡང་སེམས་ཀྱི་འཁོར་ཕྱོགས་འདྲ་དགོས། འུ་གཉིས་ལ་སྒེར་ཚུགས་སློབ་མ་ཞིག་གི་གཤིས་ཀ་ཡོད་ན་རེད། ཁྱོད་ཀྱིས་ཀྱང་ཤེས་ནི་རེད། ང་ནི་མི་རིགས་ཀྱི་འདུ་ཤེས་དྲག་པོ་ཡོད་ས་ཞིག་ཡིན། ལོ་འདི་དག་གི་རིང་ལ་ངས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སྦྱང་བརྩོན་ལྷོད་མེད་བྱས་མོད། ད་ལྟ་རང་གི་ཁ་གསོ་ཐབས་ཙམ་ཡང་མི་ཉན། ད་ལྟ་ང་ནི་ཕ་ཡུལ་གྱི་མི་རྣམས་ཀྱིས་དཔེ་ཆ་བཏོན་ནས་དགོས་མཁོ་མེད་པའི་དཔེ་རུ་འཁྱེར་བཞིན་ཡོད་ལ། རང་ཁའང་གསོ་མི་ཐུབ་པས་བོད་ཡིག་བཏོན་ནས་ཅི་བྱ་བསམ་ན་ཐང་མོད། ཁྱོད་ཀྱིས་དེ་འདྲ་འདོད་མི་ཉན། བོད་ཡིག་ནི་ཡོད་ཚད་ཡིན། ངས་མི་ཚེ་འདིར་བོད་ཡིག་མ་གཏོགས་ཤེས་མ་ཐུབ་ལ། གཞན་ཤེས་མ་ཐུབ་རུང་ང་ལ་འགྱོད་པ་མེད། འོན་ཏེ། ཁྱེད་ཅག་ང་ལས་ལོ་ཆུང་ཆུང་ཡིན་པའི་སྐད་ཡིག་གཞན་པ་ཡང་སློབ་དགོས་རེད། གཙོ་བོ་བོད་ཡིག་ཡིན་པ་ཤེས་དགོས་ལ། དེ་ནས་རྒྱ་ཡིག་དང་དབྱིན་ཡིག་སོགས་ལ་ཡང་ཤུ་རེ་བྱོས། ངས་འདི་ལྟར་བཤད་ན་ཁྱོད་ཀྱིས་ངས་མཐོ་ས་ཞིག་ནས་འགྲེང་སྟེ་མི་རིགས་ཀྱི་སྙིང་སྟོབས་སམ་ཡང་ན་ལ་རྒྱའི་ཕྱོགས་ནས་སྐད་ཆ་སྦོམ་པོ་བཤད་ཀི་མ་བསམ།
འཕྲིན་འདི་ཀློག་ནས་འདིར་ཐོན་པ་ན། ཁྱོད་སུན་ཀི་ཡོད་ཨང་། ཉོག་བཤད་མང་འདུག་བསམ་བཞིན་ཡོད་དམ། དགོངས་དག་ཞུ། ངས་བསམ་གཟས་ནས་ཁྱོད་ལ་སུན་དུ་བཅུས་པ་མིན་ལ། ང་སྐྱོ་སྡུག་གིས་མནར་དྲགས་པས་རང་གི་སྙིང་ཉེ་བའི་མི་ལ་བཤད་འདོད་པ་ཙམ་ཡིན། ད་ནི་མཚམས་འཇོག་བྱེད་འོས། འོ། ངས་དོན་ཞིག་བརྗེད་འདུག གོ་ཐོས་སུ་ཁྱོད་ཀྱི་སོ་ན་ཡི་འདུག་ཟེར། ད་སྐབས་ཅི་འདྲ་རེད། དེས་མི་ཚད་ཁྱོད་ནུབ་བྱང་ལ་འགྲོ་དགོས་ཟེར་བ་མིན་ནམ། ང་ངོ་མ་དགའ་ཡོད། ངོ་མ་ཁྱེད་ནུབ་བྱང་དུ་འགྲོ་ཐུབ་ན་ཁྱོད་ལ་འགྱུར་བ་ཡོད་སེམས་ཐག་ཡིན། འོན་ཏེ་ནུབ་བྱང་ནི་སྔོན་དང་བསྡུར་ན་འགྱུར་འདུག་ཟེར་མོད། གང་ལྟར་གཙོ་བོ་རང་རང་ལ་ཐུག་ནི་རེད། ད་དུང་ཁྱོད་ཀྱི་ཉིན་འགའི་སྔོན་དུ་བྲིས་པའི་ལྷུག་རྩོམ་དེ་ངོ་མ་ཡག་པོ་ཞིག་བྲིས་འདུག་བསམ་སོང་། མུ་མཐུད་དུ་རྩོམ་ཡིག་ཕྲིས། མ་ཤི་བར་དུ་ཕྲིས། གཞན་གྱིས་ཡག་མི་ཡག་བཤད་པ་དེ་གཙོ་བོ་མ་རེད། ང་ལ་མཚོན་ན་རྩོམ་ནི་ཁྱེད་ཅག་དང་ཤིན་ཏུ་འདྲ་སྟེ་བདག་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་ཡོད་དོ་ཅོག་ཐད་ཀར་བཤད་ཆོག་ས་ཙམ་མིན་པར། ཁེར་རྐྱང་ལ་མུ་མཐུད་དུ་འདུག་ཐུབ་པའི་ཆེད་ཡིན། དེས་མི་ཚད་རྩོམ་ཡིག་འབྲི་རྒྱུ་དང་དཔེ་ཆ་ཀློག་རྒྱུ་དོར་མི་ཉན། དཔེ་ཀློག་ལས་ལྷག་པའི་བྱ་བ་གལ་ཆེན་ཞིག་གང་དུ་ཡོད། ནམ་རྒྱུན་ཁ་པར་ཏག་ཏག་མནན་ནས་མ་འདུག ཁ་པར་ནང་ལ་ཡང་སློབ་སྦྱོང་མེད་པ་མ་རེད་མོད་ཁ་པར་ལག་ཏུ་བཟུང་རྗེས་ངོ་མ་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་ཀྱིན་མི་འདུག ངོ་མ་ཡིན་གོ ཉི་མ་རེ་རེ་བཞིན་སློབ་སྦྱོང་ཅུང་ཙམ་རེ་བྱེད་ཐུབ་མཁན་དག་ལོ་མང་པོ་ཞིག་གི་རྗེས་ནས་ངོ་མ་བཤད་མི་ཤེས་པའི་མི་འཇོན་ཐང་ཅན་ཏག་ཏག་རེད་འདུག་མོད། སྔར་བཞིན་དུས་ཚོད་དམ་འཛིན་མི་བྱེད་ནི་ཚང་མ་སྔར་ལྟར་སྟོན་རྒྱུ་ཅི་ཡང་མི་འདུག དེ་བས། ཡུན་གྱིས་སློས་སྦྱོང་གྱིས་ཤིག ད་དེ་ཙམ་བྱེད། གནས་སྐབས་བདེ་མོ།2021-8-3ཉིན་ལྷ་ས་ནས་བྲིས།
བདག་གི་བློ་ཉེ་བའི་གྲོགས་པོ་རང་གྲོལ་ལགས། ཉེ་ལམ་བདེ་མོ་ཡིན་ནམ། ཡུན་རིང་ཞིག་ལ་ཁ་བརྡ་བྱེད་མ་ཐུབ། ངས་ཉེ་ལམ་སྙན་ངག་དང་ལྷུག་རྩོམ་བརྩམས་སྒྲུང་སོགས་འབྲི་བཞིན་ཡོད། དེ་བས་ཁོམ་ལོང་མ་བྱུང་ཐལ། ཁྱོད་ཀྱིས་བརྩམས་སྒྲུང་འབྲི་བཞིན་ཡོད་དམ། གོ་ཐོས་སུ། ཁྱོད་ཀྱིས་བརྩམས་སྒྲུང་མང་པོ་ཞིག་བྲིས་འདུག་མོད། ཕྱི་ལ་སྤེལ་གྱི་མི་འདུག་ཟེར་བ་དེ་བདེན་ནམ།
ཉེ་བའི་ལོ་འགའི་སྔོན་དུ་ངའི་སློབ་གྲོགས་དག་གི་ནང་ན་བརྩམས་སྒྲུང་འབྲི་མཁན་འགའ་རེ་ཡོད་མོད། ཕྱིས་སུ་ཁོ་ཚོ་ཕལ་ཆེ་བས་རྒྱུན་ལེགས་པོ་ཞིག་སྐྱོང་མ་ཐུབ་པས། ད་ལྟ་ཁོ་ཚོ་བརྩམས་སྒྲུང་དང་བར་ཐག་ཧ་ཅང་རིང་དུ་ཆགས་འདུག སྤྱིར་ན་ཡང་ང་ཚོ་བོད་པ་རྣམས་ལ་ཨ་གསར་ཧ་ཅང་ཚ་པོ་འདུག དེའི་དབང་གིས་བྱ་བ་ག་གེ་མོ་རེ་སྒྲུབ་ཚེ་དང་ཐོག་ལག་སྔ་ཕྱི་ཚད་མཁན་མང་པོ་འདུག་མོད། འོན་ཀྱང་། མཐར་རྒྱུན་སྐྱོང་བྱེད་མཁན་ནི་ཧ་ཅང་ཉུང་ཉུང་རེད་སྙམ། དེ་བས་ཨ་གསར་དང་སྒྱིད་ལུག་ངང་ནས་བྱ་བ་འཇུག་ཕུད་ཐུབ་ཀི་མི་འདུག་ལ། དེ་དག་གི་ཨ་གསར་ནི་སྤེན་མའི་མེ་ལྕེ་དེ་འབར་སྐབས་དྲོ་རུང་འབར་ཡུན་ཐུང་ཞེས་པའི་དཔེ་འདི་ལས་མ་འདས་སྙམ། དེ་བས། ངས་ཁྱོད་ལ་འདི་ལྟར་ལབ་དོན་ཁྱོད་རང་ཁོ་པ་ཚོ་ནང་བཞིན་ནམ་ཞིག་བརྩམས་སྒྲུང་དང་ཁ་ཐག་རིང་མི་རུང་ལ། ཁྱོད་ཀྱིས་བརྩམས་སྒྲུང་འབྲི་རྒྱུ་བློས་གཏོང་མི་ཉན། བརྩམས་སྒྲུང་ནི་མི་རིགས་ཤིག་གི་རིག་གཞུང་གལ་ཆེན་ཞིག་ཡིན་པར་ངོ་ཤེས་པའི་སྟེང་ནས་འགན་ཡང་རང་ནུས་ཅི་ཡོད་ཀྱིས་ཁུར་ཨེ་ཐུབ་ལ་རེ་བ་ཆེན་པོ་བཟུང་ཡོད། དེ་བཞིན་དུ་ངས་ཁྱོད་ལ་དེ་རིང་བརྩམས་སྒྲུང་གི་སྐོར་ནས་ཁ་བརྡ་རེ་བྱེད་འདོད་མོད། ཁྱོད་ལ་ཕན་ཐོག་མིན་ནི་ང་ལ་མཚོན་ན་འདྲི་རྟགས་ཤིག་རེད། ཡིན་ནའང་། འུ་གཉིས་ཤ་འདྲེས་པགས་འདྲེས་སུ་གྱུར་བའི་གྲོགས་པོ་ཡིན་པས་ཁ་སེམས་འདྲེས་མའི་ཁ་བརྡ་མང་དུ་ལོས་ཡོད། དེ་བས་ངས་ཤེས་རུང་མ་ཤེས་རུང་ཤེས་ཁུལ་གྱིས་ཉོག་གཏམ་འགའ་ཞིག་ལབ་པར་བྱ།
བརྩམས་སྒྲུང་ནི་སྤྲོས་བརྗོད་དང་བཀོད་འབྲི་གཙོ་ཆེར་འཛིན་པའི་ལས་ཀ་ཞིག་ཡིན་ལ། མི་སྣའི་གཏམ་གླེང་ལེགས་པར་སྤྱོད་ཐབས་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པས་བརྩམས་སྒྲུང་གི་མི་སྣའི་གཏམ་གླེང་ནི་གང་འདོད་འདོད་ཅིག་ལབ་མི་ཆོག རྩོམ་པ་བོ་ཞིག་ལ་མཚོན་ནའང་སྐད་ཆའི་སྒྱུ་རྩལ་ནི་རྨང་རྡོ་ལྟ་བུ་ཞིག་ཏུ་གྲུབ་འདུག་སྙམ། ངའི་བརྩམས་སྒྲུང་ནང་གི་སྐད་ཆ་མང་པོ་ཞིག་སྔོན་ཆད་འཕྲིན་ཕྲན་ནང་ནས་རང་གི་གྲོགས་པོ་དག་ལ་ཁ་བརྡ་བྱེད་དུས་སུ་ཁ་སྐད་སྤངས་ཏེ་ཡིག་སྐད་སྤྱད་པ་ནང་བཞིན་དེ་ལྟར་སྤྱོད་ཀྱིན་ཡོད། འདི་ལ་རྒྱུ་མཚན་མང་བོ་ཡོད་ལ་གཙོ་བོ་ནི་བརྩམས་སྒྲུང་གི་མི་སྣའི་གཏམ་གླེང་མཐོར་འདེགས་གཏོང་ཆེད་ཡིན། དེ་བས་ཁྱོད་ཀྱིས་ཀྱང་འདི་ལྟར་བྱས་ན་ཕན་པ་ཡོད་ཤས་ཆེ། དེ་བཞིན་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཞིག་གིས་ཀྱང“གུག་རྟགས་ནང་གི་སྐད་ཆ་དེ་དག་ནི་ཀློག་པ་བོ་དང་ཆེས་ཐག་ཉེ་བའི་སྐད་ཆ་དེ་ཡིན”ཞེས་པ་ནང་བཞིན་དུ། སྐབས་རེར་གུག་རྟགས་ནང་གི་སྐད་ཆ་དེ་དག་ནི་ཀློག་པ་པོའི་སེམས་ཁོང་གི་སྐད་ཆ་ངོ་མ་དེ་ཡིན་ཤས་ཆེ་ལ། སྐད་ཆ་ནི་བརྩམས་སྒྲུང་ཞིག་འབྲི་བའི་ཐབས་དང་མི་སྣ་ཞིག་བཞེངས་པའི་རྨང་གཞི་རེད་འདོད།
དེའི་མི་ཚད། བརྩམས་སྒྲུང་གསར་རྩོམ་ལ་འཇུག་པའི་ལས་དང་པོ་བ་མང་བོ་ཞིག་གིས་མི་སྣའི་གཏམ་གླེང་འབྲི་སྐབས་དགོས་མེད་ཀྱི་གཏམ་གླེང་འབྲི་བ་ཧ་ཅང་མང་ལ། དེ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་མི་སྲིད། མི་སྣའི་གཏམ་གླེང་གསར་རྩོམ་བྱེད་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཀ་ཞིག་ཡིན། འོན་ཀྱང་། མི་སྣའི་གཏམ་གླེང་ནི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་གང་དེའི་ངག་ལས་བརྗོད་པའི་སྐད་ཆ་ཡིན་པ་ལས་སྐད་ཆ་དེ་ནི་རྩོམ་པ་པོའི་སྐད་ཆ་མིན། བརྩམས་སྒྲུང་ནང་གི་སྐད་ཆ་དེས་མི་སྣ་དེའི་གཤིས་ཀ་དང་སེམས་ཁམས་མཚོན་བཞིན་ཡོད་པ་ལས་རྩོམ་པ་བོའི་རྩོམ་གཤིས་མཚོན་མི་ཐུབ། དེའི་ཕྱིར། བརྩམས་སྒྲུང་ནང་གི་མི་སྣའི་སྐད་ཆ་ནི་མི་སྣའི་གཤིས་ཀ་དང་ཁོར་ཡུག་ཡང་ན་མི་སྣའི་སེམས་ཁམས་དང་འཚར་ལོངས་བྱུང་སའི་ཡུལ་གང་དེར་བསྟུན་དགོས། འོན་ཏེ་ཡུལ་ལུང་སོ་སོའི་ཁ་སྐད་ལྟར་བྲིས་ན་མི་ཆོག་པ་ག་ལ་ཡོད་དེ། དཔེར་ན། བརྩམས་སྒྲུང་ནང་གི་མི་སྣ་དབུས་གཙང་གི་ཡིན་ན་དབུས་སྐད་བྲིས་ན་ལོས་ཆོག་མོད། མིག་སྔའི་བོད་ཀྱི་སྤྱི་སྐད་གཅིག་གྱུར་མ་ཡིན་པའི་གནས་བབ་འདི་འདྲའི་འོག་ཏུ། བརྩམས་སྒྲུང་གི་མི་སྣའི་སྐད་ཆ་དེ་ཁ་སྐད་ལ་གཞོལ་ཚེ་རང་མི་རིགས་ཀྱི་སྐད་ཡིག་ལ་གཏོར་བརླག་ཆེན་པོ་བཟོ་ཉེན་ཆེ། དེའི་ཕྱིར་སྤྱི་སྐད་དམ་ཡིག་སྐད་འབྲི་བའི་ལས་ལ་གཞོལ་ཅི་ཐབས་གང་ཐབས་བྱེད་དགོས་ཏེ། འདི་ནི་སྐད་ཆའི་འཛུགས་སྐྲུན་ཞིག་ཡིན་པར་མ་ཟད་སྤྱི་སྐད་ཆགས་པའི་རྨང་གདན་ཞིག་ཏུའང་ཅིས་ཀྱང་འགྲོ་ངེས་པར་སྙམ། དེའི་ཕྱིར་ན། བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་འཇུག་མཁན་ཞིག་ཡིན་ན། མི་སྣའི་གཏམ་གླེང་གང་འདོད་དུ་སྤྱོད་མི་རུང་ལ་དགོས་མེད་ཀྱི་གཏམ་གླེང་དག་ཅི་ནུས་ཀྱིས་སྤངས་ཏེ། ཉིང་བསྡུས་རང་བཞིན་གྱི་གཏམ་གླེང་ལ་བརྟེན་ནས་བརྩམས་སྒྲུང་གི་བྱུང་རིམ་ལ་རམ་འདེགས་དང་མཐོར་འདེགས་བྱེད་པར་ཅིས་ཀྱང་འབད་དགོས་ཤིང་འབད་པ་འདི་ལ་ཆེད་དུ་གཞན་གྱི་སློབ་ཁྲིད་ལ་ཉན་པ་དང་མཛུབ་སྟོན་ལ་རེ་དགོས། ལྷག་ཏུ་དུས་རྒྱུན་འཚོ་བའི་ཁྲོད་དུ་སྐད་འཕྲིན་ཡིན་ན་ཆོག་ལ་གཞན་ལ་འཕྲིན་ཡིག་འབྲི་བ་གང་ཡིན་རུང་ཡིག་སྐད་འབྲི་བའི་གོམས་སྲོལ་ཆགས་སུ་འཇུག་དགོས། དེ་ལྟར་བྱེད་ཐུབ་ཚེ་ཁྱོད་ཀྱི་བརྩམས་སྒྲུང་ནང་གི་མི་སྣའི་གཏམ་གླེང་ལ་སྦྱོང་བརྡར་ལེགས་པོ་ཞིག་བྱ་ཐུབ་པ་ནི་སྨོས་མ་དགོས་པ་ཡིན།
ད་དུང་མི་སྣའི་གཟུགས་བརྙན་གསར་བཞེངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་འདུག་ལ། དཔེར་ན། རྒྱ་ནག་གི་ཐོག་ཁང་དམར་བོའི་རྨི་ལམ་ལྟ་བུར་མཚོན་ན། མི་སྣའི་གཤིས་ཀ་བཞེངས་སྐྲུན་གྱི་ཆ་ནས་རྒྱ་ནག་གི་བརྩམས་སྒྲུང་གཞན་དང་བསྡུར་ན་ཁྱད་ཆོས་མང་པོ་འདུག་པ་གོ་ཐོས་བྱུང་མྱོང་ལ། དཔེ་ཆ་དང་གློག་བརྙན་གང་ལ་བལྟས་ན་དེ་འདྲ་ཞིག་ཀྱང་རེད་འདོད་དེ། དུས་ཚོད་དེའི་ནང་གི་མི་སྣ་དང་བྱུང་རིམ་ཁོར་ཡུག་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་ནས་འཚོ་བ་དངོས་མཚོན་པར་བྱེད་པའི་རྒྱ་ནག་གི་བརྩམས་ཆོས་གྲགས་ཅན་དེ་ལྟ་བུ་ལ་མིག་དཔེ་བྱས་ནས་འབྲི་སྦྱོང་བྱེད་ཐུབ་ན་ཡག་པོ་རེད། ཐོག་ཁང་དམར་བོའི་རྨི་ལམ་ནི་ང་རང་ཆེས་དགའ་སའི་བརྩམས་སྒྲུང་ཞིག་ཡིན་ལ། ང་རང་དགའ་བ་ཙམ་ག་ལ་ཡིན་ཏེ། བརྩམས་ཆོས་དེ་ལ་གཞན་དང་མི་འདྲ་སའི་ཁྱད་ཆོས་མང་བོ་ཡོད་པ་རེད། དཔེར་ན། མི་སྣའི་གཟུགས་བརྙན་གསར་བཞེངས་བྱས་པ་ཕུན་སུམ་ཚོགས་ཤིང་ཞིབ་ཚགས་ལྡན་པ། སྒྲུང་གི་བྱུང་རིམ་ཆ་ཚང་ཞིང་རྙོག་འཛིང་ལྡན་པ། ཁོར་ཡུག་བཀོད་འབྲི་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པ་སོགས་ཀྱི་ཁྱད་ཆོས་མང་བོ་འདུག དེ་རྗེས་སུ་ཡུན་གྱིས་ལབ་ཆོག དེ་བཞིན་ནུབ་ཕྱོགས་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་འདྲ། སྲོལ་རྒྱུན་རྩོམ་རིག་ནི་ངས་བསམ་ན་ཚིག་གཙོ་བོ་བྱས་པ་མང་པོ་འདུག་མོད། ནུབ་ཕྱོགས་རྩོམ་རིག་ནི་བརྗོད་བྱ་གཙོ་བོ་བྱེད་ཀྱིན་ཡོད་པ་ངས་མ་བཤད་ན་ཧ་ལམ་ཁྱོད་ཀྱིས་ཤེས་སྲིད།
ད་དུང་རྩོམ་ཞིག་གི་རྩོམ་གྱི་བརྗོད་བྱའི་སྙིང་བོ་སྣ་མང་ཅན་ཞིག་ཡིན་ན་ཡག་པོ་ཡོད་པ་དང་བརྗོད་བྱའི་སྙིང་བོ་གཅིག་མ་གཏོགས་མེད་ན་རྩོམ་དེ་ནི་དེ་འདྲའི་ལེགས་པོ་ཞིག་འཁྱོངས་མེད་པའི་རྟགས་རེད། བརྩམས་སྒྲུང་ཞེས་པ་ནི་སྣང་བརྙན་ཅན་ཞིག་དང་སྙན་ངག་ནི་ཡིད་བརྙན་ཅན་ཞིག་ཡིན་པ་ནི་རྩོམ་རིག་གི་ཤེས་བྱ་ཙམ་རེད། དེའི་མི་ཚད་བརྩམས་སྒྲུང་ནི་སྣང་བརྙན་གྱི་ཚོགས་པ་ཞིག་གིས་གྲུབ་པ་རེད་ཅེས་དགེ་རྒན་བདུད་ལྷ་རྒྱལ་གྱིས་གསུངས་འདུག་ལ། དེ་ནི་ངས་མ་བཤད་རུང་ཁྱོད་ཀྱིས་ཤེས་ངེས་ལ། རྒྱ་ནག་གི་རྩོམ་པ་པོ་མང་པོས་ལབ་པ་ཐོས་རྒྱུ་འདུག དེ་བཞིན་དུ་སྒྲུང་རིང་གི་མཛེས་པ་ནི་རྙོག་འཛིང་ཅན་ཞིག་ཡིན་དགོས་ལ། སྒྲུང་ནང་གི་མི་སྣ་ནི་བཟང་ངན་གཉིས་དང་དཀར་ནག་གཉིས་ཀྱིས་གྲུབ་པ་ཞིག་ཡིན་དགོས། སྒྲུང་ཐུང་ལྟ་བུར་མཚོན་ན་རྐྱང་བ་ཞིག་ཡིན་དགོས་རེད། དུས་ཚོད་ཐུང་ཐུང་དང་མི་སྣ་ཉུང་ཉུང་ཡི་གེ་ཡང་ཉུང་ཉུང་ཡིན་ན་འགྲིག་ས་རེད། གང་ལྟར། ངས་ཁྱོད་ལ་ཁ་ཁོག་མེད་པར་བཤད་པ་ཡིན་མོད། འདིའི་ནང་ན་འགྲིག་མེད་ས་ནི་ཤིན་ཏུ་མང་སྲིད། ཡིན་ནའང་། ངས་རང་གི་བཤད་འདོད་པ་དག་བཤད་རྒྱུ་ཡིན། ད་སྐབས་དཔེ་ཆ་ཀློག་མཁན་ཧ་ཅང་ཉུང་ཉུང་རེད། དེ་བས་ཀྱང་བརྩམས་སྒྲུང་འབྲི་མཁན་ཉུང་ཉུང་རེད། རྒྱུ་མཚན། སྒྲུང་གཏམ་འབྲི་རྒྱུ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པར་མ་ཟད། ཡི་གེའི་བམ་གྲངས་ཁོ་ནའི་སྟེང་ནས་ཀྱང་སྙན་ངག་དང་ལྷུག་རྩོམ་ལས་དཀའ་ཚེགས་ཆེ་བ་ཞིག་ཡིན་པའི་རྐྱེན་གྱིས་རེད་བསམས།
དབྱིན་ཇིའི་རྩོམ་མཁན་ཨན་ཐོལ་ལོ་ཕུས(安*特罗洛普) “རྩོམ་པ་བོ་ཞིག་མར་བསྡད་ནས་སྒྲུང་གཏམ་འབྲི་ཚེ། ངེས་པར་དུ་གཏམ་རྒྱུད་ལེགས་པོ་ཞིག་བཤད་རྒྱུ་ཡོད་དགོས།” ཞེས་གསུངས་པ་ལྟར། སྤྱིར་རྩོམ་པ་པོ་ཞིག་ཡིན་ཙ་ན་དཔྱོད་ཤེས་ལས་ཚོར་ཤེས་ཤུགས་དྲག་ཅིང་གཏན་ཚིགས་ལས་འཆར་ཡན་དབང་བཙན་པའི་ཁྱད་གཤིས་ཤིག་མངོན་གསལ་དུ་ཡོད་དགོས་ཤིང་། ལྷག་པར་དུ་སྒྲུང་རྩོམ་འབྲི་མཁན་ཞིག་ཡིན་ན་རྟོག་བཟོ་དང་འཆར་ཡན་ལ་རབ་ཏུ་བྱང་ཞིང་ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་སྣ་ཚོགས་སྨྲ་བར་གཞན་དྲིང་མི་འཇོག་པ་ཞིག་ཡོད་ཚེ། ད་གཟོད་ཤ་མིག་ཕལ་པས་རིག་མི་ཐུབ་པའི་འཚོ་གནས་ཀྱི་ཆགས་འཇིག་དང་མི་གཤིས་ཀྱི་ཟབ་ཚད་མངོན་སུམ་དུ་ཚོར་ཐུབ་ཟེར་བ་མིན་ནམ།
ནང་གྲོགས་དམ་པ་རང་གྲོལ་ལགས། ད་ནི་འུ་ཅག་ནར་སོན་བྱུང་། སྔོན་ཆད་བཞིན་ཕ་ཡུལ་ནས་སྐྱིད་པོ་བྱས་ནས་འདུག་པའི་གོ་སྐབས་ཇེ་ཉུང་ནས་ཇེ་ཉུང་རེད། ཁྱོད་ཀྱང་ནུབ་བྱང་ལ་སོགས་པའི་ཡུལ་གྲུ་གང་མང་ཞིག་ལ་སོང་སྟེ། ཕྱིར་ཕ་ཡུལ་དུ་ལོག ང་རང་འཁྱམ་ཉུལ་དུ་འགྲོ་ན་འདོད་ཚུལ་ཁྱེད་ལ་ལབ་རྗེས། ཁྱེད་ཀྱིས་ང་མགོ་ལོག་གི་ཟ་ཁང་ཞིག་ཏུ་མགྲོན་ལ་བོས་ཤིང་དེ་ག་ནས་འུ་གཉིས་ཀྱིས་ཟ་མ་མང་པོ་ཟོས་པ་དང་རང་རང་གི་དཔེ་ཀློག་གི་སྐོར་ནས་ཁ་བརྡ་མང་པོ་བྱས་པ་རེད།
དེའི་རྗེས་སུ། ང་ཕ་ཡུལ་དང་ཧ་ཅང་ཐག་རིང་ས་ཞིག་ཏུ་བུད་སོང་། ང་ནི་རྒྱང་རིང་ལ་ཧ་ཅང་དགའ་བོ་ཡོད་ལ། རྒྱང་རིང་ནི་ང་ལ་མཚོན་ན་གསང་བ་ལྐོག་གྱུར་ཞིག་ཡིན་ནའང་། ང་རང་སྔར་བཞིན་རྒྱང་རིང་ལ་དགའ། འོ་རེད། ད་དུང་སློབ་ཆེན་མཐར་མ་ཕྱིན་གོང་ལ། ངའི་སློབ་གྲོགས་གང་མང་ཞིག་རྒྱང་རིང་ལ་ཧ་ཅང་དགའ་བོ་ཡོད་ལ། སློབ་མཐར་ཕྱིན་རྗེས་རྒྱང་རིང་ཞིག་ལ་འགྲོ་དགོས་ཞེས་ལབ་མཁན་མང་པོ་ཡོད་མོད། ད་སྐབས་སློབ་ཆེན་མཐར་ཕྱིན་ནའང་། ངའི་སློབ་གྲོགས་དག་གི་ཁ་ན་རྒྱང་རིང་ཟེར་བ་ཞིག་མི་འདུག་ལ། ཐ་ན་སེམས་སུ་ཡང་མེད་པ་འདྲ་དེ་སྔོན་གྱི་རྨི་ལམ་དང་མ་འོངས་པའི་འཆར་གཞི་མཐའ་དག་རྩྭ་སྐྱ་མེ་ཡིས་འཚིག་པ་ལྟར་སྟོངས་པར་གྱུར་སོང་བ་འདྲ། ད་ལྟ། ངའི་སློབ་གྲོགས་དག་གཡུལ་ལས་ཕམ་པའི་དམག་མི་ལྟར་གྱུར་འདུག་ལ། རྒྱ་མཚོའི་ཀློང་ན་ཁ་ཕྱོགས་བོར་བའི་གྲུ་གཟིངས་ཤིག་དང་འདྲ་བར་གདམ་ཀ་དང་དམིགས་ཡུལ་གང་ཡང་དབེན། ད་སྐབས་ཁོང་ཅག་གཟེབ་ཏུ་བཅུག་པའི་བྱེའུ་ལྟར་བྱ་ཁྱུ་གཞན་དང་ལྷན་དུ་ནམ་འཕང་གཅོད་ཐབས་བྲལ། ཡང་དཔེ་གཞན་ཞིག་བཞག་ནས་བཤད་ན། ཕ་ཡུལ་གྱི་ན་གཞོན་ཁ་ཤས་ནི་ཕ་ཡུལ་ན་རྟོད་ཐག་གིས་བཏགས་པའི་རྟ་ཕོ་ཞིག་དང་འདྲ་བར་རྒྱལ་ཁམས་འགྲིམ་པའི་སྤོབས་པ་ཙམ་ཡང་མི་འདུག ཁྱེད་རང་དེ་ལྟ་བུ་ཞིག་ཏུ་འགྱུར་མི་ཉན་ལ། ཁྱེད་ནི་ངོ་མ་མི་སྡུག་རུས་ཅན་ཞིག་ཡིན། དཔེ་ཀློག་གི་ཕྱོགས་ནས་ང་ལས་ཁྱོད་ལ་འཇོན་ཐང་དང་བརྩོན་པ་ཆེ་ལ། ང་ཁྱོད་ལ་ཡིད་ཆེས་ཡོད། མཐར་ཁྱེད་ཀྱི་རྩོམ་རིག་གི་ས་ལམ་སྔར་ལས་ཡངས་པར་སྨོན་ལམ་དང་བཅས་འབྲི་མཚམས་བཞག་དགོས་བྱུང་ངོ་། ། 2021-6-19ཉིན་མགོ་ལོག་ཁུལ་ནས་བྲིས།
དཔལ་བྷོ། ཉེ་ལམ་གང་ན་ཡོད། ཁྱོད་བདེ་མོ་ཡིན་ནམ། ང་རང་ད་ལྟ་གནམ་སྔོན་པོ་མ་གཏོགས་མི་རིག་སའི་འབྲོག་ཕྱོགས་ན་ཡོད། ཉིན་འདི་དག་གི་རིང་ལ་ནུ་བོ་རིན་ཆེན་དོན་འགྲུབ་ཚང་གི་ནོར་རྫི་བྱས་ནས་བསྡད་ཡོད། ཁ་དཔེ་ལ། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་དངོས་ནས་ཅི་མ་བདེན། མ་ཟད་ཉིན་འདི་གར་ཁ་པར་ལ་བརྡ་རྟགས་མེད་པས་དཔེ་ཆ་ཀློག་ཐུབ་ཀི ཉིན་དཀར་དཔེ་ཆ་རྒྱབ་ཁུག་ཏུ་ཁུར་ནས་སོང་བ་ཡིན་ལ། མཚན་མོར་རྩོམ་ཡིག་འགའ་རེ་བྲིས་ནས་བསྡད་ཡོད། ཉིན་འདི་དག་གི་གནམ་གཤིས་ཧ་ཅང་འཁྱག་པོ་རེད། དོ་ནུབ་ནི་ལྕགས་ཐབ་ནང་དུ་མེ་སྒོང་དཔེ་མེད་ཅིག་བྱས་ཏེ་གོ་མཐའ་ནས་བྱི་ལ་འདུག་འདུག་བྱས་ནས་བསམ་བློ་ཞིག་བཏང་ན། བློ་མི་བདེ་ས་མང་བོ་ཞིག་དེ་མ་ཐག་ཏུ་སེམས་སུ་ཁ་བ་འབབ་འབབ་བྱས་ཡོང་གི་འདུག ད་དེ་ཅན་པོ་མི་བཤད། ཁྱོད་སུན་ཡོང་ན་ཐང་དེ་བས་གཞན་པ་ཞིག་བཤད།
ནུབ་བྱང་གི་སྐོར་ནས་བཤད། ད་བར་ཁྱོའི་ནུབ་བྱང་གི་འཚོ་བ་ཅི་འདྲ་རེད། གོ་ཐོས་སུ། སྔོན་ཆད་ངོ་མ་ནུབ་བྱང་ན་ལྗང་བུ་ལྟ་བའི་སྙན་ངག་པ་མང་ནི་རེད་ཟེར། ད་དུང་དེ་གའི་ན་གཞོན་ཚོས་ཆང་འཐུང་ཞོར་ཀི་འདེབས་ཞོར་སྙན་ངག་འབྲི་ནི་རེད་ཟེར། དཔེ་ཀློག་བྱེད་ནི་རེད་ཟེར། དེ་བས་ནུབ་བྱང་ནི་རྩོམ་རིག་གི་རྨང་ཡོད་སའི་སློབ་ཆེན་ཞིག་ཡིན་ཟེར་བ་གོ་མྱོང་མོད། ད་སྐབས་དེ་གའི་ན་གཞོན་དག་ལ་དཔེ་ཀློག་དང་སྐད་ཆ་མི་འདུག་སྐད། རྒྱུགས་སྐར་དང་བྱ་བ་མ་གཏོགས་གླེང་རྒྱུ་མི་འདུག་ཟེར་བ་དེ་བདེན་པ་ཨེ་རེད།
ད་དུང་ནུབ་བྱང་ན་དགེ་རྒན་བདུད་ལྷ་རྒྱལ་དང་། དགེ་རྒན་དཔལ་མོ། དགེ་རྒན་འཆི་མེད་སོགས་ཡོད་པ་རེད་ཟེར། ཁྱོས་ཁོང་རྣམས་ལ་བརྟེན་ནས་རྩོམ་རིག་ལ་སློབ་སྦྱོང་ཡིད་ཚིམ་པ་ཞིག་བྱེད་ཐུབ་ཀྱིན་ཨེ་ཡོད། ན་ནིང་དགུན་ཁ་ཁྱོད་རྭ་རྒྱ་ལ་དཔེ་མཚམས་མ་སོང་གོང་། ཁྱོད་ཀྱིས་ང་ལ་འདི་ལྟར་ལབ་པ་དྲན་ནམ། “དཔེ་ཀློག་ཙག་ཙིག་ཞིག་གི་ཡིད་མགུ་མི་ཉན། སྡུག་རུས་རྡོ་ལ་ཐུག་པ་ཞིག་བྱེད་ཐུབ་དགོས། ལྷག་ཏུ་སུམ་རྟགས་དག་གསུམ་ལ་ངེས་པར་ནང་བྱན་ཆུད་པ་ཞིག་སྦྱོང་དགོས། དེ་ལྟར་སྦྱང་མ་ཐུབ་ན་བོད་ཀྱི་ཡི་གེ་དང་བསྟན་བཅོས་ཆེན་པོ་དག་ལ་མཇལ་ཐབས་མི་འདུག དེ་བཞིན་སྡེབ་སྦྱོར་དང་སྙན་ངག་ཤེས་དགོས། དེར་མ་ཤེས་ན་ཟོར་ཡང་བའི་སྐད་ཆ་དག་ལྷུ་འགྲིག་པའི་ཚིག་སྦྱོར་དུ་དྲངས་ནས་རང་གི་བཤད་འདོད་པ་དག་ཀློག་པ་པོ་ལ་གོ་བརྡ་སྤྲོད་ཐབས་མེད་ཀི” ཞེས་ལབ་པ་དྲན་ནམ།
ད་དུང་ཁྱོས “ད་སྐབས་དཔེ་ཆ་གཅིག་གཉིས་ཤིག་ལ་བལྟས་རྗེས་མྱོང་ཚོར་ཉུང་ངུ་རེ་འབྲི་ཐུབ་ན། རྩོམ་པ་པོར་འགྱུར་འགྲོ་བ་དང་། ཡར་མཐུད་མར་མཐུད་བྱས་ཏེ་ཚིག་རྐང་ཁ་ཤས་ཤིག་སྒྲིག་ཐུབ་ན་སྙན་ངག་པར་འགྱུར་འགྲོ་བ་དང་། འཚོ་གནས་ཀྱི་ཆེད་དུ་ཚོང་ཆུང་ཆུང་རེ་རྒྱག་ཐུབ་ན་ཁེ་ལས་པར་འགྱུར་འགྲོ་མཁན་མང་པོ་འདུག་མོད། དོན་ལ་དེ་དག་གིས་ཅི་ཡང་ནུས་ཀྱི་མེད་པ་འདྲ། གཞན་སྔོན་ནས་རྫིག་རྫིག་བྱས་པ་ཙམ་ལས་རང་དོན་ཡག་པོ་ཞིག་འཁྱོང་གི་མི་འདུག་པ་འདྲ་” ཞེས་ལབ་པ་དང་ཨ་ན་མ་ན་རེད།
ངས་ཀྱང་ཁོ་པ་ཚོ་ནང་བཞིན། སྙན་ངག་ཡིན་མི་མི་ཤེས་མོད། གང་ལྟར། ང་རང་གི་འདོད་པ་ལྟར་ཚིག་རྐང་ཁ་ཤས་ཤིག་སྒྲིག་སྟེ་ཁྱེད་ལ་བསྟན་མྱོང་། ཁྱེད་ཀྱིས་ངས་བྲིས་པའི་ཡིག་ཉོག་དེ་དག “སྔོན་དང་བསྡུར་ན་ཇེ་ཡག་རེད་མོད། ད་དུང་འདང་གི་མེད་ས་མང་པོ་ཞིག་ཡོད་ཀི དེ་བས་དཔེ་ཀློག་མང་དུ་བྱོས། ཚོད་ལྟ་མང་དུ་བྱོས” ཞེས་ལབ་པས། ཕྱིས་སུ་ངས་སྙན་ངག་ཅིག་བྲིས་ནས་གྲུབ་རུང་། དེ་ནི་སྙན་ངག་ཅིག་ཡིན་པའི་ཡིད་ཆེས་རང་ལའང་མི་འདུག སྐབས་རེར། སྙན་ངག་གམ་ཡང་ན་རྩོམ་ཡིག་ཅིག་བྲིས་རྗེས། ཁྱོད་ལ་སྟོན་པ་ལྟ་ཅི། ཐ་ན་ང་རང་གིས་ཀྱང་ཡང་བསྐྱར་ཀློག་པའི་སྤོབས་པ་མི་འདུག་ལ། ཚོར་བ་དེ་ལྟ་བུ་ཁྱོད་ལ་ཅི་ལྟར་བྱས་ནས་བཤད་དགོས་པ་མི་ཤེས། གང་ལྟར། ང་ལྟ་བུའི་རྩོམ་ཡིག་ཉ་ཉོག་རེ་འབྲི་ནི་ཞིག་མིན་ན་ཚོར་བ་དེ་ནམ་ཡང་རྟོགས་ཐུབ་ས་མ་རེད།
དྲང་མོར་བཤད་ན། ངས་རྩོམ་ཡིག་འབྲི་དོན་ཁྱེད་ཀྱིས་ང་ལ་བསྟོན་པ་ཞིག་གི་ཆེད་དུ་བྲི་ཡི་མེད་མོད། ཁྱོད་ཀྱིས་བློར་འབབ་པ་ཞིག་དང་རང་གི་ཀློག་ན་ངོ་ཚ་མི་དགོས་པ་ཞིག་འཁྱོང་ཨེ་ཐུབ་ནམ་ནམ་དྲན་གྱིན་ཡོད་མོད། དེ་ལྟར་འཁྱོངས་དཀའ་མོ་ཞིག་རེད། འོན་ཀྱང་། ངས་མུ་མཐུད་དུ་ཡིག་ཉོག་འགའ་རེ་ཨེ་ཕྲིས་ལྟ་དགོས། མི་རེ་རེའི་སྐྱིད་སྡུག་གི་འཚོ་བ་མི་འདྲ་བ་རེ་རོལ་གྱིན་ཡོད་པས། མི་རེ་རེའི་བརྩམས་ཆོས་ཡང་འདྲ་ས་མ་རེད། འདི་ཡག་དང་འདི་མི་ཡག་ཟེར་བ་ནི་ཧ་ཅང་དཀའ་མོ་རེད། རེད་དེ་ཀློག་པ་པོ་སྟོང་ལ་ཧ་མོ་ལི་ཐི་སྟོང་ཡོད་ཟེར་བ་ལྟ་བུའི་ཀློག་པ་པོའི་ཁམས་དང་མོས་པ་དང་མཐུན་པའི་འགྲེལ་བརྒྱབ་རྒྱུ་ཡོད་པའང་ཉིན་མོའི་སྐར་མ་ལྟར་དུ་སྣང་།
འོན་ཏེ། ཁྱོད་ཀྱིས་མུ་མཐུད་དུ་སྙན་ངག་ཕྲིས། སྙན་ངག་ཁོ་ནས་ཁྱོད་ལ་ཁྲེལ་མེད་བྱེད་ཀི་མ་རེད། ཞོར་དུ་དཔེ་ཆ་ཀློག་པ་ནི་ཧ་ཅང་གལ་ཆེན་ཞིག་རེད། ངས་ནམ་ནམ་རང་གི་གྲོགས་དང་གྲོགས་མོ་སུ་ཡིན་རུང་། གཙོ་བོ་ནི་དཔེ་ཀློག་དགོས་པ་གླེང་བ་ཡིན། འོན་ཏེ། དེ་རིང་འདི་རུ་མི་གླེང་། རྒྱུ་མཚན་འཕྲིན་ཡིག་གཞན་དག་གི་ནང་དུ་དཔེ་ཀློག་གླེང་བ་མང་མེད་ན་ཉུང་མེད།
དཔལ་བྷོ། ད་སྐབས་ང་རང་རྩོམ་ཞིག་མ་བྲིས་ན་སྡོད་མི་ཚུགས་པ་དང་། བྲི་ན་ཅི་ཞིག་འབྲི་དགོས་སྙམ་པའི་ཚོར་བ་ཞིག་རྒྱུན་དུ་འོང་གིན་འདུག དེ་འདྲའི་ཚོར་བ་དེ་ནི། ནང་དུ་གཅིག་པུར་སྡོད་དུས་ཡིན་ན་ཆོག ཕྱི་རོལ་དུ་ཆས་དུས་ཡིན་ན་ཆོག ཐ་ན་གསང་སྤྱོད་དུ་འགྲོ་དུས་སོགས་ལའང་བྱུང་། ཚོད་དཔག་བྱས་ན་ཉམས་སྣང་དེ་མུ་མཐུད་དུ་འོང་རྒྱུ་ཡིན་པ་འདྲ། དེའི་མི་ཚད་ངས་མུ་མཐུད་དུ་ཡག་ན་བརྩོག་ན་རྩོམ་མང་པོ་ཞིག་འབྲི་རྒྱུ་ཡིན་ལ། བྲིས་ཟིན་པ་དག་ནི་ཡག་ཞེས་ལབ་མི་ཕོད་མོད། ང་ལ་མཚོན་ནས་བཤད་ན། དེ་ནི་ང་རང་རྩོམ་རིག་ལ་ཤུ་འཐམ་རོ་འཐམ་བྱེད་སྟངས་ཤིག་ཡིན་སྲིད། འོན་ཀྱང་། གྲོགས་པོ་དང་དགེ་རྒན་དག་གི་ནང་དུ། རྩོམ་འདི་དང་གན་ལྟ་བུ་བྲིས་ནས་ཅི་བྱེད། གད་སྙིགས་རེད། གཅིག་བྲིས་ན་སྐད་གྲགས་ཆོད་པོ་ཞིག་འབྲི་དགོས་ཞེས་ཤོད་མཁན་ཡང་ཤིན་ཏུ་མང་པོ་རེད། འོན་ཏེ། ངས་ནི་མི་དེ་དག་གི་སྐད་ཆ་དེ་དག་ནི་ཁོང་ཚོའི་བསམ་ཚུལ་ཙམ་ལ་བརྩིས་པ་མ་གཏོགས། དེ་ཡང་ཚད་མ་ཞིག་ཡིན་སྙམ་གྱིན་མེད།
དཔལ་བྷོ། ད་ནི་འུ་ཅག་གི་བར་ཐག་ཇེ་རིང་དང་ཁ་བརྡ་ཇེ་ཉུང་རེད། ཆུང་དུས་ཀྱི་རྩེ་ཡ་དགོད་རོགས་དང་ཁ་ཡ་ན་ཟླ་དག ད་ནི་རེ་རེ་བཞིན་གཉེན་བསྒྲིགས་ཏེ་འཇིག་རྟེན་འཁོར་བའི་དབང་དུ་གྱུར་དྲགས་པས། སྔོན་ཆད་ལྟར་ཕན་ཚུན་བར་ལ་ཁྱོད་དགའ་ང་དུང་གི་ཁ་བརྡ་མེད་ཀི ད་ནི་རང་གི་བུ་བུ་མོའི་རྒྱུགས་འབྲས་ཀྱི་འཕར་ཆག་དང་ཟོག་ལུག་གི་ཁ་གྲངས། མར་ཕྱུར་གྱི་ཡོང་འབབ་སོགས་གླེང་བར་ཤིན་ཏུ་དགའ་མཁན་ཞིག་ཏུ་གྱུར་འདུག དེ་ནི་ནར་སོན་པའི་རྟགས་ཤིག་ཡིན་པ་འདྲ། དེ་བས། ད་སྐབས་འཕྲིན་ཡིག་འགའ་རེ་བྲིས་ཀྱང་། ཁྱོད་ལ་ཀློག་རྒྱུའི་ཁོམ་ལོང་ཡོད་མེད་ཡང་གསལ་བོར་བཤད་མི་ཐུབ་མོད། ངས་ཁྱོད་ལ་ད་དུང་ང་རང་གི་འཚོ་བ་དང་ནང་སེམས་ཀྱི་ན་ཁོས་གླེང་ན་འདོད་མོད། ད་དུས་ཚོད་ཀྱི་དབང་གིས་ཁོམ་ལོང་མི་འདུག གནས་སྐབས་དེ་ཙམ་བྱེད། བདེ་མོ། 2020-6-1ཉིན་སྨུག་པ་གྱོན་པའི་ཝ་ལུང་གི་རྫ་སྨད་ནས་བྲིས།
ངས་དེ་རིང་ཉྭ་སྲིན་པོ་ལགས་ཀྱིས་ཁ་བ་སྙིང་ལྕགས་རྗེས་དྲན་གྱི་རྩོམ་ཞིག་ཏུ། འདས་པོ་སྙིང་ལྕགས་ལགས་ནི་གྲོགས་པོ་ལམ་འཇུག་བྱེད་པར་དགའ་བོ་ཡོད་པ་དང་ཁོས་རྟག་པར་རང་གི་གྲོགས་པོ་རྣམས་ལ། ཚེ་མི་རྟག་པ་སྟེ་ཉིན་གཅིག་གི་ལམ་འཇུག་ནི། ཚེ་གཅིག་གི་ལམ་འཇུག་མིན་པའི་ངེས་པའང་མེད་པས། གྲོགས་པོ་ཕན་ཚུན་ལམ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། ཞེས་བརྗོད་མྱོང་ཞེས་པའི་སྐད་ཆ་འདི་དྲན་བྱུང་ལ། དེ་བཞིན་དུ་ཐེའུ་རང་གིས་བཤད་པ་ལྟར། བརྩེ་གདུང་ནི་སེམས་ཁུར་གྱི་ནང་ན་ཡོད་པ་དང་། སེམས་ཁུར་ནི་སྐད་ཆའི་ནང་ན་ཡོད་པ་ཞིག་རེད། ཞེས་བརྗོད་པས་སྐད་ཆ་དེ་དྲན་པ་ན། ངའི་རང་གི་གྲོགས་པོ་འདང་ཆེན་དག་ལ་སློབ་མཐར་ཕྱིན་རྗེས་སུ་འཕྲིན་ཡིག་འབྲི་མ་ཐུབ་ལ། ཁ་བརྡ་མང་པོ་ལབ་མ་ཐུབ། ཡིན་ནའང། ངའི་སེམས་ནས་བརྗེད་ཀྱིན་མེད་ལ། ཁ་བ་སྙིང་ལྕགས་ལགས་ཀྱིས་གསུངས་པ་བཞིན། ང་བུད་མེད་ལ་དགའ་བ་བཞིན་གྲོགས་པོ་ལ་དགའ། ང་བུད་མེད་ལ་དུང་བ་བཞིན་གྲོགས་པོ་ལ་དུང་། ཞེས་བརྗོད་པ་ནང་བཞིན་ང་ལ་གྲོགས་པོ་མང་པོ་ཞིག་མེད་མོད། ཤ་འདྲེས་པགས་འདྲེས་སུ་གྱུར་བའི་གྲོགས་པོ་འདང་ཆེན་འགའ་ཞིག་ཡོད། ཁོ་ཚོ་ལ་ང་རང་སྙིང་ནས་དགའ་བོ་ཡོད།
ངའི་ནང་གྲོགས་ལྕེའུ། ཁྱོད་ནི་རྩོམ་རིག་ལ་དགའ་ཞིང་སྙན་ངག་ཡག་པོ་རེ་འབྲི་ཤེས་མཁན་ཞིག་ཡིན། ངའི་གྲོགས་པོ་དག་གི་ཁྲོད་ནས་ཁྱོད་ནི་ནང་སེམས་བརྩེ་བས་ཁེངས་ཤིང་འཚོ་བར་རེ་སྨོན་གྱིས་ཁེངས་བའི་མི་ཞིག་ཀྱང་ཡིན། འུ་གཉིས་སློབ་ཆེན་མཐར་ཕྱིན་རྗེས། ཐུག་འཕྲད་དེ་ཙམ་བྱེད་མ་ཐུབ་མོད། ཁ་པར་དང་འཕྲིན་ཡིག་གི་ལམ་ནས་ཕན་ཚུན་ལ་ནང་གཏམ་གྱི་འོ་ཇ་འདྲེན་རེས་བྱས་མྱོང་། ད་དུང་ངས་ཁྱོད་ལ་ཁྱོད་ཀྱི་ཕུགས་འདུན་ཁྲོད་ཀྱི་འཚོ་བ་ནི་ཅི་འདྲ་ཞིག་ཡིན་ཞེས་དྲིས་པ་དྲན་ནམ། དེ་དུས་ཁྱོས་ང་ལ་བཤད་གྱུར། ཁྱོས་ཕུགས་བསམ་ཁྲོད་ཀྱི་འཚོ་བ་ནི་སྙིང་ཉེ་བའི་འབྲོག་མོ་ཞིག་དང་ལྷན་དུ། ཕྱུགས་འཚོ་ཞོར་དུ་མི་ཚེ་གང་བོར་འབྲོག་ནས་བསྡད་དེ། དཔེ་ཀློག་བྱེད་ཞོར་བརྩམས་སྒྲུང་འབྲི་དགོས་ཟེར། དེ་མིན་ཚེ་ཕ་ཡུལ་ནས་ཁོ་ཧྥེ་ཁང་ཞིག་ཕྱེས་ནས་དཔེ་ཀློག་ཙག་ཙིག་རེ་བྱེད་ཞོར་འདུག་རྒྱུ་ཡིན་ཟེར་བ་དྲན་ནམ།
འུ་གཉིས་ངོ་ཤེས་ནས་ཏག་ཏག་མི་ལོ་བདུན་འདས་ཟིན་ལ། ལོ་ངོ་བདུན་ནི་དེ་འདྲའི་ཐུང་ཞིང་མགྱོགས་པ་ལ། ང་ཚོ་སློབ་མཐར་ཕྱིན་རྗེས་ཧ་ཅང་བྲེལ་འཚུབ་ཅན་ཞིག་ཏུ་གྱུར་སོང་ལ། འདི་ཨང་ང་ཚོ་ནར་སོན་པའི་རྟགས་ཤིག་ཡིན་སྲིད། ཡིན་ནའང་། ད་སྐབས་ངའི་རང་གི་སློབ་གྲོགས་དང་དགེ་རྒན་དག་ལ་ཁ་བརྡ་མང་པོ་བྱེད་མ་ཐུབ། ང་ཚོའི་ནང་སེམས་ཀྱི་བརྩེ་བ་ནི་རྩ་མགོའི་ཟིལ་བ་བཞིན། བསེར་བུ་ལྡང་ཙམ་གྱིས་འཁུར་སླ་བ་ཞིག་ག་ལ་ཡིན། ཡིན་ནའང་། ང་ཚོ་ནི་ཧ་ཅང་འཁྱགས་པའི་དུས་ཚིགས་ཤིག་ཏུ་སྐྱེས་པས་ཡིན་སྲིད་ལ། ད་དུང་ང་ཚོ་ནི་འགན་ཁུར་ཤིན་ཏུ་ལྕི་བའི་མི་རབས་ཤིག་ཡིན་པའི་ཀྱང་སྲིད། གང་ལྟར། ང་ཚོ་ཁོམ་ལོང་མེད་པ་ནི་དངོས་ནས་རེད། ཡིན་ནའང་། ཁོར་ཡུག་གི་འདུ་འཛི་དང་བྱ་བའི་བྲེལ་ཟིང་ཅི་འདྲ་ཆེ་རུང་འུ་ཅག་གི་བརྩེ་བའི་ཕྱི་ཐག་རི་མོ་ཡིད་དུ་འོང་བ་དེ། བརྡ་འཕྲིན་གྱིས་བསླུ་བྲིད་མི་ཐུབ་ལ། དུས་ཚོད་ཀྱི་སད་ཀྱིས་བཅོམ་མི་ཐུབ། ཁྱོད་ཀྱིས་དྲན་ནམ། མཐོ་འབྲིང་སྐབས་སུ་འུ་ཅག་གིས་གོ་རེ་སྐྱ་ཐོ་དང་རྩམ་སྐྱ་མཉམ་ཟ་བྱེད་ཞོར་ཕན་ཚུན་ལ་སེམས་གཏམ་གྱི་འོ་ཇ་འདྲེན་རེས་བྱས་ནས་ད་ཚོད་བར་དུ་ཐོན་པ་འདི་ནི། བརྩེ་འདང་ཟབ་པ་ཙམ་ཞིག་ག་ལ་ཡིན། ཁྱོད་ལྟ་བུའི་གྲོགས་པོ་ང་ལ་མང་པོ་མེད། འགའ་ཞིག་ཡོད་པ་ནི་ཁྱོད་དང་འདྲ་བར་དཔེ་ཀློག་ལ་དགའ་ཞིང་། སྙན་ངག་འབྲི་རྒྱུར་དུང་པ་དང་དགའ་ཕྱོགས་འདི་ནི་མ་གྲོས་གཅིག་མཐུན་ཡིན་པ་ལ་རག་ལས་ཡོད་པར་སེམས།
དེ་དུས་ང་ཚོས་དཔེ་ཀློག་བྱེད་ཞོར་མ་འོངས་པའི་ཕུགས་བསམ་གླེང་བ་དྲན་ནམ། ད་སྐབས་སློབ་གྲོགས་མང་པོ་ཞིག་གིས་ཕུགས་བསམ་བརྗེད་འདུག་ལ། དཔེ་ཀློག་ཡང་བྱེད་ཀྱིན་མི་འདུག ཁྱོད་ཀྱིས་དཔེ་ཀློག་དོར་མེད་པ་ང་ཡིས་ཤེས་ཡོད། ད་དུང་ཁྱོད་ཀྱིས་སྔོན་ཆད་ང་ལ་འདི་ལྟར་ལབ་པ་དྲན་ནམ། སློབ་ཆེན་མཐར་ཕྱིན་དུས་ཕྱིར་རྩྭ་ཐང་དུ་ལོག་ནས་འབྲོག་པ་བྱེད་རྩིས་ཡིན། རྫི་བོ་བྱེད་ཞོར་བརྩམས་སྒྲུང་མང་པོ་འབྲི་རྒྱུ་ཡིན། ཚེ་མཇུག་ལ་དཔེ་ཀློག་ཙག་ཙིག་རེ་བྱེད་ཞོར་འཚོ་བ་སྟབས་བདེ་ཞིག་རོལ་ཐུབ་སོང་ན་ཆོག་ཞེས་པའི་སྐད་ཆ་འདི་ངའི་སེམས་ལ་རྡོ་བརྐོས་རི་མོ་བཞིན་བརྗེད་མི་ཐུབ་པ་ཞིག་རེད། དྲང་མོར་ལབ་ན། དཔེ་ཀློག་ནི་ཧ་ཅང་གལ་ཆེན་ཞིག་རེད། ངའི་སྔོན་ཆད་འདེམས་པའི་ཆེད་ལས་རི་མོ་ཡིན་རུང་། ལོ་འདི་གར་དཔེ་ཀློག་ཁོ་ན་འབད་ཁུལ་བྱེད་ཀྱིན་ཡོད་ལ་ལྷག་ཏུ་བརྩམས་སྒྲུང་ཕྱོགས་ལ་འབད་ཁུལ་བྱེད་ཀྱིན་ཡོད། ཉེ་ལམ་བོད་ལ་གཞོན་སྐྱེས་རྩོམ་པ་པོ་སྐར་ཚོགས་ས་ལ་བཀྲམ་པ་ནང་བཞིན་མང་པོ་བྱུང་གིན་འདུག་མོད། བརྩམས་སྒྲུང་འབྲི་མཁན་ཧ་ཅང་ཉུང་ཉུང་རེད། དེ་བས། འདིས་ཕྱོགས་ལ་འབད་འདོད་ཤིན་ཏུ་གལ་ཆེ་ལ། ཁྱོད་ཡང་དེ་བཞིན་བརྩམས་སྒྲུང་འབྲི་བ་ལ་དགའ་བ་དང་། ཉེ་ཆར་བརྩམས་སྒྲུང་འགའ་རེ་འབྲི་བཞིན་པ་གོ་ཐོས་བྱུང་ཐལ། འུ་ཅག་སློབ་ཆེན་མཐར་ཕྱིན་ནས་སྤྱི་ཚོགས་འཚོ་བ་དངོས་ལ་ཟབ་ཞུགས་གནང་སྐབས་དཀའ་སྡུག་གི་ལོ་ཟླ་ཕྲག་ཏུ་ཁུར་ནས། མི་ཁའི་ཙག་ཤུད་ལ་གདོང་བཅར་ཐུབ་མཁན་ཤིན་ཏུ་ཉུང་ལ། མཐར་ཕྱིན་རྗེས་དཔེ་ཀློག་ཐུབ་མཁན་དེ་བས་ཉུང་ཉུང་རེད།
སློབ་ཆེན་མཐར་ཕྱིན་རྗེས་ཁྱོད་འབྲོག་པ་ཞིག་བྱེད་མ་ཐུབ་ལ། ང་རི་མོ་བ་ཞིག་བྱེད་མ་ཐུབ། འོན་ཀྱང་། འུ་གཉིས་ཀྱིས་མུ་མཐུད་དུ་དཔེ་ཀློག་བྱེད་ཀྱིན་ཡོད་ལ་སྙན་ངག་འབྲི་བཞིན་ཡོད། ཐེའུ་རང་གིས་བཤད་པ་བཞིན་སྙན་ངག་གིས་ཁ་མི་སོས་ཀྱང་། སྙན་ངག་གིས་དབང་ཤེས་གསོ་ཐུབ་ཞེས་པས་ཚིག་འདི་ཚད་མར་འཛིན་པ་དང་། དཔེ་ཀློག་དང་རྩོམ་འབྲི་ཁོ་ནས་བསྐྱལ་བའི་ལོ་ཟླ་དེ་དག་ནི་འུ་གཉིས་ལ་མཚོན་ན་ཅི་འདྲའི་རིན་ཐང་ལྡན་པ་རེད། དེ་བཞིན་ཁྱོད་ནི་ནང་སེམས་སྙི་མོ་ཅན་ཞིག་ཡིན་ལ། ཁྱོའི་སྙན་ངག་རེ་རེས་ནང་དུ་སྐྱོ་བ་དང་སེམས་ཁྲལ་གྱིས་གང་ཡོད། དེ་ཡང་ཁྱོད་གཞན་ལས་རིགས་ཞེན་ཅན་ཞིག་དང་སེམས་ཁུར་ཅན་ཞིག་ཡིན་པ་ཤེས་ཐུབ་ལ། དགེ་རྒན་བདུད་ལྷ་རྒྱལ་གྱིས་བཤད་ན། ཁེར་རྐྱང་དང་སྐྱོ་བས་གྲུབ་པའི་སྙན་ངག་ནི་སྙན་ཡག་ཤོས་རེད་ཞེས་བརྗོད་པ་བཞིན། ངས་ཀློག་དུས་ཁྱོས་སྙན་ངག་མང་ཕྱོགས་ཁེར་རྐྱང་གི་ཚོར་བ་ཆེན་པོ་ཡོད་ས་ཞིག་རེད་འདོད། འདི་བསམ་ཚུལ་ཙམ་ཡིན། དེ་བཞིན་དུ་འཛམ་གླིང་གི་རྩོམ་པ་པོ་སུ་ཡིན་ཡང་རྩོམ་རིག་གི་ཆེད་དུ་མགོ་འབུལ་ལུས་འབུལ་བྱེད་པའི་སྙིང་སྟོབས་ལྡན་ལ། རྩོམ་རིག་གི་ཆེད་དུ་ཡོད་ཚད་བློས་གཏོང་བའི་ཕུགས་བསམ་ཡོད་པ་ཇི་བཞིན་དུ། ང་ཚོས་ཡང་རྩོམ་རིག་གི་ཆེད་དུ་མང་པོ་ཞིག་བློས་གཏོང་ཐུབ་དགོས།
ད་སྐབས་མཚན་མོའི་ཆུ་ཚོད་གསུམ་པར་སླེབས་ཏེ་ནམ་རྒྱུན་ཉལ་བའི་དུས་སུ་ཡོལ་འདུག་པ་དང་། གནས་སྐབས་འདི་ནས་མཚམས་འཇོག་རྒྱུ་ཡིན། མཐར་ཁྱེད་ཀྱི་ལུས་ལ་ན་ཚ་མེད་པ་དང་སེམས་ལ་སྡུག་བསྔལ་མེད་པ། ལྷག་ཏུ་མ་འོངས་པ་ན་ཁྱེད་ཀྱིས་རྩོམ་རིག་གསར་རྩོམ་ལ་སྔར་ལས་ཤུགས་རྒྱག་ཐུབ་པ་དང་། ཁྱེད་ཀྱི་སྨྱུག་རྩེ་རུ་བརྩམས་ཆོས་རླབས་པོ་ཆེ་མང་པོ་འཁྲུངས་པར་སྨོན་འདུན་ཞུ་ཞུ།2019-7-28ཉིན་ཧྲང་ཧེ་ནས་བྲིས།