ཁྱིམ་ཚང་གི་འཚོ་བའི་འགྲོ་གྲོན་ལས་བརྒལ་བའི་བུ་ལོན་དེ་བཟའ་ཟླའི་ཐུན་མོང་བུ་ལོན་དུ་གཏོགས་སམ།
གྲོགས་པོའི་དངུལ་འབོར་ཆེན་ཞིག་འཁོར་སྐྱོད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱ་ཆེད། འབྲུག་འབུམ་གྱིས་མི་སྒེར་གྱི་མིང་ཐོག་ནས་ཚེ་དཔལ་གྱི་ལག་ནས་སྒོར་ཁྲི150བསྐྱིས། རྗེས་སུ་གྲོགས་པོའི་མ་རྩ་རྡིབ་པ་དང་ཁོ་གཉིས་ཀྱི་འབྲེལ་ཐག་ཆད། བུ་ལོན་འཇལ་བའི་དུས་ལ་བབས་རྗེས་འབྲུག་འབུམ་གྱིས་བུ་ལོན་འཇལ་མ་ཐུབ། ཚེ་དཔལ་གྱིས་འབྲུག་འབུམ་ལ་ཐེངས་འགར་དེད་ཀྱང་ངལ་བ་འབྲས་མེད་དུ་གྱུར་མཐར། ཚེ་དཔལ་གྱིས་འབྲུག་འབུམ་གྱི་ཆུང་མ་བདེ་སྐྱིད་ལ་དེད། བདེ་སྐྱིད་ཀྱིས་མོས་འབྲུག་འབུམ་གྱིས་བུ་ལོན་བླངས་པའི་དོན་དེའི་གནས་ཚུལ་ཟུར་ཙམ་ཡང་ཤེས་མེད་པས་བུ་ལོན་འཇལ་བའི་འགན་འཁུར་རྒྱུ་ཁས་མ་བླངས། དེ་ན་འབྲུག་འབུམ་གྱིས་ཚེ་དཔལ་གྱི་ལག་ནས་བསྐྱིས་པའི་བུ་ལོན་སྒོར་ཁྲི150པོ་དེ་འབྲུག་འབུམ་དང་བདེ་སྐྱིད་གཉིས་ཀའི་ཐུན་མོང་གི་བུ་ལོན་ཡིན་ནམ།
གྱོད་དོན་འདིའི་རྩོད་གཞི་ནི་འབྲུག་འབྲུམ་གྱིས་ཚེ་དཔལ་གྱི་ལག་ནས་བསྐྱིས་པའི་བུ་ལོན་སྒོར་ཁྲི150པོ་དེ་བཟའ་ཟླ་གཉིས་ཀའི་ཐུན་མོང་བུ་ལོན་དུ་གཏོགས་མིན་ལ་ཐུག་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། བཟའ་ཟླ་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་གྱི་འགྲོ་གྲོན་ལས་བརྒལ་བའི་བུ་ལོན་བླངས་པ་དེ། བཟའ་ཟླའི་ཐུན་མོང་བུ་ལོན་དུ་མི་གཏོགས། གྱོད་དོན་འདིའི་ནང་དུ། འབྲུག་འབུམ་གྱི་དངུལ་བུན་ནི་སྒོར་ཁྲི150ཡིན་ལ། དེ་ཉིན་རྒྱུན་འཚོ་བའི་འགྲོ་གྲོན་གྱི་ཁྱབ་ཁོངས་ལས་བརྒལ་ཡོད། བུ་ལོན་གཏོང་མཁན་ཡིན་པའི་ཆ་ནས་ཚེ་དཔལ་གྱིས་བུན་དངུལ་སྒོར་ཁྲི150པོ་དེ་འབྲུག་འབུམ་དང་བདེ་སྐྱིད་གཉིས་ཀའི་ཐུན་མོང་གི་འཚོ་བའི་གྲོན་དངུལ་ཐད་སྤྱད་ཡོད་པ་བདེན་དཔང་བྱས་མ་ཐུབ། དོན་དག་བྱུང་རྗེས་བདེ་སྐྱིད་ཀྱིས་ཀྱང་བུ་ལོན་དེ་ཁས་མ་བླངས་པས། བུ་ལོན་འདི་བཟའ་ཟླའི་ཐུན་མོང་བུ་ལོན་དུ་མི་གཏོགས་ལ། བདེ་སྐྱིད་ཀྱིས་སྐྱིན་ཚབ་འཇལ་བའི་འགན་འཁུར་མི་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1064པ། བཟའ་ཟླ་ཕྱོགས་གཉིས་ཀས་མཉམ་དུ་མིང་རྟགས་བཀོད་པའམ་ཡང་ན་བཟའ་ཟླ་ཕྱོགས་གཅིག་གིས་རྗེས་བྱུང་ཁས་ལེན་བྱས་པ་སོགས་ཐུན་མོང་གི་འདོད་བློའི་བསྟན་དོན་ཡིན་པའི་བུ་ལོན་དང་། བཟའ་ཟླ་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་འགྲོ་གྲོན་ཐད་སྤྱོད་པར་བླངས་པའི་བུ་ལོན་དེ་བཟའ་ཟླའི་ཐུན་མོང་བུ་ལོན་དུ་གཏོགས་པ་ཡིན།
བཟའ་ཟླ་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་འགྲོ་གྲོན་ལས་བརྒལ་བའི་བུ་ལོན་བླངས་པ་ཡིན་ན། བཟའ་ཟླའི་ཐུན་མོང་བུ་ལོན་དུ་མི་གཏོགས། ཡིན་ནའང་། བུན་བདག་གིས་བུ་ལོན་དེ་ཉིད་བཟའ་ཟླའི་ཐུན་མོང་གི་འཚོ་བ་དང་ཐུན་མོང་གི་ཐོན་སྐྱེད་གཉེར་སྐྱོང་ངམ་ཡང་ན་བཟའ་ཟླ་ཐུན་མོང་གི་འདོད་བློའི་བསྟན་དོན་ཐད་སྤྱད་པ་ཡིན་པ་བདེན་དཔང་བྱེད་ཐུབ་པ་ཕུད།
ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་བཟའ་ཟླའི་ཐུན་མོང་བུ་ལོན་སྐོར་གྱི་གཏན་འབེབས་རེད།
བཟའ་ཟླའི་ཐུན་མོང་བུ་ལོན་ཞེས་པ་ནི་བཟའ་ཟླ་ཐུན་མོང་གི་འཚོ་བའི་དགོས་མཁོ་ཐད་བླངས་པའི་བུ་ལོན་ལ་གོ བཟའ་ཟླའི་ཐུན་མོང་བུ་ལོན་ངོས་འཛིན་བྱེད་པའི་བྱེ་བྲག་གི་ཚད་གཞི་ནི་གཤམ་གསལ་སྟེ། (གཅིག)བཟའ་ཟླ་ཕྱོགས་གཉིས་ཀས་མཉམ་དུ་ངོས་འཛིན་བྱས་པའམ་ཡང་ན་བཟའ་ཟླ་ཅིག་ཤོས་ཀྱིས་ངོས་འཛིན་བྱས་རྗེས། ཕྱོགས་གཞན་དེའི་རྗེས་བྱུང་ཁས་ལེན་བྱེད་པ་སོགས་བརྒྱུད་དེ་ཐུན་མོང་གི་འདོད་བློའི་སྟེང་བླངས་པའི་བུ་ལོན། བཟའ་ཟླ་ཕྱོགས་གཉིས་ཀས་བུ་ལོན་དེ་ཕྱོགས་གཉིས་ཀའི་བུ་ལོན་ནམ་མི་སྒེར་གྱི་བུ་ལོན་ཡིན་པ་ཁ་ཆད་བྱེད་ཆོག གལ་ཏེ་བུ་ལོན་ལེན་སྐབས། བཟའ་ཟླའི་ཐུན་མོང་གི་ཁ་ཆད་མེད་ཀྱང་། བུ་ལོན་བླངས་རྗེས་བཟའ་ཚང་གིས་རྗེས་བྱུང་ཁས་ལེན་བྱས་ཚེ་བཟའ་ཟླའི་ཐུན་མོང་བུ་ལོན་དུ་བརྩི་བ་ཡིན། (གཉིས།)བཟའ་ཟླ་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་དགོས་མཁོ་ཐད་སྤྱོད་པར་བླངས་པའི་བུ་ལོན། དཔེར་ན་འཚོ་བའི་མཁོ་དངོས་ཉོ་བ་དང་སྨན་བཅོས་གྲོན་དངུལ་སོགས་ལྟ་བུ་ནི་བཟའ་ཟླའི་ཐུན་མོང་བུ་ལོན་དུ་གཏོགས་པ་ཡིན།
བཟའ་ཟླ་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་དགོས་མཁོ་ལས་བརྒལ་བའི་བུ་ལོན་བླངས་པ་ཡིན་ན། བཟའ་ཟླའི་ཐུན་མོང་བུ་ལོན་དུ་མི་གཏོགས་པ་ཡིན། གཤམ་གྱི་བུ་ལོན་ནི་ཕྱོགས་གཅིག་གི་མི་སྒེར་གྱི་བུ་ལོན་དུ་གཏོགས་པ་སྟེ། (གཅིག)ཕྱོགས་གཉིས་ཀས་མི་སྒེར་གྱིས་འགན་འཁུར་རྒྱུ་ཁ་ཆད་བྱས་ཡོད་པའི་བུ་ལོན་ཏེ། ཡིན་ཡང་བུ་ལོན་འཇལ་རྒྱུར་བྱོལ་བའི་དམིགས་ཡུལ་ཡོད་ན་ཕུད། (གཉིས།)ཕྱོགས་གཅིག་གིས་ཕ་རོལ་བ་འཐད་པ་བྱུང་མེད་པའི་གནས་ཚུལ་འོག རང་འདོད་ལྟར་རང་དང་སྙོར་སྐྱོང་གི་འོས་འགན་མེད་པའི་གྲོགས་མཛའ་བཤེས་ཀྱི་བུ་ལོན་འཇལ་རོགས་བྱེད་པ། (གསུམ།)ཕྱོགས་གཅིག་གིས་ཕ་རོལ་བ་འཐད་པ་བྱུང་མེད་པའི་གནས་ཚུལ་འོག རང་གཅིག་པུས་གཉེར་སྐྱོང་བྱ་འགུལ་ཐད་སྤྱོད་རྒྱུ་དང་། དེའི་ཡོང་སྒོ་ཐུན་མོང་གི་འཚོ་བའི་ཐད་སྤྱད་མེད་པར་བླངས་པའི་བུ་ལོན། (བཞི།)ཕྱོགས་གཅིག་གིས་གཉེན་མ་བསྒྲིགས་པའི་སྔོན་ལ་བླངས་པའི་བུ་ལོན། (ལྔ།)ཕྱོགས་གཅིག་གིས་རང་གི་སྒེར་འདོད་བསྐང་ཆེད་བག་མེད་ཆུད་ཟོས་སུ་བཏང་བའི་ཐད་སྤྱད་པའི་བུ་ལོན། (དྲུག)བཟའ་ཟླ་ཁ་ཁར་སྡོད་ཡུན་ནང་བླངས་པའི་བུ་ལོན། (བདུན།)མི་སྒེར་གྱིས་འཇལ་འོས་པའི་བུ་ལོན་གཞན་དག་བཅས་སོ། །
འདྲ་པར་མནན་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཀློགས།