“ཁྱིམ་གྱི་ཉེ་འགྲམ་དུ་སྨན་བཅོས་བྱེད་ཐུབ་པ”ལ་བློ་བཟང་ཉི་མས་བསྟོད་བསྔགས་ཡང་ཡང་བྱས།
ཟླ10པའི་ཚེས21ཉིན། བློ་བཟང་ཉི་མ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཚོམས་ཆེན་དུ་ཐོན། ཚོམས་ཆེན་ཡངས་ཤིང་གྲ་འགྲིག་ལ་གྱང་ངོས་སུ་བདེ་ཐང་སྐོར་གྱི་དྲིལ་སྒྲོག་རི་མོ་བཀལ་ཡོད། སྨན་བཅོས་སྣེ་ཁྲིད་སྟེགས་བུའི་ནད་གཡོག་མས་འཛུམ་དམུལ་དམུལ་གྱིས་ཁོང་ལ་འཚམས་འདྲི་བྱས་པ་དང་སྤྲོ་སེམས་འཁོལ་བའི་ངང་ཁོང་གི་དགོས་མཁོ་དྲིས།
“ཨ་མྱེས། ཁྱེད་ཀྱིས་ཚན་ཁག་གང་ལ་སྟོན་རྒྱུ་ཡིན། ངས་ཁ་པར་སྟེང་ནས་ཁྱེད་ལ་ཨང་ཐོ་འགོད་རོགས་བྱེད་ཆོག” ནད་གཡོག་ཅིག་གིས་སྤྲོ་སེམས་འཁོལ་བའི་ངང་དེ་ལྟར་དྲིས།
“བུ་མོ་བཀའ་དྲིན་ཆེ། དེ་རིང་ང་རང་སྐེད་པ་དང་རྐང་བར་ཡང་བསྐྱར་ཞིབ་བཤེར་དུ་ཡོང་བ་ཡིན། དེ་མིན་སྨན་ཅུང་ཙམ་བླངས་ནས་མུ་མཐུད་དུ་ལུས་ཕུང་གསོ་བསམ་པ་ཡིན།” བློ་བཟང་ཉི་མས་ཨ་ལན་སློག་བཞིན་མིག་ནང་དུ་ཡིད་ཚིམ་པའི་མདངས་ཤིག་ཤར་ཡོད་ལ། ཞབས་ཞུའི་རྣམ་འགྱུར་ལེགས་ཤིང་གོ་ཆོད་སྟབས་བདེར་བཟོས་ཡོད་པ་ནི་སྨན་བཅོས་བཅོས་བསྒྱུར་ལས་ཐོབ་པའི་ཁོའི་ཐད་ཀར་གྱི་མྱོང་ཚོར་རེད།
སྔོན་ཆད་བློ་བཟང་ཉི་མས་རྩྭ་ཐང་དུ་ཕྱུགས་འཚོས་མྱོང་ལ། ལོ་ན་རྒས་རྗེས་བུས་ཁོ་ལ་གྲོང་ཁྱེར་དུ་ཁང་པ་ཞིག་ཉོས་ཡོད་པས། ཚེ་མཇུག་སྐྱིད་པོ་ཞིག་རོལ་ཆོག་མོད། འོན་ཀྱང་ཁོ་རང་རྟག་ཏུ་སྐེད་པ་དང་པུས་མོ་ན་བའི་དཀའ་ངལ་ལ་འཕྲད་ཡོད།
སྔོན་ཆད་ཐུན་རིན་གྲོང་ཁྱེར་གྱི་སྨན་བཅོས་ཆ་རྐྱེན་ཞན་པས། བློ་བཟང་ཉི་མ་ལུས་ཕུང་མི་བདེ་བའི་སྐབས་སུ་དུས་ཚོད་འགའ་ལ་རླངས་འཁོར་དུ་བསྡད་དེ་ཞིང་ཆེན་སྨན་ཁང་ལ་ནད་སྟོན་དུ་སོང་བ་ཡིན། ཨང་ཐོ་འགོད་སར་རྟག་ཏུ་གྲལ་ཕྲེང་རིང་པོ་བསྒྲིག་དགོས་པར་མ་ཟད། སྨན་བཅོས་བྱེད་པར་སྒུག་ཡུན་དེ་བས་ཀྱང་རིང་། ཕར་རྒྱུག་ཚུར་རྒྱུག་བྱས་ན་དུས་ཚོད་དང་སེམས་ཤུགས་ཟད་པར་མ་ཟད་དཔལ་འབྱོར་གྱི་ཁུར་པོ་ཡང་ཇེ་ལྕི་རུ་ཕྱིན། སྐབས་དེར་ཁོ་རང་སེམས་ཕངས་ནས“ནད་ལ་བལྟས་ན་འདི་འདྲའི་དཀའ་དོན་ཅི་ཡིན”ཞེས་སྨྲེ་ངག་གང་མང་བཏོན་མྱོང་།
བློ་བཟང་ཉི་མས་སྨན་པར་སྟོན་པའི་བརྒྱུད་རིམ་དེ་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཡོན་ཀྲང་ཝང་ཞའོ་མིང་གིས་ར་སྤྲོད་བྱེད་ཐུབ། སྨན་བཅོས་བཅོས་བསྒྱུར་མ་བྱས་གོང་། ཐུན་རིན་གྱི་གཞུང་བཙུགས་སྨན་ཁང་གི་འཕེལ་རྒྱས་རྗེས་ལུས་ཡིན་པས་ནད་པ་མང་པོ་ཞིག་དུས་ཡུན་འགྱངས་ཤིང་དཀའ་ཚེགས་ཆེ་བའི་ནད་སྟོན་བགྲོད་ལམ་དུ་མི་ཞུགས་ཀ་མེད་རེད།
གྲོང་ཁྱེར་ཡོངས་ཀྱི་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་དང་སྨན་བཅོས་ཐུན་མོང་སྒྲིག་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། 2022ལོའི་ཟླ2པར་ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྨན་བཅོས་ལས་ཁུངས་ཀྱི་མི་དང་རྒྱུ་ནོར། སྒྲིག་ཆས་གསུམ་ནུས་ལྡན་སྒོས་ཧྲག་སྡེབ་བྱས་ཏེ། གྲོང་ཁྱེར་རིམ་པའི་ཀྲུང་ལུགས་སྨན་ཁང་འཛུགས་རྒྱུ་གཏན་འབེབས་བྱས་པ་དང་འབྲེལ། ཐུན་རིན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཞང་གྲོང་འཕྲོད་བསྟེན་ཁང13དང་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱས།
སྨན་བཅོས་བཅོས་བསྒྱུར་གྱི་དཔྱིད་རླུང་དེ་ཐུན་རིན་དུ་ཤེས་མེད་ཚོར་མེད་ངང་ལྡང་བས། ས་དེའི་མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཡངས་ཤིང་གསལ་བའི་ཚོམས་ཆེན་དང་གྲ་དག་པའི་ནད་ཁང་། རྒྱལ་ནང་དང་རྒྱལ་སྤྱིའི་སྨན་བཅོས་སྒྲིག་ཆས་རྩེ་གྲ། ཡིག་ཚགས་བཟོ་བ་དང་ཨང་ཐོ་འགོད་པ། སྨན་རིན་སྤྲོད་པ་བཅས་གཞི་གཅིག་ཡིན་པའི་གྲངས་ཀ་ཅན་གྱི་མཐའ་སྣེ་བཅས་ལས་ཐུན་རིན་གྲོང་ཁྱེར་གྱི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་གསལ་པོར་མངོན་ཐུབ།
ད་ལྟ། བློ་བཟང་ཉི་མས“ད་སྐབས་ནད་སྟོན་པར་སྟབས་བདེ་རེད། ཁྱིམ་གྱི་སྒོ་འགྲམ་དུ་སྨན་བཅོས་ཞབས་ཞུ་ཡག་པོ་དེ་འདྲ་ལོངས་སུ་སྤྱོད་ཐུབ། ངས་ཀྱང་སྨན་བཅོས་འགན་བཅོལ་སྤྲད་ཡོད། དེ་རིང་གི་ཞིབ་བཤེར་རྣམ་གྲངས་དང་སྨན་རྫས་ཚང་མ་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་སུ་ཡོད་པས་སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱས་སོང་། དངོས་གནས་རིན་གོང་བདེ་ལ་ཕན་ཐོགས་པས་མི་སེམས་བདེ་རུ་འཇུག་ཐུབ”ཅེས་བསྟོད་བསྔགས་བྱས།
ཝང་ཞའོ་མིང་ནི་ཐུན་རིན་གྲོང་ཁྱེར་གྱི་སྨན་བཅོས་བཅོས་བསྒྱུར་གྱི་དཔང་པོ་ཡིན། ཁོས་བལྟས་ན། སྨན་བཅོས་ཐོན་ཁུངས་ཀྱི་བཀོད་པ་ལེགས་འགྱུར་དང་། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན། སྨན་བཅོས་ཆ་རྐྱེན་ལེགས་བཅོས། སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོར་འདེགས། སྨན་བཅོས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ནི་སྨན་བཅོས་བཅོས་བསྒྱུར་གྱི་ལས་འགན་གཙོ་བོ་རེད།
ད་ལྟ་ཐུན་རིན་ལ་གྲོང་ཁྱེར་རིམ་པའི་སྨན་ཁང་ཡོད་པས་ནད་པ་མང་པོ་ཞིག་གིས་ཉེ་འགྲམ་དུ་སྨན་པར་སྟོན་པའི་སྟབས་བདེའི་སྨན་བཅོས་ཞབས་ཞུ་མྱོང་ཐུབ། ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་སྨན་ཁང་དང་ཡང་ན་ཞིང་ཆེན་གཞན་དུ་སྨན་བཅོས་བྱེད་དུ་འགྲོ་མི་དགོས་པས་དུས་ཚོད་མང་པོ་མི་དགོས་ལ་རིན་གོང་ཡང་སླ། གྲོང་ཁྱེར་རིམ་པའི་སྨན་ཁང་བཙུགས་པ་དེས་སྨན་ཁང་ཆེ་གྲས་ཀྱི་ནད་པ་བགོས་ཡོད། དེ་ལྟར་བྱས་ཚེ། རྒྱུན་མཐོང་ནད་དང་ཕོག་སླའི་ནད་ཀྱི་ནད་པ་མང་པོར་གཞི་རིམ་ནས་སྨན་བཅོས་བྱེད་ཆོག་ལ། སྨན་ཁང་ཆེ་གྲས་ཀྱིས་སེམས་ནུས་གཅིག་བསྡུས་ཀྱིས་བཅོ་དཀའ་བའི་ནད་ལྕི་མོ་བཅོས་ཆོག་པས། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་ཀྱིས་སྨན་བཅོས་ཀྱི་ཕན་འབྲས་ཇེ་ཆེར་བཏང་ཡོད།
“ད་ལྟ། ང་ཚོ་སྨན་ཁང་གི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཀྱང་ཁུལ་རིམ་པ་དང་ཞིང་ཆེན་རིམ་པའི་སྨན་ཁང་ལས་མཐོ། དེའང་རྒྱལ་ཁབ་ཀྱིས་སྲིད་ཇུས་ལ་བརྟེན་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ནད་པས་སྔོན་ལ་གཞི་རིམ་དུ་སྨན་བཅོས་བྱེད་པར་སྐུལ་མ་བཏང་ནས། ནད་ཡང་མོ་ཅན་སྨན་ཁང་ཆེ་གྲས་སུ་འགྲོ་མི་དགོས་པར་བྱས་པས། སྨན་ཁང་ཆེ་གྲས་ཀྱི་སྨན་བཅོས་གནོན་ཤུགས་ཆེ་བ་དང་སྨན་ཁང་ཆུང་གྲས་ལ་སྟོན་མཁན་མེད་པའི་རྣམ་པ་བསྒྱུར་ནས། སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བགོས་པ་དང་བེད་སྤྱད་ཡོད”ཅེས་ཝང་ཞའོ་མིང་གིས་དེ་ལྟར་བཤད།
སྨན་བཅོས་བཅོས་བསྒྱུར་གྱིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཐུན་རིན་གྲོང་ཁྱེར་དུ་ཕྱོགས་པར་སྐུལ་འདེད་བཏང་ནས་ས་དེའི་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་ཡོད། “ལོ་འདི་འགའི་རིང་ལ། ང་ཚོས་ཕུལ་བྱུང་གི་སྨན་བཅོས་འཇོན་མི་ནང་འདྲེན་བྱས་ཏེ། ཕྱི་རྒྱལ་གྱི་སྨན་པར་རྗེས་རེས་དང་མཉམ་ལས་བྱེད་པར་ཤུགས་བསྣན་པས། ང་ཚོའི་དཀའ་གནད་ཐག་གཅོད་རོགས་བྱས་པ་དང་མང་ཚོགས་ཀྱིས་རང་ཁྱིམ་གྱི་ཉེ་འགྲམ་ནས་སྨན་བཅོས་ལེགས་པོ་བྱེད་ཐུབ་ལ། ང་ཚོས་ཀྱང་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་དོ་དམ་ཉམས་མྱོང་སློབ་སྦྱོང་བྱེད་ཐུབ།”
“པའེ་ཆིའུ་ཨེན་གྱི་བགྲོད་ལམ་དུ་ཡང་བསྐྱར་བསྐྱོད་པ་ལས་མཚོ་སྔོན་དུ་བསྐྱོད་པ”ཡི་འཐུས་མི་ཚོགས་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ14ཡིས་སྨན་ཁང་གི་ནད་པར་འོས་འགན་སྨན་བཅོས་བྱས། གྲོང་མི་ལི་ཡུའེ་ཚང་གི་ཀླད་པར་ཆུ་སེར་གསོག་པའི་བྱིས་པ་ཁྲེན་ཁྲེན་ལ་ཐེངས་དེའི་འོས་འགན་སྨན་བཅོས་ལས་ཕན་པ་ཐོབ། ཟླ9པར་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་འབྲེལ་ཟམ་འཕངས་པ་བརྒྱུད།ཕྱི་རྒྱལ་གྱི་ཆེད་མཁས་པས་ཁྲེན་ཁྲེན་གྱི་གནས་ཚུལ་མཐོང་རྗེས་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་འབྲེལ་སྨན་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་བཟོས་པས་ཁྲེན་ཁྲེན་གྱི་ནད་རིམ་གྱིས་ཇེ་བཟང་དུ་སོང་།
གཞན་ཡང་ཤར་ནུབ་རྒྱུད་རོགས་ལས་བྱས་པ་བརྒྱུད།སྨན་ཁང་གིས་ཅང་སུའུ་ཞིང་ཆེན་ཆི་ཏུང་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ཏེ།“རྒྱང་ཁྲིད་སྙིང་འཕར་བརྟག་དཔྱད་ལྟེ་གནས”དང“རྒྱང་ཁྲིད་གཟུགས་བརྙན་ལྟེ་གནས”བདེ་བླག་གིས་བཙུགས་པས།དུས་ཚོད24ཡི་ནང་སྒོ་བསྟེན་སྨན་ཁང་དང་སྡོད་བཅོས་ནད་པའི་སྙིང་འཕར་གློག་རིས་དང་གཟུགས་བརྙན་སྙན་ཞུར་ནད་བརྟག་ཡང་དག་བྱེད་ཐུབ།ཐེན་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་དང་ཞིང་ཆེན་ནང་ཁུལ་གྱི་ཀ་རིམ་གསུམ་པའི་སྨན་ཁང་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།སྤུས་ལེགས་སྨན་བཅོས་ཐོན་ཁུངས་ནང་འདྲེན་བྱས་པས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ནད་བརྟག་ཆུ་ཚད་དང་ནུས་པ་ཇེ་ཆེར་ཕྱིན།
བཅོས་བསྒྱུར་ལ་ད་ལྟ་བ་ལས་ནམ་ཡང་འདས་ཟིན་པ་ཞིག་མེད། ཝང་ཞའོ་མིང་གིས་ཐུན་རིན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཁྲི་བཅུ་ལྷག་ལ་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ཞུ་བའི་འགན་འཁུར་ཡོད།ཕྱོགས་གཅིག་ནས་དུས་ལྟར་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བ་དང་།“བརྒྱུད་རོགས་ཁྲིད་གསུམ”བྱས་ནས་གྲོང་གསེབ་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣའི་ལས་སྒོའི་ཆུ་ཚད་ཇེ་མཐོར་བཏང་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཧེ་བག་ཇེ་ཆུང་དུ་གཏོང་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་རྒན་རྒོན་དང་དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་སྨན་བཅོས་དགོས་མཁོར་མཐོང་ཆེན་བྱས་ཏེ།རང་གཤིས་ཅན་གྱི་སྨན་བཅོས་ཞབས་ཞུ་དང་ལུས་གསོའི་བདག་སྐྱོང་མཁོ་འདོན་བྱས་ནས་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སྔར་ལས་ལེགས་པར་བསྐང་རྒྱུ་དང་།སྤྱི་ཚོགས་དྲང་གཞག་དྲང་བདེན་དང་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་ཐུབ་ཟེར། །
END
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།